༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་༧རྒྱལ་དབང་ཡིད་བཞིན་ནོར་བུ་སྐུ་འཕྲེང་བཅུ་བཞི་བ་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་གཏམ་བཀྲ་ཤིས་དབྱར་རྔ་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་ཨརྱ་ལོ་ཀེ་ཤྭཿར་ཡ།

༼༡༽
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །
གཟིགས་པ་རྣམ་བཞིས་མདོ་སྨད་ཙོང་ཁའི་ཞིང་། །
ཞིང་འདིའི་སྐྱེ་འགྲོའི་མགོན་དཔུང་ཟླ་མེད་མཆོག །
མཆོག་སྤྲུལ་གཟི་འབར་ཉི་གཞོན་ཤར་ལ་བསྟོད། །

༼༢༽
དགུང་ལོ་བཞི་ནས་དབུས་འགྱུར་ཞིང་ཕེབས་ཀྱང་། །
འཇིགས་རུང་དུག་སྦྲུལ་གདུག་པའི་ཚང་དུ་ཚུད། །
འོན་ཀྱང་གཞོམ་བྲལ་ཐུགས་བསྐྱེད་གོ་ཆའི་མཐུས། །
གང་སྐུ་མཁའ་ལྡིང་ཤོག་རྩལ་རྒྱས་ལ་བསྟོད། །

༼༣༽
དགུང་གྲངས་བཅོ་ལྔར་གསན་བསམ་ལྷུར་ལེན་པར། །
མཐའ་དམག་ཀླ་ཀློས་བོད་ཁམས་གཏོར་བཅོམ་གྱིས། །
སྐུ་དྲག་བཙན་པོ་ཨུ་ཐུག་ཐབས་ཟད་དུས། །
ཆོས་སྲིད་འགན་དབང་བདག་གིར་བཞེས་ལ་བསྟོད། །

༼༤༽
ཕྱི་ལུགས་དགུང་ལོ་བཅྭོ་བརྒྱད་བཞེས་པ་ན། །
གཡོ་ཅན་བསྟན་དགྲའི་ཆེད་དུ་སྐོང་འགུགས་ལྟར། །
བོད་ཡུལ་སྣོད་བཅུད་མྱུར་སྐྱོབས་དོན་ཆེན་ཕྱིར། །
རྒྱལ་ས་པེ་ཅིན་ཆིབས་བསྒྱུར་བསྐྱངས་ལ་བསྟོད། །

༼༥༽
བཙན་འཛུལ་དགྲ་སྡེའི་དྲག་གནོན་ཟློག་ཐབས་དང་། །
དགྲ་སྡེའི་གཡོ་ཇུས་ངན་མཚང་མཐིལ་རྟོགས་ནས། །
ཐབས་མཁས་མཛད་པས་ས་ཆེན་གཡོ་བཞིན་ཏུ། །
སླར་ཡང་གངས་ལྗོངས་ཞབས་སོར་འཁོད་ལ་བསྟོད། །

༼༦༽
དམར་ཤོག་བཙན་འཛུལ་དྲག་པོའི་བཙན་གནོན་འོག །
ཐབས་མཁས་ཐུགས་རྗེས་ལན་དགུ་ཆད་མཐུད་ངང། །
གངས་ཅན་བསྟན་སྲིད་རླུང་རྟ་མཐོར་འདེགས་ཀྱིས། །
ཞུམ་མེད་སྙིང་སྟོབས་གཏེར་ཆེན་ཁྱེད་ལ་བསྟོད། །

༼༧༽
བསྟན་དགྲ་རྒྱ་དམར་གཞུང་གི་འགོག་རྐྱེན་སོགས། །
ཡོངས་གཏོར་ཐུབ་པའི་རྗེས་དྲན་མཛད་ཆེན་དུ། །
འཕགས་ཡུལ་ཆེད་ཕེབས་འཕགས་བོད་འབྲེལ་ལམ་གནད། །
ཉིན་གཞོན་འཆར་ལྟར་གསལ་མཛད་ཁྱེད་ལ་བསྟོད། །

༼༨༽
སླར་ཡང་གངས་རིའི་ལྗོངས་སུ་ཆིབས་བསྒྱུར་གྱིས། །
བཙན་འཛུལ་རྒྱ་དམར་དམག་དཔོན་གཏུམ་པོ་ལ། །
མེས་ཚིག་མེར་གཏུག་གངས་ལྗོངས་སྐྱོབ་ཐབས་སུ། །
ཐབས་མཁས་མཛད་བརྒྱ་སྐྱོང་མཛད་ཁྱེད་ལ་བསྟོད། །

