ནུབ་རྒྱ་མཚོའི་ཕར་ཁ་ཚུར་ཁ།

ཨ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་(སྟོད་ཆ་)བསྒྱུར་པའི་ཟིན་བྲིས། མི་ལ་ཙི་ཙི། དགུ། “ཤེས་རབ་རྒན་པོ།”

དེ་ཡང་། ཚྭ་དམ་རྒྱལ་པོའི་སྲས་འཇང་ཕྲུག་གིས་ཐོག་ལག་པས་བཟུང་བས་མིང་ལ་གཡུ་ལྷ་ཐོག་འཛིན་དུ་གྲགས་ཟེར་བའི་གཏམ་རྒྱུད་དེ་འུ་ཚོར་རྒྱུས་ཆེ། འོན་ཀྱང་ཨ་མེ་རི་ཀའི་ཧྥུ་རན་ཁི་ལིན་ཟེར་བ་དེས། དངོས་སུ་ཐོག་ལག་པས་བཟུང་སྟེ་འཛམ་གླིང་ཁ་གདངས་མིག་ཅེར་དུ་བཏང་བ་རེད། འུ་ཚོས་རིམ་པར་བལྟ་ཡོང་།

1753ལོའི་འབྲུག་ལྡིར་གློག་འཁྱུག་གི་ཉིན་ཞིག །འཆི་རྒྱུར་ཡང་མི་འཚེར་བར། ཧྥུ་རན་ཁི་ལིན་གྱིས་གནམ་གློག་འཛིན་པར་ཚོད་ལྟ་བྱས། འུ་ཚོའི་བཤད་སྟངས་ལྟར་ན་ཐོག་ལག་པས་བཟུང་ཟེར་བ་དེ་རེད། དེར་ཁོས་ཀླད་ལ་ལྕགས་སྐུད་རིང་པོ་གཟེར་བའི་ཤོག་བྱ(དོན་ལ་ཤོག་བྱ་བཟོ་སྤྱད་ཀྱི་རྒྱུ་རས་སུ་བྱས་པ་རེད)ཞིག་བར་སྣང་དུ་བཏང་སྟེ། གློག་འགྱུ་ཤར་གཅིག་ཤོག་བྱའི་འཐེན་ཐག་བརྒྱུད་ནས་མར་སྣེའི་ས་ངོས་ཀྱི་དམ་བེ་རུ་བཅུག །ལར་དེ་རྫུན་རེད་ཟེར་མཁན་ཡོད་རུང་། དབྱིན་ཇིའི་རྫས་འགྱུར་རིག་པ་བ་ཕུ་ལེ་སི་ཐིའི(普鲁斯特)བརྩམས་ཆོས《གློག་གི་ལོ་རྒྱུས》དང་། ནང་སྒོས་ཧྥུ་རན་ཁི་ལིན་ཁོ་རང་ཉིད་ཀྱིས་བྲིས་པའི《ཧྥུ་རན་ཁི་ལིན་གྱི་མི་ཚེའི་ལོ་རྒྱུས》ནང་། ཁོ་ཕ་སྤད་གཉིས་ཀས་ཤོག་བྱ་སྤྱད་དེ་བར་སྣང་གི་གློག་འགྱུ་དུམ་གཅིག་བཟུང་བ་བྲིས་འདུག །ཁེན་ཏིས(康德)དོན་དེ་རྟོགས་རྗེས། “ཁོ་ནི་དེང་སང་གི་ཕུ་རོམ་ཧིག་སཱེ(普罗米修斯)སྟེ། མིའི་རིགས་ཀྱི་ཕྱིར་གནམ་ནས་མེ་སོན་དངོས་སུ་ལེན་མཁན་རེད”ཅེས་གདེང་འཇོག་གནང་། དེ་བཞིན་ཁོས་གནམ་གློག་དང་ས་གློག་གཉིས་གཤིབ་སྡུར་ཐོག །ཕོ་གློག་མོ་གློག་སོགས་གློག་གི་རྣམ་གཞག་གསར་ཤོས་མང་དག་བཏོན་གནང་། ཐོག་འདྲེན་ལྕགས་དབྱུག(避雷针)ཀྱང་གསར་གཏོད་གནང་། གཏམ་འདི་དག་ཐོས་རྗེས། ཨུ་རུ་སིའི“ཚན་རིག་གི་ཡབ་ཆེན”དང“རྩོམ་རིག་གི་རྗེ་བོར”བསྔགས་པའི་ལཱོ་མེན་ནོ་སིབ(罗蒙诺索夫)ཀྱིས་ངོ་མཚར་བའི་ངང་། “ཨ་རིའི་ཧྥུ་རན་ཁི་ལིན་གྱིས་གནམ་གློག་བཟུང་འདུག”ཅེས་སྐད་བརྒྱབ་ཟེར། ཡང་དོན་ལ་ཧྥུ་རན་ཁི་ལིན་ལ་ཚན་རིག་པ་ཞེས་པའི་མཚན་སྐྱེས་གསོལ་བ་དེ་གནམ་གློག་བཟུང་བ་གཅིག་པུས་ག་ལ་ཡིན། འོད་རིག་པ། ཤུགས་རིག་པ། གློག་རིག་པ། གནམ་རིག །ས་གཤིས་རིག་པ། སྐྱེ་དངོས་རིག་པ་སོགས་ཚན་རིག་ཁྱབ་ཁོངས་སོ་སོར་ཁོའི་ལག་རྗེས་ཆེ་རབས་བཤད། ཏག་ཏག་ཚན་རིག་ཚོད་ལྟར་འབྲས་བུ་སྨིན་སྒང་ཨ་རིའི་རང་བཙན་དམག་འཁྲུག་ལངས་པས། ཁོས་རང་གི་ཞིབ་འཇུག་ལོགས་སུ་བསྐྱུར་པས་མི་ཚད། དཀའ་བས་བསགས་པའི་རྒྱུ་ནོམ་ཅི་ཡོད་གསར་བརྗེའི་ཐེབས་སུ་ཕུལ་ཅིང་། དེའི་འཕྲོར“སྐམ་སའི་གྲོས་ཚོགས”སུ་ཞུགས་ཏེ། གཉིད་བཅག་ཟས་བརྗེད་དང་ཉིན་མཚན་མགོ་སྦྲེལ་ཐོག་ཕྱག་ལས་རྒྱ་ཆེར་གནང་། དེ་ལས་སྐད་གྲགས་ཆེ་བ་ནི། ལྕགས་ཀྱི་གསེང་ལ་རྣོ་བླུགས་པ་ལྟར། དེ་རིང་བར་ཨ་རིའི་སྤྱི་ཚོགས་ལ་ཤན་སྟོབས་དཔེ་མེད་འཇོག་མཁན་ཁྲིམས་ཡིག་ཆེ་གསུམ་སྟེ། 《རང་བཙན་བསྒྲགས་གཏམ》(1776)། 《ཕཱ་རི་སིའི་འགྲིག་ཆིངས》(1783)། དེ་བཞིན《ཨ་རིའི་རྩ་ཁྲིམས》(1787)བཅས་ཀྱི་ལས་ཀར་ཞུགས་ཏེ་གཞན་དྲིང་མི་འཇོག་པའི་ནུས་པ་བཏོན་པ་དེ་རེད།

