གླིང་ཚོམ།

ངེད་ཀྱི་མིག་གིས་ཟིན་པའི་ཁྲུང་ཁྲུང་ནི།
བསྡུས་བརྗོད་ཀྱི་ཤམ་བྷ་ལ་འཚོལ་མཁན་ཞིག་ཡིན་ལ།
སྐོམ་གྱི་གདུང་བ་མེད་པའི་ཁྲུང་ཁྲུང་དེ་ཉིད།
འཇིག་རྟེན་པའི་ཁྲུང་ཁྲུང་ཞིག་ཡིན་ས་མེད་མོད།
ངེད་རང་གིས་བལྟས་བལྟས་པའི་ཁྲུང་ཁྲུང་ནི་ཡིན་ས་ཡོད་དེ།
གང་ནས་བལྟས་ཀྱང་དེ་ནི་ངའི་མིག་ལམ་གྱི་ཁྲུང་ཁྲུང་ཡིན་འདུག་སྐད།
ཁྲུང་ཁྲུང་གིས་བསགས་བསགས་པ་རྣམས་རྟག་ཏུ་མི་བརྗེད་པའི་གཟུངས་སུ།
ངེད་རང་དྲན་པ་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་ངག་བསྡམས་སོ། །

རྨི་ལམ་དང་ལྟ་མགུར་གྱིས་གསོས་པའི་ཁྲུང་ཁྲུང་དེ།
རྨི་ལམ་དང་ལྟ་མགུར་གྱི་རྗེས་སུ་འཚུབ་པ་མཐོང་།
བསྐལ་བའི་མཇལ་འཕྲད་ཁྱོད་ནི་ངའི་སྔུན་གྱི་ལམ་མཁན་ཡིན་པས།
དེ་ནས་བཟུང་ངེད་རང་ལྟ་མགུར་ལ་བསྐྱོན།   རྨི་ལམ་གྱིས་འཚོ་དགོས་བྱུང་།

ངེད་ཀྱི་མིག་གིས་ཟིན་པའི་འབྲོང་ནི།
ཡུལ་ལྗོངས་ཧྲིལ་བོ་བསྒུལ་ནུས་པ་ཞིག་ཡིན་ལ།
སྔུན་གྱི་ལམ་སྣ་འདྲེན་མཁན་གྱི་བླ་ཟོག་དེ་ཉིད།
འོ་ཅག་གི་སྲིད་པའི་ཉག་ཁ་ནས་གཤར་འོངས་པའི་འབྲོང་ནི་ཡིན་ས་མེད་མོད།
ངེད་རང་གིས་བལྟས་བལྟས་པའི་འབྲོང་ནི་ཡིན་ས་ཡོད་དེ།
གང་ནས་བལྟས་ཀྱང་དེ་ནི་ངའི་མིག་ལམ་གྱི་འབྲོང་ཡིན་འདུག་སྐད།
འབྲོང་གིས་བསགས་བསགས་པ་རྣམས་རྟག་ཏུ་མི་བརྗེད་པའི་གཟུངས་སུ།
ངེད་རང་དྲན་པ་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་ངག་བསྡམས་སོ། །

རྨི་ལམ་དང་ལྟ་མགུར་གྱིས་གསོས་པའི་འབྲོང་དེ།
རྨི་ལམ་དང་ལྟ་མགུར་གྱི་རྗེས་སུ་འགྲེང་བ་མཐོང་།
བསྐལ་བའི་མཇལ་འཕྲད་ཁྱོད་ནི་ངའི་སྔུན་གྱི་ལམ་མཁན་ཡིན་པས།
དེ་ནས་བཟུང་ངེད་རང་ལྟ་མགུར་ལ་བསྐྱོན།   རྨི་ལམ་གྱིས་འཚོ་དགོས་བྱུང་།

