གཡུ་ཐོག་ཟམ་པ།

གཡུ་ཐོག་ཟམ་པ།

                   ས་དམར་གྲགས་པ། (ལྷ་ས།)

བྲང་ནས་བརྡོལ་པའི་ཚ་ལྷོག་ལྷོག་གི་ཁ་རླངས་།

མིག་ཟུང་ནས་ཆབ་རོམ་དུ་གྱུར།
གཡུ་ཐོག་ཟམ་པ་ཕར་ལ་དེད་ཀྱང་།

དྭངས་མོའི་ཆུ་ལ་གསེར་གྱི་རུ་མ་མི་འདུག

གཡུ་ལ་རྣམ་ཤེས་ཡོད་ན་ང་ལ་བླ་འབོད་གནོངས་དང་།

ཞོལ་དང་ལྷ་སའི་བར་གྱི། འཕྲིན་སྐྱེལ་ང་ཡིས་བྱ་ཆོག
ཕོ་བྲང་ནང་གི་གྲིབ་མས་ཟམ་པའི་སྣེ་ལ་འཇུས་པས།

ནང་གི་ཁ་རླངས་ཚ་མོ་དེའང་།

རྡོ་བའི་ཕྱི་ལ་ཐིམ་པས་སྙིང་གི་རུས་པ་གས།

ལག་འཇུ་མ་གློད་དང་། ང་རང་ཤིན་ཏུ་གྲང་།
མིག་གི་རྣམ་ཤེས་གྱང་ར་ཞིག་པོར་འཁྲེང་།

ཏུར་གྱིས་སད་པའི་དབྱངས་ཤིག་རྣ་བས་ཐོས།

སེམས་པར་སེམས་པས་བལྟས་ན།

གཡུ་ཐོག་ཟམ་པ་མཐོང་ཡོང་།
མིག་གིས་སེམས་པ་གཞེན་པས།

ཆུ་མོ་དེ་དང་མཇལ་བྱུང་།

ཉ་མོ་དེའང་འདུག་གིས།
གཡུ་ཆུང་སྐེ་ལ་བཏགས་ཡོད།

ཟམ་གདན་འགུལ་བ་མི་འདུག

ཡུ་ཐོག་ཟམ་པའི་སྒང་ལ།

འཛོམས་ཆིངས་ང་རས་ཞུས་ཆོག
               

༢༠༡༧། ལྷ་ས།

གྲགས་པ་རྒྱ་མཚོའམ་ས་དམར་གྲགས་པ། ཡང་ན་གཡག་རྭ།  ལོ་རབས་བརྒྱད་ཅུའི་ནང་མདོ་སྨད་ཅོ་ནེ་ས་དམར་དུ་སྐྱེས། ཆུང་དུས་སུ་གྲྭ་བ་བྱས་ཤིང་རྗེས་སུ་བོད་ལྗོངས་དང་པེ་ཅིང་སོགས་སུ་སློབ་སྦྱོང་བྱས། ད་བར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་དེབ་དང་ཚགས་ཤོག་སྟེང་བསྒྱུར་རྩོམ། གཞས་ཚིག ལྷུག་རྩོམ།བརྩམས་སྒྲུང་དང་ལོ་ཙཱ་བྱས་པའི་བརྩམས་ཆོས་སོགས་རྩོམ་ལུས་མི་འདྲ་བ་དུ་མ་བཀོད། སྔ་རྗེས་སུ་སྐབས་གསུམ་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་དང་། རྒྱལ་ཡོངས་སྐབས་དང་པོའི་བོད་རྒྱ་སྐད་གཉིས་ཀྱི༼ཐུ་བྷོད་སྙན་ངག་མཁན་པོའི༽མཚན་སྙན་བྱ་དགའ་སོགས་ཐོབ། ལྷུག་རྩོམ་སྙན་ངག་དེབ༼སེམས་ཚེགས༽དང་། སྙན་ངག་དེབ༼རྨི་ལམ་ནང་གི་འོད་ཁང་༽དང་། ༼གཡོས་ཁང་གི་མདོ༽དང་། རྒྱ་ཡིག་གི་སྙན་ངག་དེབ༼འོད་ཀྱི་སྒྲོག་གུ༽སོགས་དེབ་བཞི་པར་དུ་བསྐྲུན། བརྩམས་ཆོས་རེ་འགའ་ཨིན་སྐད་དང་། ཧྥ་རན་སེའི་སྐད། ཁོ་རེ་ཡའི་སྐད། ཉི་ཧོང་གི་སྐད། ཧ་སག་གི་སྐད། སུར་པཱན་གྱི་སྐད་དུ་བསྒྱུར་ཡོད། 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།