(༡) མི་སེར་སྤེལ་ཡུལ་གྱི་རམ་ཟླའི་འོག །དབྱིན་ཇིས་ཧྥ་རན་སི་ཕམ་པར་བཏང་སྟེ་ལོ་ངོ7གྱི་འཐབ་འཁྲུག་ཞི། འོན་ཀྱང་མི་སེར་སྤེལ་ཡུལ་གྱི་བྱས་རྗེས་ཁས་ལེན་རྒྱུ་ལྟ་ཞོག །དབྱིན་གཞུང་གིས་དངོས་སུ་བྱང་ཨ་རིའི་གསར་བརྗེ་དྲག་གནོན་དང་། ནང་སྒོས་དམག་འཁྲུག་གི་འགྲོ་གྲོན་གསབ་ཕྱིར། དབང་ཤེད་སྤྱད་ནས་མི་སེར་སྤེལ་ཡུལ་ནས་ཁྲལ་དང་འུ་ལག་བསྡུ་བའི་འགོ་བརྩམས། དེའི་ཁྲོད་ངན་མཚང་གིས་གྲགས་པའི“ཁྲལ་རི་མོ་ཅན”(1765)སོགས་ཀྱིས་མི་སེར་སྤེལ་ཡུལ་ལ་གྱེན་རྒོལ་གྱི་ཁོང་ཁྲོ་འབར་དུ་བཅུག །དེར་ཀུན་གྱི་འདུན་པ་དང་ལེན་ཐོག །དབྱིན་གཞུང་གིས“ངོ་ལོག་མཁན”དང“བྱེད་གཏེ”ཞེས་ཆབ་སྲིད་སྤྱད་དེ་དམའ་འབེབས་བྱེད་ཀྱིན་པར་མ་བལྟས་ཏེ། བགྲེས་ལོ60ཅན་གྱི་ཧྥུ་རན་ཁི་ལིན་གྱིས་སྐམ་ས་ཆེན་པོའི་སྐྱིད་སྡུག་ཕྲག་ཏུ་བླངས་ཏེ་ནུབ་རྒྱ་མཚོ་ཆེན་པོའི་ཕར་ཁའི་དབྱིན་ཇིར་བསྐྱོད།

1766ལོའི་ཟླ2པའི་ཚེས13ཉིན། འབོད་འགུག་ལྟར་ཧྥུ་རན་ཁི་ལིན་དབྱིན་ཇིའི་གྲོས་ཚོགས་ཀྱི་འདུ་རར་ཕྱིན། ཚོམས་གཤམ་དུ་ལངས་སྡོད་དུས། ཁོར་ཁྱད་གསོད་བྱ་རྩིས་ཀྱིས་དབྱིན་གཞུང་གི་དཔོན་རིགས་ཚོས་སྣང་ཆུང་ངང་། “ཁྱོད་ཀྱི་མིང་ལ་ཅི་ཟེར།” “ཁྱོད་ཀྱི་ཕ་ཡུལ་གང་ནས་ཡིན”སོགས། བརྙས་གཙེའི་བྲོ་བ་དང་ལྡན་པའི་དྲི་བ་ནས་འགོ་བརྩམས་ཏེ་ཆུ་ཚོད4ཡི་རིང་རེས་སྐོར་སྒོས་འདྲི་གཅོད་བྱས། སྐམ་ས་ཆེན་པོ་ནས་འབྱོར་བའི་མཚན་ཉིད་རིག་པ་བ་དེས་ཕོ་ཉམས་མི་འཆོར་བར་མགོ་འཕང་བཏེགས་ཏེ། ཁོ་ཚོའི་དྲི་བ174ལ་ལྕེ་ཐོག་ཆུ་རྒྱུག་ལྟ་བུའི་ལན་གླན་པ་བརྒྱུད། གོང་མ་རྗོར་ཊིའི“ཁྲལ་རི་མོ་ཅན”ལ་དགག་གཞག་བག་མི་ཚ་བ་སྤྲད། ཕྱིས་སུ་དབྱིན་ཇིའི་མཚན་ཉིད་རིག་པ་བ་ཨེ་ཏི་མེན・པཱོ་ཀེས(埃德蒙・伯克)ཕྱིར་དྲན་བྱེད་ཀྱིན། “རྣམ་པ་དེ་ནི་སློབ་དཔོན་གཅིག་དང་ཨ་ཕྲུག་ཁྱུ་གཅིག་གིས་རྩོད་ཤགས་རྒྱག་པ་དང་འདྲ”ཞེས་བྲིས་སྐད། དེ་ནས་རིང་པོ་མ་ལོན་པར། མི་སེར་སྤེལ་ཡུལ་གྱི་འདོད་པ་ལྟར་ཁྲལ་ངན་དེ་ཕྱིར་འཐེན་བྱས་ཤིང་། དེ་ནས་བཟུང་བགྲེས་པོ་ཧྥུ་རན་ཁི་ལིན་ཨ་རིའི་མི་རིགས་ཀྱི་དཔའ་བོར་གྱུར་སོང་བ་རེད།

དེ་བཞིན། “ཁྲལ་རི་མོ་ཅན”མེད་པར་བཟོས་རུང་། རྗོར་ཊིས་རྣམ་པ་བསྒྱུར་ཏེ་མི་སེར་སྤེལ་ཡུལ་དུ་ཇ་ཁྲལ་ལམ་ལུགས་ངམ་གནག་ཅིག་བསྟར་བས། “པཱོ་སི་ཊོན་ཇ་བརླགས་དོན་རྐྱེན”བྱུང་ཞིང་རིམ་བཞིན་དབྱིན་རྒོལ་དམག་འཁྲུག་ཡོངས་སུ་ལངས། སྐབས་དེར། དུས་དང་བསྟུན་ཏེ་ཁྲིམས་ཡིག་གལ་ཆེན— “རང་བཙན་བསྒྲགས་གཏམ”ཐོན་ཞིང་། གསར་བརྗེ་པ་ཚོས་སྤོབས་པའི་ངང་། ཨ་མེ་རི་ཀ་ནི་ཁེ་དབང་གཙང་མ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་གསལ་བསྒྲགས་བྱས།

