མཐུན་སྒྲིལ་གླེང་བ།   

               ཞོགས་ལྗང་།    

མཐུན་སྒྲིལ་ཞེས་པའི་ཐ་སྙད་འདི་ཡང་གསར་དུ་བྱུང་བ་ཞིག་ཡིན་སྙམ་ཏེ།སྔོན་ཆད་བོད་པ་རང་གི་སྐད་ལ་འདི་ཉིད་མ་མཐོང་ངོ་།།མཐུན་པའི་རྡོག་རྩ་གཅིག་ཏུ་སྒྲིལ་བ་ཞེས་པའི་ཆབ་སྲིད་ཀྱི་ཐ་སྙད་ཅིག་འབྱུང་མོད།དོན་ནི་སོ་སོར་གོ་དགོས་སྙམ།   

མཐུན་སྒྲིལ་ཞེས་པའི་ཐ་སྙད་འདི་རྒྱ་སྐད་ལ团结ཟེར། འདི་ཉིད་གནའ་བོའི་ཐང་གི་དུས་ནས་ཡོད་ཀྱང་ཟེར་མོད། ད་ལྟའི་དོན་དང་མི་མཐུན། ལྔ་བཞིའི་ལས་འགུལ་སྐབས་ལ་ད་ལྟ་སྤྱོད་བཞིན་པའི་ཆབ་སྲིད་ཀྱི་ངོ་བོ་ཤུགས་དྲགས་པའི་བརྡ་འདི་བྱུང་ཟེར།འཆམ་མཐུན་དང་། མཛའ་བརྩེ་དང་། སྟོབས་ཤུགས་གཅིག་སྒྲིལ་སོགས་ཀྱི་དོན་དང་ལྡན་ཟེར། ཁྱབ་བརྡལ་བྱུང་ནས། ད་ལྟ་མཐུན་སྒྲིལ་ཞེས་པ་ནི་ལྟ་གྲུབ་གཅིག་པ་དང་། ལངས་ཕྱོགས་གཅིག་པ་དང་། དམིགས་འབེན་གཅིག་པ་དང་། བྱེད་ཐབས་གཅིག་པ་སོགས། མདོར་ན་དེ་ལས་ལོགས་སུ་ཡོད་མི་ཆོག་པའི་ཆབ་སྲིད་ཀྱི་ཐ་སྙད་ཅིག་གོ། ཚོགས་པའི་ངོ་བོ་དང་ཡང་འདྲེས་ནས། རང་ཅག་ལས་ལོགས་སུ་གྱེས་པ་དག་ནི་དགྲའོ།། དེ་དང་མཐུན་པར་མི་བྱའོ།། དེ་དག་ཚར་གཅོད་པར་བྱའོ་སོགས་ཀྱི་ཆ་ཞིག་ཀྱང་ལྡན་པས། རང་དབང་གི་གཤེད་དུ་གྱུར་པ་ཞིག་གོ། དཔལ་ཡོན་ལས་ཕྱིན་ཅིག་ལོག་པ་ཞིག་གོ།      

ད་ལྟ་ཐམས་ཅད་ཀྱིས་མཐུན་སྒྲིལ་ཞེས་སྐད་ཆེན་པོས་འབོད། ཁྲི་ཁའི་བླ་དཔོན་ནས། ལ་ཁའི་ལུག་རྫི་ཚུན་ཆད་ཀྱི་ཁ་ལ་མཐུན་སྒྲིལ་ཐོགས། དྲ་ཐོག་གི་སྨྱོན་པ་དག་མཐུན་སྒྲིལ་ཟེར་ཞིང་འཁྲབ།ཡིག་ཐོག་གི་མཁས་པ་དག་མཐུན་སྒྲིལ་ཟེར་ཞིང་འཐབ། ངག་ཐོག་གི་གླུ་བ་དག་མཐུན་སྒྲིལ་ཟེར་ཞིང་འབར། ཐ་ན་གོ་ཁའི་རྒན་མོ་ཚུན་ཆད་ཀྱིས་མཐུན་སྒྲིལ་ཟེར་ཏེ། ཐམས་ཅད་ལ་མཐུན་སྒྲིལ་གྱི་སྒྲོག་གིས་བཅིངས་པས། རང་དབང་གི་བསྐལ་བ་དང་མི་ལྡན། ལར་རང་དབང་དང་ལྡན་ན་མཐུན་སྒྲིལ་ཞེས་པ་ཞིག་ཀྱང་འོང་གིགཞན་དུ་མཐུན་སྒྲིལ་ཞེས་པ་ནི་ཐམས་ཅད་ཀྱི་ཁ་ལ་ཐོགས་པའི་ཧྥ་རན་སིའི་གསར་བརྗེ་ཆེན་མོའི་ཁ་གཡང་དུ་གྱུར་བའི་ཀུན་བརྩེ་དང་ཤིན་ཏུ་འདྲ།   