ངེད་ཀྱི་མིག་གིས་ཟིན་པའི་བྱ་རྒོད་ནི།
གྲོང་ཆོག་པའི་རྐང་གླིང་གིས་འགུགས་མི་ནུས་པ་ཞིག་ཡིན་ལ།
ཐག་པ་གཅོད་པའི་ཆེད་དུ་ངལ་བ་བསྐྱེད་པའི་བྱ་རྒོད་དེ་ཉིད།
ཤ་ཞེན་གྱིས་བཏགས་པའི་བྱ་རྒོད་ནི་ཡིན་ས་མེད་མོད།
ང་རང་གིས་བལྟས་བལྟས་པའི་བྱ་རྒོད་ནི་ཡིན་ས་ཡོད་དེ།
གང་ནས་བལྟས་ཀྱང་དེ་ནི་ངའི་མིག་ལམ་གྱི་བྱ་རྒོད་ཡིན་འདུག་སྐད།
བྱ་རྒོད་ཀྱིས་བསགས་བསགས་པ་རྣམས་རྟག་ཏུ་མི་བརྗེད་པའི་གཟུངས་སུ།
ང་རང་དྲན་པ་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་ངག་བསྡམས་སོ།།

རྨི་ལམ་དང་ལྟ་མགུར་གྱིས་གསོས་པའི་བྱ་རྒོད་དེ།
རྨི་ལམ་དང་ལྟ་མགུར་གྱི་རྗེས་སུ་འཕྱོ་བ་མཐོང་།
བསྐལ་བའི་མཇལ་འཕྲད་ཁྱོད་ནི་ངའི་སྔུན་གྱི་ལམ་མཁན་ཡིན་པས།
དེ་ནས་བཟུང་ངེད་རང་ལྟ་མགུར་ལ་བསྐྱོན།    རྨི་ལམ་གྱིས་འཚོ་དགོས་བྱུང་།

ངེད་ཀྱི་མིག་གིས་ཟིན་པའི་འཕྲུ་ནག་ནི།
མངོན་བརྗོད་ཀྱི་རྔ་རྔོག་ཡོད་སའི་ནག་པོ་ནག་རྐྱང་གི་རྟ་ཁྱུ་ཞིག་ཡིན་ལ།
འཇིག་རྟེན་གྱི་ཆེས་ནག་་ཤོས་ཀྱི་རྟ་ཁྱུ་དེ་ཉིད།
གཡུང་གིས་བཟུང་བའི་རྟ་ཁྱུ་ནི་ཡིན་ས་མེད་མོད།
ང་རང་གིས་བལྟས་བལྟས་པའི་རྟ་ཁྱུ་ནི་ཡིན་ས་ཡོད་དེ།
གང་ནས་བལྟས་ཀྱང་དེ་ནི་ངའི་མིག་ལམ་གྱི་འཕྲུ་ནག་ཡིན་འདུག་སྐད།
འཕྲུ་ནག་གིས་བསགས་བསགས་པ་རྣམས་རྟག་ཏུ་མི་བརྗེད་པའི་གཟུངས་སུ།
ང་རང་དྲན་པ་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་ངག་བསྡམས་སོ།།

རྨི་ལམ་དང་ལྟ་མགུར་གྱིས་གསོས་པའི་འཕྲུ་ནག་དེ།
རྨི་ལམ་དང་ལྟ་མགུར་གྱི་རྗེས་སུ་འཇུག་པ་མཐོང་།
བསྐལ་བའི་མཇལ་འཕྲད་ཁྱོད་ནི་ངའི་སྔུན་གྱི་ལམ་མཁན་ཡིན་པས།
དེ་ནས་བཟུང་ངེད་རང་ལྟ་མགུར་ལ་བསྐྱོན།   རྨི་ལམ་གྱིས་འཚོ་དགོས་བྱུང་།

ངེད་ཀྱི་མིག་གིས་ཟིན་པའི་ཨ་ནེ་ནི།
གཏན་དུ་འཛུམ་བོར་བའི་སྐལ་བཟང་ལྷ་མོ་ཡིན་ལ།
རྟོག་འཆར་གྱི་སྙིང་ག་ན་དཀར་ནག་གཉིས་སུ་འཚེར་བའི་ཨ་ནེ་དེ་ཉིད།
འཛུམ་དང་འགྲོགས་པའི་ཨ་ནེ་ནི་ཡིན་ས་མེད་མོད།
ང་རང་གིས་བལྟས་བལྟས་པའི་ཨ་ནེ་ཉིད་ནི་ཡིན་ས་ཡོད་དེ།
གང་ནས་བལྟས་ཀྱང་དེ་བ་ནི་ཤིན་ཏུ་རྣམ་འབྱོར་གྱི་ཨ་ནེ་ཡིན་འདུག་སྐད།
ཨ་ནེས་བསགས་བསགས་པ་རྣམས་རྟག་ཏུ་མི་བརྗེད་པའི་གཟུངས་སུ།
ང་རང་དྲན་པ་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་ངག་བསྡམས་སོ། །