དེ་མིན་བཤད་སྲོལ་འདི་འདྲ་ཞིག་ཀྱང་འདུག །“རང་བཙན་བསྒྲགས་གཏམ”རྩོམ་འབྲི་ལྷན་ཚོགས་ཀྱིས་དང་ཐོག་ཧྥུ་རན་ཁི་ལིན་སྙུག་འཛིན་པར་བསྐོས་རུང་། དགུང་ལོ་བགྲེས་པའི་ཁོར་ཆམ་པ་བརྒྱབ་པས་ལས་ཀ་དེ་རྗེ་ཧྥོ་སན་གྱི་ཕྲག་ཏུ་བབས་ཤིང་། ཕྱིས་སུ་ཁོའི་ཞུ་དག་བརྒྱུད་བསྒྲགས་གཏམ་ལ་གཞི་ནས་ཚུགས་ཀ་དོད་པ་རེད་ཟེར། གང་ལྟར། རང“བཙན་བསྒྲགས་གཏམ”མམ་རང་བཙན་ལས་དོན་གྱི་ཆུ་འགོ་རུ། གཅིག་མཚུངས། ཧྥུ་རན་ཁི་ལིན་གྱི་ཁ་ངོ་གཟུགས་རིས་གསལ་ཐིང་མཐོང་དུ་ཡོད། སྐབས་ཐོག་དེའི་ཨོ་པི་ནེ(奥尔巴尼)འཐུས་ཚོགས་སྟེང་། དུམ་བུ་བཅུ་གསུམ་དུ་གཏུབས་ཡོད་པའི་སྦྲུལ་གྱི་རི་མོ་ཞིག་ཀྱང་ཞོར་ལ་དཔར་ནས། ཧྥུ་རན་ཁི་ལིན་གྱིས“དཔུང་སྦྲེལ་མེད་ན་མཉམ་འཆི་རེད”ཅེས། མངའ་སྡེ་བཅུ་གསུམ་པོ་ཁ་སེམས་གཅིག་ཏུ་མཐུན་དགོས་ཀྱི་བློ་ཇུས་ཕུལ་ཏེ། བྱང་ཨ་མེ་རི་ཀའི་མི་སེར་སྤེལ་ཡུལ་གྱི་ཆེས་ཐོག་མའི“དཔུལ་སྦྲེལ་འཆར་གཞི”བཏོན་པ་རེད། ཡང་དེ་ལྟའི་བསམ་བློ་ནི་གློ་བུར་དྲན་ཐོན་པ་ཞིག་ག་ལ་ཡིན། རྗེ་ཧྥོ་སན་དང་འདྲ་བར། ཧྥུ་རན་ཁི་ལིན་ཡང་ཧྥ་སྐད། དབྱི་ཐ་ལིའི་སྐད། སི་ཕེན་སྐད། ལ་ཏིང་སྐད་བཅས་ཕྱི་སྐད་ཅི་རིགས་ལ་སྦྱང་བ་མི་དམན་པ་ཡོད་མཁན་ཅིག་རེད། ནང་སྒོས་གནའ་བོའི་ཀེ་རི་སིའི་མཚན་ཉིད་རིག་པ་བ་རྣམས་དང་། དབྱིན་ཧྥ་སོགས་ཡོ་རོབ་བློ་འབྱེད་ལས་འགུལ་གྱི་མཁས་དབང་རྣམས་ཀྱི་བརྩམས་ཆོས་བརྒྱུད། ཁོས་རང་དབང་བསམ་བློའི་ཉིང་བཅུད་ཚུར་ལེན་བྱས་ཡོད་པ་རེད། དེ་དག་ལས་ཁོང་གིས་མཱན་ཐེ་སི་ཁེའུ་ཡི་དགོངས་དོན་གཞིར་བཞག་སྟེང་ཆབ་སྲིད་དཔྱད་བརྗོད་འབོར་ཆེན་སྤེལ་ཏེ། དབྱིན་ཇི་སོགས་བཙན་རྒྱལ་རིང་ལུགས་པའི་མཚོ་ཇག་གི་བསམ་སྦྱོར་ལ་ངོ་རྒོལ་ཚ་པོ་བརྒྱབ། ད་དུང་རུ་སའོ་ཡི་རིགས་པའི་གཞུང་ལུགས་ལས། ཁོས་འབངས་ཀྱི་སྐྱིད་སྡུག་མི་བསམས་པའི་དབང་སྒྱུར་མཁན་ཞིག་ཡིན་ཕྱིན། མི་སེར་ཡར་ལངས་ནས་རྩ་རྫོག་བྱ་ཆོག་གི་བསམ་བློ་ཡང་རྙེད། དེ་ནས་བཟུང་། ལོ་རྒྱུས། མཚན་ཉིད་རིག་པ། ཆབ་སྲིད། དེ་བཞིན་ཆོས་ལུགས་དགག་སྒྲུབ་སོགས་ཀྱི་བརྩམས་ཆོས་གང་མང་སྤེལ་ཏེ། ཁོས་བྱང་ཕྱེད་གོ་ལའི་སྐམ་སར་བློ་འབྱེད་བསམ་བློའི་ས་བོན་གདགས་སྲིབ་ཀུན་ལ་ཅི་དྲག་བཏབ་པ་རེད། ཕྱིས་སུ་རྗེ་ཧྥོ་སན་ཁོ་གཉིས་ཀས་བཏོན་པའི“རང་བཙན་བསྒྲགས་གཏམ”ནི། དོན་ལ་ཁོས་སྔ་མོ་ནས་ལམ་སྟོན་གནང་ཡོད་པའི་ཨ་རིའི་འབྱོར་ལྡན་གྲལ་རིམ་གསར་བརྗེའི་ལུང་དང་རིགས་པའི་རྒྱབ་རྟེན་དུ་ཆགས་སོང་བ་རེད། དེ་ལྟར་ཧྥུ་རན་ཁི་ལིན་གྱི་ལག་རྗེས་ཆེ་ཤོས་གནད་དུ་བཅུམ་ན། ཚན་རིག་གི་ཞིབ་འཇུག་ཐབས་ལམ་སྤྱད་དེ། ཨ་རིའི་གསར་བརྗེའི་དགོས་དབང་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ལ། ཡོ་རོབ་ཀྱི་བློ་འབྱེད་བསམ་བློ་ལས་བྱུང་བའི་ཆབ་སྲིད་རིག་པའི་གཞུང་ལུགས་ཀྱི་བདེན་དཔང་སྤྲད་པ་དེ་རེད། དེས་ནི་བྱང་ཨ་རིའི་བཅིངས་འགྲོལ་བྱ་གཞག་ལ། གཞན་གྱིས་ཚབ་བྱེད་དུ་མེད་པའི་རྒྱབ་རྩ་དང་དཔུང་ཤེད་ཡ་མེད་བསྩལ་པ་རེད།

ཡང“རང་བཙན་བསྒྲགས་གཏམ”ངར་ངར་དུ་སྤེལ་རུང་། སྐམ་སའི་དམག་དཔུང་རྫིག་རྫིག་ངང་བཙུགས་རུང་། ཆབ་སྲིད་དང་དཔལ་འབྱོར། དེ་མཚུངས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ལ་མ་བརྩོན་ན་ཅི་ཡང་མི་ལོ་བས། བགྲེས་ལོ70ལ་སོན་པའི་ཧྥུ་རན་ཁི་ལིན་གྱིས་ཡང་བསྐྱར་ནུབ་རྒྱ་མཚོ་འཕྲེད་དུ་བཅད་དེ་རྒྱལ་དོན་ལ་ཡོ་རོབ་ཏུ་ཕྱིན། དེ་བས། ལོ་རྒྱུས་ཡི་གེར་མ་བཀོད་པ་ཙམ་ལས། ཨ་རིའི་ཕྱི་འབྲེལ་བློན་ཆེན་ཐོག་མ་ནི་ཧྥུ་རན་ཁི་ལིན་ཡིན་པ་བསྙོན་མེད་རེད། རྡོ་དོན་བཤད་ན་ཡང་། སྐབས་དེར་དཔའ་མཛངས་བརྟན་གསུམ་ལུས་ལ་རྫོགས་པའི་གསར་བརྗེ་པ་མོད་ཀྱང་། བྱང་ཨ་རིའི་ལས་དབང་ཁུར་དུ་ཐེག་མཁན་ལ་ཧྥུ་རན་ཁི་ལིན་ལས་གཞན་ཞིག་ཡོད་པ་ཅིས་ཀྱང་མི་མཐོང་། དེ་ཡང་གཙོ་བོ། སྐབས་དེར་ཁོང་ནི་ཚན་རིག་པ་དང་། བློ་འབྱེད་བསམ་བློ་བ། མཚན་ཉིད་རིག་པ་བ། ཆབ་སྲིད་པ་བཅས་ཡིན་པས། གྲགས་གཡེར་གཅིག་པུས་ཀྱང་འཛམ་གླིང་ཡུལ་ལུང་ཤིག་ཤིག་སྒུལ་ཐུབ་པ་ཞིག་ཏུ་གདའ།

དེ་ལྟར། སྐམ་སའི་དམག་སྤྱི་ཝ་ཤེན་ཊིན་གྱི་གཡུལ་སར་ཡོ་རོབ་ནས་མེ་མདའ་སོགས་དྲག་ཆས་མཁོ་སྤྲོད་བྱ་རྒྱུ་དང་། དབྱིན་ཇིའི་དགྲ་བོ་ཧྥ་རན་སི་འཐབ་ཇུས་ཀྱི་མནའ་གྲོགས་དང་རམ་ཟླར་དགུག་རྒྱུ། ད་དུང་སི་ཕེན་དང་ཨུ་རུ་སི་སོགས་འཛམ་གླིང་བཙན་རྒྱལ་ཁག་གི་ཆབ་སྲིད་རྒྱབ་སྐྱོར་བརྩོན་ལེན་བྱ་རྒྱུ་སོགས། ཧྥུ་རན་ཁི་ལིན་གྱིས་སྒེར་པའི་ཟིལ་ཤུགས་དང་མཚན་སྙན་ལ་བརྟེན་ཏེ་བསྒྲུབས་ཤིང་། མེ་གླིང་བྱང་མའི་མི་རིགས་བཅིངས་འགྲོལ་ལས་དོན་ལ་བསུབ་ཏུ་མེད་པའི་ལག་རྗེས་བཞག །དེ་བས། རང་བཙན་དམག་འཁྲུག་གི་རྒྱལ་ཁ་བཤད་ན། ཝ་ཤེན་ཊིན་དང་ཧྥུ་རན་ཁི་ལིན་གཉིས་ཀས་ཕྱེད་ཕྱེད་བགོ་དགོས་ཡོད་ཟེར་བ་ཡང་གནས་ལུགས་ཤིག་ཏུ་མཐོང་།

