སྐྱབས་རྗེ་དིལ་མཁྱེན་རྡོ་རྗེ་འཆང་ཆེན་པོས།
དེ་ཡང་རང་རེ་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པའི་ཚུལ་ནི་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་གསུངས་པ་ལྟར་མདོ་སྔགས་ཀྱི་སྡེ་གཉིས་ཀས་མཛད་དགོས་པ་ལས། དེ་དག་གི་གནད་མདོ་ཙམ་ཞུ་ན། མདོ་ལམ་པས་ཚུལ་ཁྲིམས་སྲུང་དགོས་པ་དང༌། སྔགས་ལམ་པས་ཚུལ་ཁྲིམས་སྲུང་མི་དགོས་པ་མིན་ཀྱང༌། དེང་སང་མདོ་ཉམས་ལེན་བྱེད་པ་རྣམས་ཀྱིས་སྡོམ་པ་སྲུང་དགོས་པ་དང༌། སྔགས་ལམ་པས་སྤྱོད་པ་བག་ཡོད་ལ་བསྟེན་མི་དགོས་པའི་ལོག་རྟོག་གིས་དེ་གཉིས་འགལ་འདུར་འགྲོ་བ་ཡིན། མདོ་ལམ་པས་ཚུལ་ཁྲིམས་སྲུང་བ་དེ་ཡང་ཕྱི་ལུས་ངག་ཙམ་ལས་ནང་སེམས་བག་ཡོད་ཀྱིས་སྡོམ་མི་དགོས་པ་དང༌། སྔགས་ལམ་པས་ནང་སེམས་ཀྱི་ལྟ་དགོངས་གཙོ་བོ་ལས་ཕྱི་ལུས་དང་ངག་བག་ཡོད་མི་དགོས་པ་མིན། མདོ་ལམ་ནས་སེམས་ལ་ངེས་འབྱུང་དང་དྲན་ཤེས་ཀྱིས་རྒྱུད་མ་བསྡམས་ན་ཚུལ་ཁྲིམས་སྲུང་བའི་ཐབས་མེད། སྔགས་ལམ་ནས་ལུས་ངག་གི་སྤྱོད་པ་ལ་ཡེ་ཤེས་ཀྱི་རྒྱས་མ་ཐེབས་པར་ཐ་མལ་གྱི་སྣང་སྤྱོད་དུ་ཤོར་ན་སྔགས་སྡོམ་རྣམ་པར་དག་པའི་དུས་མི་འོང་བས། མདོ་སྔགས་གཉིས་ཀ་ནས་ལུས་ངག་ཡིད་གསུམ་ཉེས་སྤྱོད་སྡོམ་དགོས་པ་ལ་ཁྱད་མེད་དུ་ཤེས་དགོས། དེའི་སྟེང་དུ་རང་རང་གི་རྒྱུད་དག་པའི་ཐབས་ལ་འབད་པ་དགེ་བ་ཆོས་སྡུད། ཐེག་ཆེན་པས་དེ་ཐམས་ཅད་གཞན་ཕན་གྱི་བློས་ཟིན་པས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སུ་འགྱུར་བ་ཡིན།
རྒྱ་གར་འཕགས་པའི་ཡུལ་དུ་འདུལ་ཁྲིམས་གཙང་བའི་ཚད་དཔལ་ལྡན་ཟླ་བ་གྲགས་པ་ལྟ་བུ་ཡང་གསང་བ་འདུས་པས་གྲུབ་པ་བརྙེས་པ་དང༌། ཇོ་བོ་རྗེས་ཉེ་གནས་ལ་བསམ་ཡས་མཆིམས་ཕུ་ན་ཐབས་ལམ་གྱི་གསང་ཁྲིད་གནང་བའི་ལོ་རྒྱུས་དང༌། བོད་ཀྱི་ཡུལ་དུ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དང༌། མཉམ་མེད་དྭགས་པོ། རྗེ་བདག་ཉིད་ཆེན་པོ། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་སོགས་འདུལ་བ་འཛིན་པའི་མཆོག་རྣམས་ཀྱང་དོན་དུ་སྔགས་ལམ་ནས་མཆོག་གི་དངོས་གྲུབ་བརྙེས་པ་དང༌། སློབ་དཔོན་ཆེན་པོ་ཙནྡྲ་གཽ་མི། ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན། འབྲོམ་སྟོན་པ། རྗེ་བཙུན་མི་ལ་རས་པ་དང༌། སྨིན་གླིང་གཏེར་ཆེན་རིན་པོ་ཆེ་སོགས་ཁྲི་རྒྱུད་ཐམས་ཅད་རྟེན་སོ་ཐར་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་རྣམ་ཐར་ལ་དཔྱད་ན་སྔགས་པས་སོ་ཐར་གྱི་སྡོམ་པ་བཞེས་མི་རུང་བ་མིན་པ་གསང་སྔགས་དབང་གི་ཐོག་མར་སྡོམ་བཟུང་ཡོད་པས་ཤེས་ནུས། ཀློག་པ་ཐོས་བསམ་དང༌། སྤང་བ་བསམ་གཏན་གཉིས་ནི་ནམ་ཡང་འགལ་འདུར་མི་གནས་ཏེ། ཐོས་པའི་མཐར་ཐུག་ཉམས་ལེན་གནད་དུ་དྲིལ་མ་ཤེས་ན་གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་ཤར་བའ་ིཐབས་མེད། སྒོམ་པ་ཆོས་ཉིད་ཀྱི་དོན་རྟོགས་ན་ཐོས་པ་རྩལ་དུ་མ་བཏོན་ཀྱང་མཁས་པའི་ཕུལ་དུ་འགྱུར་སྟེ་སྣང་སྲིད་དཔེ་ཆར་ཤར་བ་ཡིན། གང་ཟག་རིམ་གྱིས་པ་ཐ་མལ་ཞིག་གི་དབང་དུ་བྱས་ན་རང་གི་ཉམས་སུ་ལེན་པའི་ལམ་དེ་ཐོས་པས་མཐའ་མ་ཆོད་ན་རང་ལམ་སྒྲ་ཇི་བཞིན་དུ་བསྒྲོད་མི་ནུས། བསམ་པས་མན་ངག་གི་གནད་དོན་མ་ངེས་ན་ལྟ་སྒོམ་ཡང་དག་མི་ཤེས། སྒོམ་པས་ཉམས་མྱོང་གིི་དྲོད་ཚད་མ་རྙེད་ན་ཐོས་པ་དོན་མེད་དུ་འགྱུར། རིག་པའི་གནས་ལྔ་མཁས་པའང་དེའི་ཚིག་དོན་དེ་སེམས་རྒྱུད་ལ་མ་འབྱོར་ན་བདག་འཛིན་དང་ཉོན་མོངས་ཀྱི་གཉེན་པོར་མི་འགྲོ་བས་ཐོས་དོན་སྒོམ་པས་མཐའ་སྐྱེལ་དགོས།
སྒོམ་པ་སྤྱི་དང་ཁྱད་པར་གསང་སྔགས་ཀྱི་ཟབ་དོན་ཕྱག་རྫོགས་ཀྱི་ལྟ་བ་བསྒོམ་པ་ལ་ཐོས་པས་སྒྲོ་འདོགས་མ་ཆོད་ན་ལམ་མཐར་ཐུག་གི་གནད་ཤེས་པར་ཤིན་ཏུ་དཀའ། ཐོས་དོན་སྒོམ་པ་ལ་སྦྱོར་བས་འཕགས་པའི་སྤང་རྟོགས་མཐོང་བའི་ཆོས་ལ་བརྙེས་པ་འཕགས་ཡུལ་གྱི་ཤིང་རྟ་གཉིས་དང༌། རྒྱལ་སྲས་ཞི་བ་ལྷ། བོད་ཀྱི་ཀུན་མཁྱེན་ཀློང་ཆེན་པ་ལྟ་བུ་ཡིན། སྒོམ་པ་ཀློང་དུ་གྱུར་པས་མཁས་པའི་རྩེ་མོར་སོན་པ་རྗེ་བཙུན་མི་ལ་དང༌། ཀུན་མཁྱེན་འཇིགས་མེད་གླིང་པ་ལྟ་བུ་ཡིན། དེས་ན་རྗེ་བདག་ཉིད་ཆེན་པོས་ལམ་རིམ་དུ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང༌། ཀུན་མཁྱེན་ཀློང་ཆེན་པ་ཡབ་སྲས་ཀྱིས། མདོ་སྔགས་ཀྱི་ཆོས་ཐམས་ཅད་གཞུང་ལམ་གཅིག་ཏུ་སྟོན་པ་ཡིད་བཞིན་རིན་པོ་ཆེའི་མཛོད་དུ་གསུངས་པའི་དགོངས་པ་ལ་ཐུགས་གཞོལ་བ་ལས། དེང་སང་མདོ་སྔགས་ཀྱི་སྡེ་གཉིས་དང༌། ཐོས་སྒོམ་གཉིས་མེ་ཆུ་ལྟར་འགལ་འདུར་བཟུང་བས་བསྟན་པ་རྙོགས་མ་ཅན་དུ་གྱུར་པ་ལ་བསམ་ནས་ཚད་ལྡན་མཁས་གྲུབ་ཀྱི་བཞེད་པ་ལྟར་ཞུས་པ་ལ་ཐུགས་གཞིག་ཞིབ་ཏུ་གནང་བར་ཞུ།
འདི་བཞིན་བལ་ཡུལ་མཆོད་རྟེན་དུ་༧སྐྱབས་རྗེ་དིལ་མཁྱེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་འབུམ་པོད་༡༢བཀླག་ལུང་སྩོལ་སྐབས་འཁྲུལ་ཞིག་རིན་པོ་ཆེའི་ཞལ་སློབ་ངག་དབང་ལེགས་བཤད་ནས་མདོ་སྔགས་འགལ་མེད་དུ་སྟོན་པའི་བཀའ་སློབ་ཅིག་ཞུ་རོགས་བརྗོད་པ་བཞིན་སྙན་སྒྲོན་ཞུས་པར་བསྩལ་བ་ལགས་སོ། །དགེ་ཞིང་བཀྲ་ཤིས།