རྨི་ལམ་དང་ལྟ་མགུར་གྱིས་གསོས་པའི་ཨ་ནེ་དེ།
རྨི་ལམ་དང་ལྟ་མགུར་གྱི་རྗེས་སུ་འབྲངས་པ་མཐོང་།
བསྐལ་བའི་མཇལ་འཕྲད་ཁྱོད་ནི་ངའི་སྔུན་གྱི་ལམ་མཁན་ཡིན་པས།
དེ་ནས་བཟུང་ངེད་རང་ལྟ་མགུར་ལ་བསྐྱོན།   རྨི་ལམ་གྱིས་འཚོ་དགོས་བྱུང་།

ངེད་ཀྱི་མིག་གིས་ཟིན་པའི་འབྲི་མར་ནི།
གེ་ཁོད་ཀྱི་གསང་བའི་སྔགས་བཏབ་པའི་ཞང་ཞུང་བཙོ་མར་ཡིན་ལ།
ངག་སྡོམ་པ་ལ་དབང་འབྱོར་བའི་བཙོ་མར་དེ་ཉིད།
འོ་ཅག་གི་ཆུ་རྒོད་ཀྱིས་སྦྱངས་ནུས་པའི་འབྲི་མར་ནི་ཡིན་ས་མེད་མོད།
ང་རང་གིས་བལྟས་བལྟས་པའི་འབྲི་མར་ནི་ཡིན་ས་ཡོད་དེ།
གང་ནས་བལྟས་ཀྱང་དེ་ནི་ངའི་མིག་ལམ་གྱི་འབྲི་མར་ཡིན་འདུག་སྐད།
འབྲི་མར་གྱིས་མྱངས་མྱངས་པ་རྣམས་རྟག་ཏུ་མི་བརྗེད་པའི་གཟུངས་སུ།
ང་རང་དྲན་པ་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་ངག་བསྡམས་སོ།།

རྨི་ལམ་དང་ལྟ་མགུར་གྱིས་གསོས་པའི་འབྲི་མར་དེ།
རྨི་ལམ་དང་ལྟ་མགུར་གྱི་རྗེས་སུ་བཙོས་པ་མཐོང་།
བསྐལ་བའི་མཇལ་འཕྲད་ཁྱོད་ནི་ངའི་སྔུན་གྱི་ལམ་མཁན་ཡིན་པས།
དེ་ནས་བཟུང་ངེད་རང་ལྟ་མགུར་ལ་བསྐྱོན།  རྨི་ལམ་གྱིས་འཚོ་དགོས་བྱུང་།

ངེད་ཀྱི་མིག་ལམ་གྱི་བླ་སྡོང་ནི།
སྐོམ་བསྔལ་གྱི་རྣམ་སྨིན་ལས་ཐར་བ་ཞིག་ཡིན་ལ།
མངོན་སུམ་དང་དངོས་ཡོད་བར་ནས་སྤྲུལ་བའི་བླ་སྡོང་དེ་ཉིད།
སྒྱུ་མ་ཆུ་ལུད་ཀྱིས་ནམ་ལངས་པའི་སྡོང་རྒན་ཞིག་ཡིན་ས་མེད་མོད།
ང་རང་གིས་བལྟས་བལྟས་པའི་བླ་སྡོང་ནི་ཡིན་ས་ཡོད་དེ།
གང་ནས་བལྟས་ཀྱང་དེ་ནི་ངའི་མིག་ལམ་གྱི་བླ་སྡོང་ཡིན་འདུག་སྐད།
བླ་སྡོང་གིས་བསགས་བསགས་པ་རྣམས་རྟག་ཏུ་མི་བརྗེད་པའི་གཟུངས་སུ།
ང་རང་དྲན་པ་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་ངག་བསྡམས་སོ། །