(༢) མི་ལོ་ཉིས་སྟོང་གི་བཀས་བཀོད་རྒྱུད་འཛིན་ལོ་རྒྱུས་ཡོད་པའི་རྒྱ་ནག་ལ་ཁ་དཔེ་ཞིག་ཡོད། “གོང་མའི་གམ་དང་སྟག་མོའི་ལོགས།” ཧྥུ་རན་ཁི་ལིན་ནི་སྟག་མོ་འདྲ་བའི་གོང་མའི་ཉེ་སར་བཏུད་པ་ཙམ་གྱིས་ག་ལ་ཡིན། “ཁྲལ་རི་མོ་ཅན”ལ་ཁ་གཏད་འཇལ་བ་ནི། དོན་ལ་སྟག་མོ་དེའི་མཆེ་བར་གྱི་ལྟོ་འཕྲོག་སྟེ་ཐོང་རྩར་འཇུ་ལུགས་ཡིན་ན། “ཕཱ་རི་སིའི་འགྲིག་ཆིངས”ལ་མིང་རྟགས་མི་འགོད་ཐུ་མེད་བཟོས་པ་ནི། སྟག་མ་ཤི་མགོ་ལྤགས་ཀླད་ནས་མཉེད་ལུགས་ཀྱང་རེད།

དེ་ལྟར། དབྱིན་རྒོལ་དམག་འཁྲུག་ལས་རྒྱལ་ཁ་ཐོབ་པའི་ཨ་རིས་ཡང་བསྐྱར། བགྲེས་ལོ77ལ་སོན་པའི་ཧྥུ་རན་ཁི་ལིན་ཡོ་རོབ་ལ་རྒྱལ་དོན་དུ་མངགས། དེར་ཁོང་གིས་རྒ་བའི་ཁུར་དང་འཚེ་བའི་ནད་ཀྱི་མནར་གཅོད་རྒྱབ་ཏུ་དོར་ནས། དགྲ་རུ་གྱུར་པའི་མེས་རྒྱལ་དབྱིན་གཞུང་། འཐབ་ཇུས་རོགས་ཟླ་ཧྥ་རན་སི། དེ་བཞིན་མེ་དབྱིན་དམག་འཁྲུག་དང་འབྲེལ་བ་ཟབ་པའི་སི་ཕེན་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་དང་ལྷན་དུ། ཇུས་དང་འདུན་མའི་ཅོག་སྒམ་སྒོར་མོ་གཅིག་གི་མཐར་རུ་འཛོམས་ཐོག །ཆབ་སྲིད་ཀྱི་རྣམ་དཔྱོད་རྩལ་དུ་སྤྲུགས་ཏེ་ཡོ་རོབ་རྒྱལ་ཁམས་ནས་དབྱིན་རྒོལ་མནའ་མཐུན་ཚུགས་ཤིང་། མཐར《ཕཱ་རི་སིའི་འགྲིག་ཆིངས》(1782)ལ་མིང་རྟགས་བཀོད་པའི་ཐོག །ཨ་རིའི་རྒྱལ་ཁབ་ཀྱི་བདག་དབང་ལ་འཛམ་གླིང་ནས་ཁས་ལེན་གཙང་མ་ཐོབ། དེའི་འཕྲོར། ཁོས་མུ་མཐུད་ཡོ་རོབ་ནས་ཨ་རིའི་ཕྱི་འབྲེལ་གྱི་ལས་སྒོ་ཀུན་ནས་སྤེལ་ཏེ་གཞུང་དོན་གསར་པ་ཅི་རིགས་བསྒྲུབས། སྐབས་དེར། གསར་བརྗེར་རྒྱལ་ཁ་ཐོབ་པའི་ཨ་རིར་ནང་འགལ་བྱུང་སྟེ་ཐོར་ཞིག་ཏུ་འགྲོ་བའི་འགག་ལ་ཐུག་པས། སྐམ་སའི་གྲོས་ཚོགས་ཀྱིས་ཧྥུ་རན་ཁི་ལིན་ཕྱིར་འཐེན་ཞིང་། ཚབ་ཏུ་རྗེ་ཧྥོ་སན་ཡོ་རོབ་ཏུ་མངགས། དེར་རྗེ་ཧྥོ་སན་གྱིས་ཉིན་ཐོའི་ནང་། “གལ་འགངས་ཆེས་ཆེ་བ་ནི། རླབས་ཆེན་གྱི་མི་ཕོ་དེ་ཕྱིར་ཨ་རིར་ལོག་ཏུ་གཞུག་རྒྱུ་དེ་རེད། ལར་ཁོ་རང་དེ་གར་ཚེ་ལས་འདས་པ་ཡིན་ན། ངས་ཁོང་གི་རུས་ཐལ་སྤར་མོ་གང་ཡིན་རུང་ཕྱིར་འཁྱེར་ཡོང་ངེས་ལ། མཐའ་ན་དེ་ཙམ་གྱིས་ཀྱང་འུ་ཚོའི་ཁ་འཐོར་ལ་ཉེ་བའི་ཕྱོགས་ཁག་རྣམས་སླར་ཡང་གཞི་གཅིག་ཏུ་སྡུད་ཐུབ་པར་ཁོ་བོར་ཡིད་ཆེད་ཡོད”ཅེས་བྲིས་གནང་། དེ་ལྟར་དགུང་ལོ79ཡི་སྟེང་། ཨ་རིའི“ཤེས་རབ་རྒན་པོ”དེ་གཞི་ནས་ཕྱིར་ཕ་ཡུལ་སྐམ་ས་ཆེན་པོར་ལོག་ཅིང་། ཨ་རི་མི་དམངས་ཀྱིས་གནམ་གོང་མ་ས་རུ་བབས་པ་བཞིན་ཁོང་ལ་སྔ་ན་མ་མཆིས་པའི་བསུ་ཆེན་བཏང་། དོན་ལ་ཡང་སྐབས་འདིར་ཐོན་དུས། ཨ་རིའི་གསར་བརྗེའི་ལས་དོན་ཁག་རྒྱལ་སྤྱིའི་ཆབ་སྲིད་སྟེགས་བུར་དཀྱུ་མཁན་གྱི་ཆ་ནས། ཧྥུ་རན་ཁི་ལིན་གྱི་བྱས་རྗེས་ལ་འགྲན་དུ་བཟོད་མཁན་གཅིག་ཀྱང་ཡོད་པ་མ་རེད། དེ་བས་ཁོང་ཕྱིར་ལོག་པ་དེ་གཅིག་པུས་ཀྱང་། རྒྱལ་ཁབ་གསར་པ་དེའི་སྲོག་དབུགས་སླར་ཡང་འཚོབ་སྟེ། 1787ལོར་ཁྲིམས་འཛུགས་ཚོགས་པ་བཙུགས་ཐོག《མཉམ་འབྲེལ་རྩ་ཁྲིམས》བཟོ་ཐུབ་པ་བྱུང་། དེ་ནས་བཟུང་། འཛོང་ཁུག་ལས་སར་བབས་མ་ཐག་པའི་རྒྱལ་ཁབ་འདིས་གཞི་ནས་ཤ་རུས་སྣག་ཏུ་བསྐྱེད་དེ་རྐང་པ་ས་གཞིར་བཀན་འགོ་བརྩམས་པ་རེད།