ཅིས་ཀྱང་མཐུན་སྒྲིལ་ཞེས་པ་ཞིག་དགོས་ན། རིགས་ཀྱི་དོན་ལ་རང་དབང་གི་བློ་དང་ལྡན་པ། དངོས་པོའི་ཆོས་ཉིད་ལ་བརྩི་ཞིང་། སྤྱི་བའི་བདེན་དོན་ལ་རྩོད་པ། རྒྱུ་འབྲས་ཀྱི་ལྟ་བ་དང་དུ་ལེན་པ་ཞིག་སྟེ། མདོར་ན།ལྟ་བ་སྣ་ཚོགས་མཉམ་དུ་གནས་པ་དང་། གྲུབ་མཐའ་རིགས་མེད་མཉམ་དུ་འཕེལ་བ་དང་། གླེང་ཕྱོགས་སྣ་ཚོགས་མཉམ་དུ་གནས་པ་ཞིག་དགོས་ཀྱི། རང་གི་བློ་ཁ་དང་མི་མཐུན་པ་ཐམས་ཅད་ལ་མཐུན་སྒྲིལ་བརླགས་པའི་ཞྭ་མོ་བསྐོན་ནས་ཕྱོགས་སུ་དབྱེ་བ་ཞིག་མི་དགོས་སོ།།   