རྨི་ལམ་དང་ལྟ་མགུར་གྱིས་གསོས་པའི་བླ་སྡོང་དེ།
རྨི་ལམ་དང་ལྟ་མགུར་གྱི་རྗེས་སུ་སྐྱེ་བ་མཐོང་།
བསྐལ་བའི་མཇལ་འཕྲད་ཁྱོད་ནི་ངའི་སྔུན་གྱི་ལམ་མཁན་ཡིན་པས།
དེ་ནས་བཟུང་ངེད་རང་ལྟ་མགུར་ལ་བསྐྱོན།  རྨི་ལམ་གྱིས་འཚོ་དགོས་བྱུང་།

ངེད་ཀྱི་མིག་ལམ་གྱི་པ་སངས་ནི།
དུས་རབས་གཉིས་ལ་རྨི་ལམ་འཚོལ་མཁན་གྱི་མི་སྣ་ཞིག་ཡིན་ལ།
བསམ་གཞིགས་ཀྱིས་མི་ཁོམ་པར་བཏང་བའི་མི་སྣ་དེ་ཉིད།
ཁྱོད་ཀྱི་མིག་ལམ་གྱི་སྐྱེ་བོ་ཞིག་ཡིན་ས་མེད་མོད།
ང་རང་གིས་བལྟས་བལྟས་པའི་མི་སྣ་ནི་ཡིན་ས་ཡོད་དེ།
གང་ནས་བལྟས་ཀྱང་དེ་ནི་ངའི་མིག་ལམ་གྱི་མི་སྣ་ཡིན་འདུག་སྐད།
པ་སངས་ཀྱིས་བསགས་བསགས་པ་རྣམས་རྟག་ཏུ་མི་བརྗེད་པའི་གཟུངས་སུ།
ང་རང་དྲན་པ་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་ངག་བསྡམས་སོ། །

རྨི་ལམ་དང་ལྟ་མགུར་གྱིས་གསོས་པའི་པ་སངས་ནི།
རྨི་ལམ་དང་ལྟ་མགུར་གྱི་རྗེས་སུ་འཚོ་བ་མཐོང་། 
བསྐལ་བའི་མཇལ་འཕྲད་ཁྱོད་ནི་ངའི་སྔུན་གྱི་ལམ་མཁན་ཡིན་པས། 
དེ་ནས་བཟུང་ངེད་རང་ལྟ་མགུར་བསྐྱོན།   རྨི་ལམ་གྱིས་འཚོ་དགོས་བྱུང་།


ངེད་ཀྱི་མིག་ལམ་གྱི་ཤྭ་སྐྱ་ནི།
སྲིད་པའི་རྫ་སྒང་ནས་ཞག་ལ་ལུས་མ་མྱོང་བ་ཞིག་ཡིན་ལ།
སྨུག་པ་དང་ཆུ་ཚང་མ་འཁུར་འགྲོ་མཁན་དེ་ཉིད།
ཁྱོད་ཀྱིས་མཐོང་བའི་ཁྲག་རྭ་གཟེངས་གཟེངས་ཀྱི་ཕུང་པོ་ཞིག་ཡིན་ས་མེད་མོད།
ང་རང་གིས་བལྟས་བལྟས་པའི་ཤྭ་སྐྱ་ནི་ཡིན་ས་ཡོད་དེ།
གང་ནས་བལྟས་ཀྱང་དེ་ནི་ངའི་མིག་ལམ་གྱི་ཤྭ་སྐྱ་ཡིན་འདུག་སྐད།
ཤྭ་སྐྱ་ཡིས་བསགས་བསགས་པ་རྣམས་རྟག་ཏུ་མི་བརྗེད་པའི་གཟུངས་སུ།
ང་རང་དྲན་པ་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་ངག་བསྡམས་སོ། །