(༣) དེ་ཡང་། ཟླ9པའི་ཚེས17ཉིན། ཟླ་བ་འགར་རྩོད་འགྱེད་དང་ཧབ་གཤགས་རྫོགས་མེད་བྱས་བྱས་པའི་འབྲས་རྟགས་སུ། ལོ་རྒྱུས་རང་བཞིན་ལྡན་པའི་རྩ་ཁྲིམས་དེར་ཚོགས་མི་ཀུན་པོ་གཞི་ནས་ཁ་འཆམ་ཞིང་འཕྲོ་རིམ་འཕྲོར་མིང་རྟགས་བཀོད། དེར་ཧྥོར་ཀེ་ནེ་ཡཱ་མངའ་སྡེའི་ཚབ་བྱས་ཏེ་རང་གི་རུས་མིང་འབྲི་བའི་རེས་སུ་འཁོར་དུས། བགྲེས་ལོ81ཅན་གྱི་ཧྥུ་རན་ཁི་ལིན་ཁོང་། ཏབ་གང་ལ་ཝ་ཤེན་ཊིན་གྱི་བཞུགས་ཁྲིའི་རྒྱབ་སྙེའི་སྒང་གི་ཉི་མ་ཕྱེད་སྒོར་གྱི་བརྐོས་རིས་དེར་ཧད་དེ་ལུས། སླར་དྲན་པ་རྙེད་རྗེས་ཁོས། “ངས་ཟླ་བ་འདི་འགར་བསམ་བློ་གཏོང་བཞིན། ཉི་མ་ཀན་ནི་ནུབ་ཁའི་ཉི་མ་ཞིག་མིན་འགྲོ་སྙམ་པ་ཡིན། ད་བལྟས་ཡོང་ན། ཨེ་མ་དེ་ནི་ཞོགས་པའི་ཉི་གཞོན་ཞིག་རེད་ཨང་། དེ་འདྲ་མ་རེད་དམ་ཨ་ངའི་སྐུ་ཞབས་རྣམ་པ། རྟེན་འབྲེལ་འདི་དང་མཚུངས་པར། འུ་ཚོས་བཟོས་པའི་ཁྲིམས་ལུགས་འདི་ནི་ཧ་ལམ་མ་བཞེངས་ལྷུན་གྱིས་གྲུབ་སོང་བ་འདྲ་གཅིག་གདའ། འདིས་ང་རང་ངོ་མ་ཧ་ལས་སུ་བཅུག་སོང་། ངས་བསམས་ན། འདིས་འུ་ཚོའི་ཕས་རྒོལ་ཡང་ཧ་ལས་སུ་གཞུག་སྲིད”ཅེས་བཤུམ་སོང་སྐད། ཁོང་འགྱོག་བྱམས་ལ་བསྡད་དེ(སྐབས་དེར་གྲུམ་ནད་ཐེབས་ཏེ་ཁོང་ལམ་དུ་འགྲོ་མི་བདེ)ཁྲིམས་འཛུགས་ཚོགས་པའི་ཚོམས་ཆེན་ནས་ཕྱིར་ཐོན་དུས། ཁོའི་གྲོགས་པོ་སྟེ་གྲོང་ཁྱེར་ཧྥེལ་ལེའི་འགོ་པའི་ལྕམ་མོས། “སྐུ་ཞབས་ལགས། ང་ལ་ཏོག་ཙམ་སྒུག་རོགས། ཉིད་ནས་དྲང་མོར་གསུངས་དང་། འུ་ཚོའི་རྒྱལ་ཁབ་གསར་པ་དེ་ག་འདྲ་ཞིག་རེད”ཅེས་འདྲི་དུས་ཁོས་ཕྱིར། “གནམ་རྒན་མས་མཁྱེན། སྤྱི་མཐུན་རྒྱལ་ཁབ་ཅིག་རེད། སྤྱི་མཐུན་རྒྱལ་ཁབ་ཅིག །ཨ་ལྕམ་མོ་ལོ་ལོ། ལར་འུ་ཚོས་བདག་སྐྱོང་ཡག་པོ་གནང་ཐུབ་ན”ཟེར། དེ་མིན་བཤད་སྲོལ་འདི་འདྲ་ཞིག་ཀྱང་འདུག །རྩ་ཁྲིམས་གཏན་ལ་ཕབ་རྗེས། ཆེས་ཐོག་མར་དེའི་དགོངས་དོན་ལྟར་ཨ་རིའི་སྲིད་འཛིན་དང་པོ་འདེམས་བསྐོ་བྱེད་དུས། ཝ་ཤེན་ཊིན་གྱི་ཁ་ཡར་ཡོང་མཁན་བགྲེས་པོ་ཧྥུ་རན་ཁི་ལིན་གཅིག་པུ་ལས་མེད་རུང་། ཁ་རྗེ་དབང་ཐང་ཡང་རྩེར་སོན་པའི་རྒན་པོ་ཁོས། ལྷག་བསམ་རྣམ་དག་གིས་ཝ་ཤེན་ཊིན་འོས་སྦྱོར་གནང་རྗེས། ནད་ལ་ཁག་བཞག་སྟེ་རྟིང་མའི་འདེམས་བསྐོའི་ཚོགས་འདུར་གཡོལ་བ་རེད་ཟེར། དཔེ་ཆར་ལྟ་མཁན་ཞིག་ཡིན་ན། འདི་ཙམ་མཐོང་བས་ཀྱང་། སྲིད་དབང་ལ་ཤི་འབྱར་བྱེད་པའི་སྒེར་གཅོད་རྒན་པོ་ཚོར་དམར་འཐོམས་རྒྱུག་ཏུ་འཇུག་ཚོད།

(༤) དེ་བཞིན། ཧྥུ་རན་ཁི་ལིན་ལ་མཚོན་ན། ཨ་རིའི་རྒྱལ་ཁབ་ཀྱི་རྩིག་རྨང་དང་རྟེན་ཕུར་དུ་སོང་བའི་ཁྲིམས་ཡིག་འགངས་ཆེན་དེ་གསུམ་ལ་ལག་རྗེས་ཆེ་བ་ཕུད། ཁོའི་མི་ཆོས་རིང་ལུགས་ཀྱི་བསམ་བློ་ཡང་། ཨ་རིའི་འདས་མ་ད་གསུམ་གྱི་ལོ་རྒྱུས་གྲུབ་ཆ་ཞིག་ཏུ་གྱུར་ཏེ་ཡོད་པས་གླེང་རིན་ཆེ། དེ་ཡང་གཙོ་བོ་ཁོས་དབྱིན་ཏེ་ཨན་པ་དང་མི་ནག་བྲན་གཡོག་ལ་བཟུང་བའི་ལྟ་བ་ལས་བཤད་དགོས་ཡོད། ཀློག་གྲོགས་ཉིད་ནས་སུན་སྣང་མེད་པར་མར་ལྟོས་དང་། ཧྥུ་རན་ཁི་ལིན་གྱི་མི་ཚེའི་བྱུང་བ་ནི་ལོ་རྒྱུས་འདྲ་ལ་བརྩམས་སྒྲུང་དང་་ཡང་འདྲའོ། །