༼༩༽ རབ་རྒྱལ་ས་ཕག་གཅིག་དག་ང་དགུ་ལོར། །
གཏུམ་དྲག་དགྲ་སྡེས་མ་རུང་གཡོ་ཇུས་ཀྱིས། །
གངས་ཅན་བསྟན་སྲིད་སྲོག་རྩ་གཅོད་འདོད་དང་། །
བོད་ཁམས་གསང་བའི་ཁྱུར་མིད་བརྩོན་པ་ན། །

༼༡༠༽
གངས་ལྗོངས་བསྟན་འགྲོའི་༸སྐྱབས་མགོན་པད་དཀར་འཆང་། །
ཁྱེད་ཀྱིས་དུས་གསུམ་སྤྱི་དང་འབྱུང་འགྱུར་ཀུན། །
གཟིགས་ནས་སྒྲ་གཅན་ཁ་ནས་ཉི་ཟླ་ལྟར། །
འཕགས་ཡུལ་བཙན་བྱོལ་ཆེད་ཕེབས་མཛད་ལ་བསྟོད། །

༼༡༡༽
སྡིག་ཅན་དགྲ་སྡེས་སྡིག་པ་མིག་བཙུམས་ཀྱིས། །
ལོ་རབས་བརྒྱ་ཕྲག་བཞི་ཉེའི་ལོ་རྒྱུས་ཅན། །
གནམ་བསྐོས་གཞུང་ས་དགའ་ལྡན་ཕོ་བྲང་གཞུང་། །
དེ་རིང་ནས་བཟུང་ཕྱིར་བསྡུ་བྱས་བསྒྲགས་ཚེ། །

༼༡༢༽
དགྲ་སྡེའི་གཏམ་དེར་ཚ་ནན་དགག་ལན་དང་། །
ཁ་བ་ཅན་གྱི་འཕྲལ་ཕུགས་རྒྱང་གསུམ་སོགས། །
ཆེད་གཟིགས་གཡུལ་རྒྱལ་ལྷུན་རྩེ་རྫོང་ནས་བཟུང་། །
བོད་གཞུང་མང་གཙོར་རྒྱུན་འཁྱོངས་མཛད་ལ་བསྟོད། །

༼༡༣༽
ན་གཞོན་ཤེས་ཡོན་རྒས་འཁོགས་ལྟ་སྐྱོང་ཁང་། །
ཆོས་རིག་འཛིན་སྐྱོང་འབངས་ཀྱི་བདེ་ཐབས་སོགས། །
ལག་ཤེས་བཟོ་ཞིང་ཆབ་དཔལ་རིག་གསུམ་ཀུན། །
མི་སྨོན་རང་སྐྱིད་སྤྱི་ཚོགས་བསྐྲུན་ལ་བསྟོད། །

༼༡༤༽
རླབས་ཆེན་ཐུགས་བསྐྱེད་དམ་བཅའ་བཞི་ལྡན་གྱིས། །
འཇིག་རྟེན་ཞི་བདེའི་ལམ་ཆེན་སྒྱུར་བའི་མགོན། །
བརྒྱ་ཕྲག་གཟེངས་རྟགས་བཞེས་པའི་སེམས་དཔའ་ཆེ། །
༸གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོར་བསྟོད། །

༼༡༥༽
ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །
རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས། །
༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང་། །
གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག །

ཅེས་བོད་རབ་གནས་ཆུ་སྟག་ལོའི་ཆུ་སྟོད་ཟླ་བའི་ཚེས་༢༧་དང་། ཕྱི་ལོ་༢༠༢༢་ལོའི་ཟླ་༨་ཚེས་༢༤་རེས་གཟའ་ལྷག་དཀར་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་སྐུ་དྲིན་དྲན་པའི་སྒོ་ནས་ཁོ་བོ་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་གྱིས་གོང་གསལ་ཤོ་ལོ་ཀ་བཅུ་བཞི་ཐོལ་བྱུང་དུ་བྲིས་ཤིང་། ལོ་མང་གོང་ནས་རང་ཉིད་ཀྱིས་བྲིས་པའི་༸གོང་ས་ཡིད་བཞིན་ནོར་བུའི་ཞབས་བརྟན་གསོལ་འདེབས་ཤོ་ལོ་ཀ་དེ་མཐར་བཀོད་ནས་གྲུབ་པར་བགྱིས་པ་དགེའོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།