བོད་རྒྱལ་ལོ་༢༡༤༨རབ་བྱུང་བཅུ་བདུན་པའི་ལྕགས་གླང་ལོའི་བོད་ཟླ་༡༡ པའི་ཚེས ༢༤ དང་། ཕྱི་ལོ ༢༠༢༢ཕྱི་ཟླ་༡ཚེས་༢༦ཉིན་རྡོ་གྲུབ་སྐུ་འཕྲེང་བཞི་བ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་བོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་འདི་ག་གསེར་རྟའི་དྲ་ཚིགས་རྩོམ་སྒྲིག་ཁང་གི་ངོས་ནས་གཞིས་བཞུགས་དབལ་ཤུལ་གསེར་རྟ་བ་ཡོངས་ཀྱི་ཚབ་ཞུས་ཏེ། རིན་པོ་ཆེའི་ཤུལ་ལུས་ལྟོས་བཅས་རྣམས་དང་། དད་ལྡན་སློབ་འབངས་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་། རིན་པོ་ཆེ་ཁོང་གིས་སྐུ་ཚེ་གང་བོར་བསྟན་པ་སྤྱི་དང་། ལྷག་པར་དུ་གསང་ཆེན་སྔ་འགྱུར་བའི་བསྟན་པ་ལ་མཛད་རྗེས་རླབས་ཆེན་བཞག་འདུག་པར་བཀའ་དྲིན་རྗེས་དྲན་ཞུ། ཁོང་ནི་དབལ་ཤུལ་གསེར་རྟ་དཔོན་གྱི་མངའ་ཁོངས་སུ་འབྲོག་སྦྲ་ནག་ལ་ཁྱི་སྡེ་གཅིག རོང་ས་ཞིང་ཅན་ལ་ཁྲི་སྡེ་གཅིག་བཅས་ཁྲི་སྣ་འདོར་གཉིས་སུ་གྲགས་པའི་ཕྱི་མའི་ནང་ཚན་གསེར་ཆུའི་འགྲམ་ཙི་གྲོང་པ་ཞེས་པར། ཕྱི་ལོ་༡༩༢༧ལོར་སྐུ་འཁྲུངས་ཤིང་དགུང་གྲངས་བཞིའི་ཐོག་གྲུབ་ཆེན་དགོན་དུ་ཁྲིར་བཀོད།
དགུང་ལོ་སོ་གཅིག་བཞེས་པ་ཕྱི་ལོ་༡༩༥༧ལོར་འབྲས་ལྗོངས་སྒང་ཏོག་ཏུ་ཕེབས། ཕྱི་ལོ་༡༩༦༠ ལོ་ནས་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་པའི་འགན་བཞེས་པ་དང་། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ་སོགས་ཀྱི་ཆོས་ཆར་མཐའ་ཡས་པ་ཕབ། འབྲས་ལྗོངས་སུ་རྡོ་གྲུབ་མཆོད་རྟེན་དགོན་ཕྱག་འདེབས་མཛད་པ་སོགས་སྐུ་ཚེ་གང་བོར་བསྟན་འགྲོར་ཕན་པའི་མཛད་པ་བསྐྱངས། གོང་ཚེས་ཉིན་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ཉིད་ཀྱི་གདན་ས་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་རྡོ་གྲུབ་མཆོད་རྟེན་དགོན་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས་ཏེ་ཐུགས་དམ་ལ་བཞུགས་མུས་སུ་མཆིས། འདི་ཟླའི་ཕྱི་ཚེས་༢༩ ཉིན་ནས་དགོངས་རྫོགས་ཀྱི་མཆོད་འབུལ་སྨོན་ལམ་དབུ་འཛུགས་དང་། རྡོ་གྲུབ་མཆོད་རྟེན་དགོན་ཐེབས་རྩ་ཁང་ནས་གསལ་བསྒྲགས་ནང་གསལ་ལྟར་དད་ལྡན་སློབ་འབངས་སེར་སྐྱ་ཡོངས་ལ་ཕྱི་ཟླ་༢ ཚེས་༡ཉིན་ནས་སྐུ་གདུང་མཇལ་ཁ་གནང་འཆར་རེད་འདུག