a ཀུན་གྱིས་ཤེས་གསལ་ལྟར། མེ་གླིང་དུ་མི་སེར་སྤེལ་མཁན་བཙན་རྒྱལ་ལ་གཙོ་བོ་སི་ཕེན། ཕོར་ཐི་གལ། ཧྥ་རན་སི། དེ་བཞིན་དབྱིན་ཇི་བཅས་རེད། སྔོན་ཆད་ཝ་ཤེན་ཊིན་གྱིས་འབངས་དམག་ཁྲིད་དེ་དབྱིན་ཇིའི་དཔུང་དང་གྲ་སྡེབ་སྒོས། གཉུག་འབངས་དབྱིན་ཏེ་ཨན་པའི་ཚོ་སྒར་དམར་གཉོག་བཟོས་མྱོང་བ་དང་། སྲིད་འཛིན་དུ་སྡོད་རིང་། རྗེ་ཧྥོ་སན་གྱིས་དབྱིན་ཏེ་ཨན་པ་ནུབ་ཁུལ་ངམ་ཐང་དུ་བཙན་སྐྲོད་བྱས་པ་ཇི་བཞིན། རླབས་ཆེ་བའི་ཨ་མེ་རི་ཀ་ཡང་། ཟུར་གཅིག་ནས་བཤད་ན། དབྱིན་ཏེ་ཨན་པའི་མཆི་མ་ཁྲག་ཏུ་ཟགས་སའི་དུར་ཐང་སྐྱ་མོ་ཅིག་ཡིན་པ་ལྟ་ཅི། འདིར་བཤད་འདོད་པ་ནི། དེ་ལྟའི་མི་རིགས་དཀར་དམར་བར་གྱི་ཆགས་སྡང་མེ་ཆུ་ཤགས་འཐབ་ཁྲོད། ཧྥུ་རན་ཁི་ལིན་ཁོ་ནས་དྲང་བདེན་གྱི་སོ་མཚམས་བཟུང་ཞིང་། ལྷག་དོན། ཐབས་རྡུགས་པའི་མི་རིགས་འདིའི་ཕྱིར་སྐད་འབོད་བརྒྱབ་ཅིང་གདུང་སེམས་བསྐྱེད། དེ་བཞིན་ལོ་རབས50པ་ནས་བཟུང་། ཁོ་རང་དབྱིན་ཏེ་ཨན་པ་དང་ཞི་བའི་གྲོས་མོལ་བྱེད་མཁན་ཧྥོར་ཀེ་ནེ་ཡཱའི་འཐུས་ཚབ་ཁོ་ནར་གྱུར། “ལས་ངན་པའི་མི་རིགས་འདི་ལ་ཉེས་པ་ཞིག་བགྲང་དགོས་ན། ཁོ་ཚོའི་ཤ་ཁ་དམར་པོ་དེ་དང་སྐྲ་ལོ་ནག་པོ་དེ་ལས་ཅི་ཡོད”ཅེས་པ་ནས་འགོ་བརྩམས་ཏེ། ཁོས་གཏམ་བཤད་དང་རྩོམ་ཡིག་འབོར་ཆེན་སྤེལ་ཅིང་། ཡ་ང་བག་ཚ་མེད་པར་དབྱིན་ཏེ་ཨན་པ་རྩ་མེད་བཟོ་བའི་གདོད་སྤྱོད་སྲིད་ཇུས་ལ་མཐའ་གཅིག་ཏུ་ཁ་གཏད་འཇལ།

དེ་མིན་འདི་ན་གནད་ཅིག་ཡོད། ཧྥུ་རན་ཁི་ལིན་གྱི་སྐབས་དེའི་ཁ་སྟབས་དང་བསམ་བློ་ནི། འུ་ཚོའི་བག་ཆགས་ཁྲོད་ཀྱི“མགོན་གྱི་ཉི་མའམ”“སྐྱབས་ཀྱི་སྐར་ཆེན”ཟེར་བའི་མཐོ་ཚད་དེ་འདྲ་ནས་ཐུར་ལ་འབབ་པ་ཞིག་མ་ཡིན་ལ། ཏག་ཏག“རང་བཙན་བསྒྲགས་གཏམ”ནང་འཁོད་པའི། “མི་རྣམས་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན།” ཞེས་པའི་སྟེང་ནས་ཐད་སོར་ལྟ་བ་ཞིག་རེད། འདི་ནི་གཟོ་ལ་མི་རེ་ཞིང་དྲིན་ཡང་བསྒྲག་མི་དགོས་པའི་མི་ཆོས་རིགས་ལུགས་ཟེར་བ་དེ་རེད། འདི་ཉིད་མཚོན་པར་ཧྥུ་རན་ཁི་ལིན་ཁོར་དེབ་ཅིག་འདུག །མིང་ལ《མེ་གླིང་བྱང་མའི“དམུ་རྒོད”ཟིན་བྲིས》སུ་འབོད། ཁོས“ང་ཚོས་ཁོ་ཚོ་དམུ་རྒོད་རེད་ཟེར་དོན། ཁོ་ཚོའི་གོམས་གཤིས་ང་ཚོ་དང་མ་མཐུན་པ་ཙམ་གྱིས་རེད། ངས་བསམས་ན། ཁོ་ཚོས་ང་ཚོར་བལྟས་ན་ཡང་དེ་འདྲ་ཡིན་རྒྱུ་རེད”ཟེར། མཚམས་འདིར་ཁོ་བོའི་སེམས་ལ། གདོད་མའི་དུས་དབྱིན་ཏེ་ཨན་པས་གཏོར་དབྱིབ་མཆོད་རྟེན་གྱི་རྩེ་ནས། ལྷ་ལ་མཆོད་པ་ཡིན་ཞེས་མི་གསོན་པོའི་སྐེ་འབྲེག་པ་དེ་དྲན་ཡོང་། ཡང་དེར་མཐུད་ནཱ་ཙིས་ཡཱ་ཧོ་ཏ་པ་ཁྲི600དམར་བསོད་བྱས་པ་དྲན་ཡོང་། མིའི་རིགས་ཀྱི་དཔལ་ཡོན་འཕེལ་བའི་འགྲོས་རིམ་ལྟར་བལྟས་ན། གདོད་མའི་དབྱིན་ཏེ་ཨན་པའི་རྨོངས་དད་དེ་དང་། ཁཱན་ཏེ་དང་ཕཱེ་ཏོ་ཧྥིན(贝多芬)ལྟ་བུའི་སྐྱེས་ཆེན་འཁྲུངས་པའི་མི་རིགས་དེས། དུས་རབས་ཉི་ཤུ་པའི་ནང་མི་རིགས་ཚར་གཅོད་ཀྱི་ལས་ཀ་ལག་ཏུ་བསྟར་བ་གཉིས་ལས་ཚབས་ཆེ་བ་གང་རེད། ཀློག་གྲོགས་ཁྱོད་ཀྱིས་ལོབ་དང་། 

དེར་ཧྥུ་རན་ཁི་ལིན་གྱིས་མུ་མཐུད་དུ། གལ་ཏེ་མི་རིགས་འདྲ་མིན་གྱི་གོམས་གཤིས་ལ་ཞིབ་འཇུག་བྱས་པ་ཡིན་ན། “མི་རིགས་རྩེ་གྲའམ” “མི་རིགས་ཐ་ཤལ”ཅེས་བཀར་ཐབས་མེད་པ་ཤེས་ཐུབ། དོན་ལ། མི་རིགས་གང་ཞིག་ཡིན་རུང་མཐའ་འདི་གཉིས་མ་ཚང་བ་ཡང་མེད། འདི་ནི་སོ་སོའི་རིག་གནས་འཕེལ་རྒྱས་དང་འབྲེལ་བ་ཆེ། ཡང་མི་རིགས་དེའི་རིག་གནས་འཕེལ་རྒྱས་ལས་བྱུང་བའི་གོམས་གཤིས་དང་ལྟ་བ་སོགས། ཏག་ཏག་ཁོ་ཚོའི་འཚོ་བའི་ཁོར་ཡུག་གི་ཕྱི་ནང་མཐུན་རྐྱེན་གྱིས་ཐག་གཅད་དོ་ཟེར། དེ་ལ་ཁོས་དཔེ་གཞི་འདི་འདྲ་ཞིག་ཀྱང་བཀོད་འདུག །