རྨི་ལམ་དང་ལྟ་མགུར་གྱིས་གསོས་པའི་ཤྭ་སྐྱ་དེ།
རྨི་ལམ་དང་ལྟ་མགུར་གྱི་རྗེས་སུ་མཆོང་བ་མཐོང་།
བསྐལ་བའི་མཇལ་འཕྲད་ཁྱོད་ནི་ངའི་སྔུན་གྱི་ལམ་མཁན་ཡིན་པས།
དེ་ནས་བཟུང་ངེད་རང་ལྟ་མགུར་ལ་བསྐྱོན།   རྨི་ལམ་གྱིས་འཚོ་དགོས་བྱུང་།

ངེད་ཀྱི་མིག་གིས་ཟིན་པའི་གཡང་ཊི་ནི།
ནང་དུ་ཆུ་ཡི་བསྟན་བཅོས་ཤིག་ཤོང་བར་ནུས་པ་ཞིག་ཡིན་ལ།
རང་དབང་དུ་གསུང་འབྱོན་པའི་སྨྲ་སྒོ་དེ་ཉིད།
ཁྱོད་ཀྱི་ལག་པ་ཐུག་བཏུབ་སའི་ཟང་ཟིང་གི་དཀོར་ནི་ཡིན་ས་མེད་མོད།
ང་རང་གིས་བལྟས་བལྟས་པའི་གཡང་ཊི་ནི་ཡིན་ས་ཡོད་དེ།
གང་ནས་བལྟས་ཀྱང་དེ་ནི་ངའི་མིག་ལམ་གྱི་གཡང་ཊི་ཡིན་འདུག་སྐད།
གཡང་ཊིས་བསགས་བསགས་པ་རྣམས་རྟག་ཏུ་མི་བརྗེད་པའི་གཟུངས་སུ།
ང་རང་དྲན་པ་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་ངག་བསྡམས་སོ། །

རྨི་ལམ་དང་ལྟ་མགུར་གྱིས་གསོས་པའི་གཡང་ཊི་དེ།
རྨི་ལམ་དང་ལྟ་མགུར་གྱི་རྗེས་སུ་སྨོན་པ་མཐོང་།
བསྐལ་བའི་མཇལ་འཕྲད་ཁྱོད་ནི་ངའི་སྔུན་གྱི་ལམ་མཁན་ཡིན་པས།
དེ་ནས་བཟུང་ངེད་རང་ལྟ་མགུར་ལ་བསྐྱོན།   རྨི་ལམ་གྱིས་འཚོ་དགོས་བྱུང་།

རྨི་ལམ་དང་ལྟ་མགུར་གྱིས་འཕྱོ་བའི།
ཧྲིལ་བོ་དེ་དག་གིས་ངེད་རང་རྟག་པར་ཁྲིད་ནས་འགྲོ་བ་དང་།
སྣང་སྟོང་འཆར་ཡན་གྱི་འཇིག་རྟེན་དེ་དང་ཕྲག་རྡང་སྤྲེལ་བ་ནས།
རོལ་མོ་ཟབ་ཤོས་ནི་ངེད་རང་གི་གམ་གྱི་དར་འཕྲུ་སྤུངས་སེ་ཡོད་པའི།
བརྩེ་གདུང་གི་ཡིད་བརྙན་དེ་དག་གི་འཚུབ་མའི་ལང་ཚོ་ཡིན་སྐད།
ཡི་གེའི་འཕྲུལ་སྣང་གི་སྐྱེ་བ་མང་པོ་བླངས་པའི་ངེད་རང་ནི།
རྣམ་པ་ཐམས་ཅད་དུ་ཚོར་བ་ཀློང་བརྡོལ་ནས་འཚོ་དགོས་བྱུང་ལ།
དེ་ནས་བཟུང་།  འཇིག་རྟེན་གྱི་མེ་སྟག་ཆེས་ཚ་བོ་རྣམས་ནི་ངེད་ཀྱི་དཔུང་པའི་ཐོག་ཏུ་འཚུབ་ཀྱིན་ཡོད་ཅིང་།
དེ་ནས་བཟུང་།   ངེད་རང་ནི་རྫི་གསང་དང་ཉམས་ལེན་ཡོད་པའི་གླིང་ཚོམ་ཞིག་ཏུ་གྱུར་ཏོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།