དེ་ཡང་སྐབས་དེར། དབྱིན་ཏེ་ཨན་པའི་གཞོན་ནུ་འགས་མི་དཀར་གྱི་སློབ་ཆེན་ནས་སློབ་གསོ་མྱང་རྗེས་ཕྱིར་རི་ལ་ལོག །འོན་ཀྱང་སྡེ་མིས་གཞོན་ནུ་དེ་ཚོས་མི་དཀར་གྱི་ས་ནས་སྦྱངས་ཐོན་པའི་ཤེས་བྱར་བསྟོད་རྒྱུ་ཕར་ཞོག །ད་རུང་འཁང་ར་དང་བཅས་གཞོན་ནུ་དེ་ཚོ་སྟོན་གྱིན། ཁོ་ཚོའི་མཆོང་རྒྱུག་གི་རྩལ་ལད་དེ་ནགས་ཁྲོད་དུ་འཚོ་ཐབས་མེད། ཁོ་ཚོས་གྲང་རེག་མི་བཟོད་ལ་སྤྱིལ་བུ་ཡང་བཟོ་མི་ཤེས། རི་དྭགས་མི་སོད་ལ་དགྲ་བོ་ཡང་མི་ཐུབ། ཐ་ན་རང་གི་སྐད་ཆ་ཡང་བརྗེད་འདུག །དེ་བས་ཁོ་ཚོ་རྔོན་པ་དང་དཔའ་རྟུལ་དུ་མི་ཡོང་། སྡེ་དོན་སྨྲ་མཁན་དེ་བས་ཀྱང་ངོ་། །མདོར་ན་ཁོ་ཚོས་ཅི་ཡང་མི་བྲ་བར་འདུག །ཨ་ཧོ། ད་ནི་ཁོ་ཚོ་རྦད་དེ་ཚར་སོང་ནི་རེད་ཅེས་མགོ་བོ་འཕྲེད་དུ་གཡུགས་པར་བྱེད། དེའི་འཕྲོར་སྡེ་མི་དེ་ཚོས་ཕྱིར་མི་དཀར་ཚོར། ཅི་ཞིག་ལ་ངེས་པ་དོན་གྱི་སློབ་གསོ་ཟེར་བ་ང་ཚོས་ཁྱོད་ཚོར་བསླབ་ཆོག །གལ་སྲིད་ཁྱོད་ཚོས་ཧྥོར་ཀེ་ན་ཡཱའི་ཕྲུ་གུ་སྐོར་ཅིག་ང་ཚོའི་ནགས་ཁྲོད་ཀྱི་སྡེ་བར་འཇོག་པ་ཡིན་ན། ང་ཚོས་ཁོ་ཚོར་མཁོ་ཐག་ཆོད་ཀྱི་ཤེས་བྱ་ཡོད་རྒུ་བསླབ་ཆོག །དེ་དུས་ཁོ་ཚོ་རེ་རེ་བཞིན། ས་ཆེན་གདན་དུ་འདིང་ཞིང་གནམ་སྔོན་མགོ་རུ་ཕུབ་མཁན་ཕོ་ཁྱོ་ག་ངོ་མ་རུ་འགྱུར་ཐུབ་ཟེར།

མི་རིགས་དཀར་དམར་གཉིས་ཀྱི་གཤིས་རྒྱུད་ཀྱི་ཆ་ནས། ཧྥུ་རན་ཁི་ལིན་གྱིས་དབྱིན་ཏེ་ཨན་པའི་འདི་ལྟའི་བཤད་སྟངས་ཤིག་བཀོད་དེ་གཤིབ་སྡུར་བྱས་འདུག །

“ལྗོངས་རྒྱུ་བྱེད་མཁན་མི་དཀར་ཞིག་ངེད་ཚོའི་སྤྱིལ་བུར་འཛུལ་ཡོང་བར་དཔེ་ལེན། གལ་སྲིད་སྐབས་དེར་ཁོ་ཆར་གྱིས་བངས་ཡོད་ན། ངེད་ཚོས་ཁོའི་ལྭ་བ་ཐབ་མགོའི་གདང་ཆ་ནས་སྐེམ་ཡོང་། གལ་སྲིད་ཁོ་ཙག་གིས་གྲང་ཡོད་ན། ངེད་ཚོས་ཁོའི་སྔུན་ལ་མེ་བྲུས་ཏེ་ཁོར་ཁ་ལག་བསྲོ་རུ་འཇུག །གལ་སྲིད་ཁོ་སྐོམ་ཞིང་ལྟོགས་ཡོད་ན། ངེད་ཚོས་ཁོར་ཤ་ཆང་གིས་མགྲོན་བྱ། གལ་སྲིད་ཁོ་ཐང་ཆད་ཡོད་ན། ང་ཚོས་ཁོར་རི་དྭགས་ཀྱི་པགས་པས་དྲོ་ཞིང་འཇམ་པའི་མལ་ས་བཟོ་ཡོང་། གཙོ་བོ་ནི་འདི་དག་ཡོད་ཚད་ལ་ང་ཚོས་གླ་རྔན་སྐར་གང་ཡང་ལེན་སྲོལ་མེད། འོན་ཀྱང་། ངེད་ཚོ་རི་ནས་བབས་ཏེ་མི་དཀར་གྱི་གྲོང་ཚོའི་དུད་ཚང་ལ་སོང་ནས་བཟའ་བཏུང་ཞིག་སློང་བ་ཡིན་ན། ཁོ་ཚོས‘དངུལ་སྤྲད་ཤོག’ཟེར་རྒྱུ་རེད། གལ་སྲིད་ང་ཚོས་དངུལ་མེད་ཅེས་ལབ་ན་ཁོ་ཚོས། ‘མར་ཞིག་ལ་སོང་། དབྱིན་ཏེ་ཨན་ཁྱི་རྒན’ཞེས་འབར་ཤ་རྒྱག་རྒྱུ་རེད།” 

སྔོན་ཚེ་དབྱིན་ཏེ་ཨན་པའི་རོགས་རམ་གྱི་འོག “ཟླ་ལྔ་པའི་མེ་ཏོག་རྟགས་ཅན”གྱི་མི་དཀར་ཚོ་སྲོག་འགོ་ཐོན་ཞིང། ཁོ་ཚོས་ཀྱང་མི་དམར་དེ་ཚོར་དྲིན་གཟོ་ཕྱིར“དྲིན་གཟོ་དུས་ཆེན”གྱི་སྲོལ་བཏོད། དུས་ཆེན་དེ་དེ་རིང་བར་ཨ་རི་ན་མ་ཉམས་པར་ཡོད། དེར་བརྟེན། བཤད་རྒྱུན་དེའི་སྟོད་ཆ་བདེན་དུ་ར་འཕྲོད། དོན་ལ་བཤད་རྒྱུན་འདིའི་སྨད་ཆ་ཡང་བདེན་པ་རེད། དེ་ཡང་ཕྱིས་སུ། མི་དཀར་ཚོས“དམུ་རྒོད་རྩ་བརླགས”ཞེས་པའི་སྲིད་ཇུས་ངམ་གནག་བཏོན་ཏེ། གཉུག་འབངས་ཡིན་པའི་མི་དམར་ཚོའི་སྡེ་བའི་ནང་བསད་བསད་ཁྲག་གི་འཁོར་ལོ་བསྐོར་སོང་། དེ་ལྟར་མགོ་ནས་མཇུག་བར། ཧྥུ་རན་ཁི་ལིན་གྱིས་དབྱིན་ཏེ་ཨན་པ་དགྲ་རུ་བཟུང་མེད་ལ་དམུ་རྒོད་དུ་ཡང་བཟུང་མི་འདུག །མ་ཟད། རང་ཉིད་ཨ་རིའི“ཤེས་རབ་རྒན་པོ”ཡིན་པའི་སྤྱི་ཚོགས་ཤན་སྟོབས་བེད་སྤྱད་ནས། ཤི་གསོན་གྱི་གཅན་འཕྲང་ལ་ཚུད་པའི་མི་རིགས་སྐྱོ་པོ་དེའི་ལས་དབང་ལ། ལྷག་བསམ་རྣམ་དག་སྒོས་གདུང་འབོད་ཅི་ནུས་བརྒྱབ་སྟེ་ལས་ཀ་རྫོགས་མེད་བསྐྱོན་འདུག །

b “མི་རེ་རེ་བཞིན་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན།” ཞེས“རང་བཙན་བསྒྲགས་གཏམ”སྤེལ་ཏེ་དམངས་གཙོའི་རྒྱལ་ཁབ་བཙུགས་རུང་། བྲན་གཡོག་ལམ་ལུགས་སྔར་མུས་བཞིན་སོར་འཇོག་བྱས་ཡོད་པ་འདི། རྗེ་ཧྥོ་སན་དང་ཧྥུ་རན་ཁི་ལིན་སོགས་རང་དབང་སྨྲ་བའི་གསར་བརྗེ་བ་ཚོས་བལྟས་ན། ཨ་མེ་རི་ཀའི་བཟོད་དུ་མེད་པའི་ངོ་ཚ་དམར་ནག་ཅིག་དང་འཚོབ་ཐབས་མེད་པའི་རྨ་ཁ་གཏིང་རིང་ཞིག་རེད། ཡང་གནས་སྐབས་རིང་མངའ་སྡེ་བཅུ་གསུམ་པོའི་འདུན་མ་གཅིག་ཏུ་མཐུན་ཕྱིར། 《རང་བཙན་བསྒྲགས་གཏམ》ནས《ཨ་རིའི་རྩ་ཁྲིམས》བར། གསར་བརྗེའི་འགོ་པ་ཚོས་ལྷོ་ཕྱོགས་མངའ་སྡེའི་བྲན་ནག་ཉོ་ཚོང་གི་ཁེ་ཕན་ལ་འོས་མེད་མཐུན་ཐབས་བྱ་དགོས་བྱུང་། འོན་ཀྱང་བྲན་གཡོག་བཅིངས་འགྲོལ་གྱི་བྱ་གཞག་དཀའ་ཚེགས་ཅན་དེ་ལ། རྗེ་ཧྥོ་སན་དང་ཧྥུ་རན་ཁི་ལིན་གཉིས་ཀྱིས་མུ་མཐུད་དུ་འབད་འབུངས་ལྷོད་མེད་གནང་། དེ་ལས། ཧྥུ་རན་ཁི་ལིན་གྱིས་ཆེས་ཐོག་མར“བྲན་གཡོག་ལམ་ལུགས་རྩ་གཏོར་མཐུན་ཚོགས”བཙུགས་ཤིང་། ཡང་ཚོགས་གཙོ་ཡི་མིང་ཐོག་ནས་གཤམ་གསལ་སྐད་ཆ་གྲགས་ཅན་བསྒྲགས།

“བྲན་གཡོག་ལམ་ལུགས་ནི། མི་གཤིས་ལ་རྡོལ་རལ་གཏོང་སྟངས་ཤིག་རེད། དེ་གཙང་འཕྱག་མ་བཟོས་ན། ལན་རེར་སྤྱི་ཚོགས་ནག་ཉེས་རྔམ་པོ་ཆེའི་འབྱུང་རྐྱེན་དུ་འགྱུར་ཉེན་ཡོད།” 

“ལོ་ཟླ་རིང་མོའི་ནང་། སྒོ་ཕྱུགས་བཞིན་ཉོ་ཚོང་དང་བཀོལ་སྤྱོད་བྱས་པའི་སྐྱེ་བོ་ལས་ངན་འདི་དག །ནམ་རྒྱུན་མ་རབས་ཐ་ཤལ་དུ་འགྱུར་ཉེན་ཆེ། སྐབས་དེར་མི་ཞིག་ཡིན་པའི་དོན་པོ་ཡང་འཆོར་སླ། ཁོ་ཚོའི་ལུས་པོ་འཆིང་བྱེད་ལྕགས་སྒྲོག་གིས་ཁོ་ཚོའི་ཤེས་པ་གཅུན་ལ། ཁོ་ཚོ་སྤྱི་ཚོགས་ལ་ཡང་འདང་རྩིས་མེད་པར་བཟོ།”

“ངེས་པར་དུ། མི་དཀར་དང་ཁྱད་མེད་པའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་དབང་འཐོབ་པར་བྱས་ནས། མི་ནག་ཚང་མ་ཨ་རིའི་སྤྱི་འབངས་སུ་འགྱུར་པར་བྱ་དགོས།”

“བཅིངས་འགྲོལ་བྱས་རྗེས། ནང་སྒོས། ཁོ་ཚོའི་བྱིས་པ་དང་གཞོན་ནུ་ཚོར་རིག་གནས་ཤེས་བྱ་སྦྱང་དུ་བཅུག་སྟེ། ཁོ་ཚོར་རང་རྐྱ་ཐུབ་པའི་ལག་རྩལ་དང་ལས་རིགས་ཤིག་བསླབ་ཏུ་གཞུག་དགོས། དེ་མིན། ལས་རྒྱུ་མེད་དེ་ཁོམ་དྲགས་ན་མི་སུ་ཡིན་རུང་ནག་ཉེས་བཟོ་ཉེན་ཆེ།”

འདི་རྣམས་ཁ་ཞེ་གཉིས་མེད་ཀྱི་སྐད་ཆ་ཡིན་པར་ཁོ་བོ་ཡིད་ཆེས་ཡོད། དེ་ལ་ཡང་རྒྱུ་མཚན་ཡོད་དེ། ཧྥུ་རན་ཁི་ལིན་ཁོ་རང་ཉིད་ཆུང་བྱིས་པའི་དུས་ནས་གླ་གཡོག་རྒྱུག་མཁན་ཅིག་རེད་ལ། རིམ་བཞིན་ངལ་རྩོལ་དང་སློབ་སྦྱོང་། ད་རུང་ཞིབ་འཇུག་བཅས་ལ་བརྟེན་ཏེ་མཁས་པ་དང་མི་རིགས་ཀྱི་གཙོ་འཛིན་དུ་གྱུར་པ་རེད། འཚོ་བའི་དཀའ་ཚེགས་དང་རྩོལ་བའི་རིན་ཐང་གི་ཆ་ནས་གླེང་ན། རྗེ་ཧྥོ་སན་དང་ཝ་ཤེན་ཊིན་གཉིས་ལ་བལྟས་ན་ཡང་། ཧྥུ་རན་ཁི་ལིན་ལ་རུས་གསེང་དུ་ཟུག་འདྲའི་མྱོང་བ་ཟབ་མོ་མེད་མི་སྲིད། ཡང་དེ་ལྟའི་མྱོང་བ་ནས་བྲན་གཡོག་བཅིངས་འགྲོལ་གྱི་ཕྱིར་ཤ་ཐང་རུས་ཐང་བྱས་རུང་། ཧྥུ་རན་ཁི་ལིན་གྱིས་གསོན་ཐོག་ནས་རང་གི་འདུན་མ་མངོན་དུ་གྱུར་པ་མཐོང་མ་ཐུབ། དེ་ཡང་། ཨ་རིའི་སྒྲུང་གཏམ་མཁན་པོ་ཧྥུ་ཁི་ནཱས། “གོང་མ་ལྷ་ཡིས་མི་ནག་ལ་དམོད་བོར་ཡོད་པ་ཇི་བཞིན། མི་ནག་གིས་ཀྱང་མི་དཀར་ལ་དམོད་བོར་ཡོད”ཟེར་བ་ལྟར། མཐའ་མཇུག །མི་ནག་བྲན་གཡོག་བཅིངས་འགྲོལ་གྱི་རྩོད་གཞིའི་སྟེང་། ཨ་རི་ནས་་ལྷོ་བྱང་དམག་འཁྲུག་ལངས་ཏེ་ཚེ་སྲོག་བརྒྱ་ཁྲི་རྡུལ་དུ་བརླགས་པ་རེད། ཡང་དེ་འདྲའི་གླུད་ཚབ་རྔམ་པོ་ཆེའི་རིན་དོད་དུ། ཨ་རིའི་རྒྱལ་ཁབ་གཅིག་གྱུར་བྱུང་ཞིང་། ལྷག་དོན་མཐོ་ཁྱད་མེད་པར་ཁྲིམས་ཀྱི་བཀའ་གཙིགས་ལས་མི་འདའ་བའི་རྒྱལ་ཁམས་སུ་དར་བ་འདི་ཡང་ཅི་བས་མཛེས།

གང་ལྟར་ཡང་། དེ་རིང་གི་དབྱིན་ཏེ་ཨན་པ་དང་མི་ནག་གི་ཐོབ་ཐང་ཁྲོད། མི་ཚེ་རིང་མོ་མེ་གླིང་བྱང་མའི་སྤྱི་ཆུས་ལ་འབུལ་མཁན་ཨ་རིའི་བགྲེས་པོ་དེའི་དྲང་བདེན་དང་འདྲ་མཉམ་གྱི་བསམ་བློའི་ས་བོན་ཐེབས་ཡོད་པ་ལྟ་ཅི་སྨོས། ༼མུ་འགོད།༽

ཡོང་ཁུངས། སྐྱིད་རྟག


དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།