རང་རེ་ཅག་ལ་མཚོན་ན། སྐད་དང་ཡི་གེ་ལ་གཅིག་ཏུ་བརྩོན་པས་མཐུན་སྒྲིལ་འོང་གིདེ་ཉིད་གཏོར་བས་མཐུན་སྒྲིལ་གནས་པར་ག་ལ་འགྱུར། སྐད་དང་ཡི་གེ་ནི་མི་ཉིད་རང་དབང་དང་རྩིས་ཐང་གི་བདག་རྐྱེན་དུ་གྱུར་པ་སྟེ། ཐོག་མ་ནས་མངའ་བའི་ཐོབ་ཐང་འདི་ཉིད་དོར་བས།ཁྱོད་ཀྱིས་རང་དབང་གི་སྒོ་མོར་ལྕགས་ཟྭ་བརྒྱབ་པ་དང་ཅི་ཁྱད། སྐད་ཡིག་གི་ཐོབ་ཐང་འདི་ནི་རྒྱལ་པོ་དང་རྗེ་བོ་དག་གིས་བསྩལ་བ་མ་ཡིན་པར། དང་པོ་ཉིད་ནས་ཐམས་ཅད་ལ་རིས་མེད་དུ་མངའ་བས།ཁྲིམས་ཀྱིས་བསྲུང་དགོས་པ་དང་། ཀུན་གྱིས་བརྩི་དགོས་པ་ཉིད་དོ།། སུ་ཞིག་རང་གི་མེས་པོ་དམ་པ་ནས་བརྒྱུད་པའི་སྐད་ཡིག་གི་རྩིས་ཐང་ལ་རྡོག་བརྫིས་བཏང་བ་དེས་མི་ཉིད་ཀྱི་རྩིས་ཐང་ལ་རྡོག་བརྫིས་བཏང་བའོ།། ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་ནས། སྐད་ཡིག་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།། གསུངས་པའང་གནད་འདི་ལ་ཐུག་གོ། སུ་ཞིག་རང་གི་སྐད་ཡིག་གི་རྩིས་ཐང་ལ་དམའ་ཕབ་པ་དེས་མི་རིགས་ཀྱི་མཐུན་སྒྲིལ་ལ་གཏོར་བརླག་བཏང་བ་ཡིན་གྱི། དེ་ཡི་དོན་ལ་ཤ་ཐང་དུ་འབད་པ་དེས་ནི་མ་ཡིན་ནོ།།  དམ་པ་གོང་མ་དག་ནི་གཉན་འཕྲང་དང་ཟས་སྐོམ་གྱི་དཀའ་ཁག་ཐམས་ཅད་གདོང་གིས་བསུས། ཐ་ན་གཅེས་པའི་སྲོག་ལའང་མ་འཛེམ་པར་སྐད་དང་ཡི་གེ་གཞི་རྩར་བྱས་པའི་རིག་གནས་ཀྱི་རིན་ཐང་བླ་ན་མེད་པ་འདི་བསྐྲུན།  རང་ཅག་རྣམས་འདི་ཡི་དོན་ལ་ལུས་སྲོག་འདོར་བའི་སྙིང་སྟོོབས་རླབས་པོ་ཆེ་ཉམས་སུ་ལེན་པ་ཤིན་ཏུ་དཀའ་ཡང་། རྗེས་སུ་ཡི་རང་ཙམ་ཡང་མི་འོང་བ་འདི་སྐྱོ།སྙུ་གུ་འཛིན་པ་དང་ཡི་གེ་འབྲི་བ་དག་ནི་དེ་ཙམ་མོ་ཞེས། རྒྱུ་ནོར་གྱི་རིན་ཐང་བླ་རུ་བཀུར་བ་འདིས་སྐྱེས་ཆེན་གསེར་གྱི་རི་ལྟ་བུ་དག་གི་མཛད་པ་འཕྲིན་ལས་ཐམས་ཅད་ཀྱང་ཆུ་ལ་བསྐྱུར་བ་ཡིན་མོད། ཐམས་ཅད་ཀྱིས་མི་ཤེས་པར་འདུགསྐད་ཡིག་གི་དོན་ལ་བདེན་པ་རྩོད་པའི་ལས་མི་བསྒྲུབ་ཀྱང་། དེ་རྩོད་པ་དག་ཉམ་ཆུང་འཁོས་ཞན་དུ་བསྒྱུར་བས་ནང་གི་མཐུན་སྒྲིལ་ལ་གནོད་ཀྱི།གཞན་དུ་མ་ཡིན་ནོ།།   

རིན་ཐང་ལྟ་ཚུལ་ཕྱིན་ཅི་ལོག་པ་དག་སྤེལ་བས་མཐུན་སྒྲིལ་ལ་གཏོར་བརླག་འབྱུང་གི  གཞན་དུ་ག་ལའོ།།མེས་པོ་ནི་སེམས་ཅན་གྱི་དོན་ལ་བསམ་པ། རང་གི་ཉི་ཚེ་བའི་རྙེད་གྲགས་ལ་རྒྱུ་འབྲས་མི་འདོར་བ། སྤྱི་བའི་ལས་ལ་ཧུར་གྱིས་འཇུག་པ། བདེན་ཅིང་འཐད་ན་ཉེ་རིང་གི་ཕྱོགས་མི་འཛིན་པ། གཞན་གྱི་རང་དབང་དང་། ཚེ་སྲོག་དང་།རྒྱུ་ནོར་ལ་མི་འཚེ་བ། རང་གཞན་དཔེ་རུ་དགབ་ཤེས་པ། ཅི་ཙམ་རང་ལ་འཚེ་བས་མི་བཟོད་པ་དེ་ཙམ་དུ་གཞན་ལའང་འཚེ་བའི་སྦྱོར་བ་ཡེ་མི་རྩོམ་པའི་བསླབ་བྱ་དག་ལེན་པ། གང་ཞིག་རང་གིས་མི་འདོད་པ།། གཞན་ལ་སྤྱད་པར་མི་སྟེ།། ཞེས་གཞན་གྱི་རང་དབང་ལ་མཐོང་ཆེ་བ། ཁྲེལ་དང་། ངོ་ཚ་དང་། བག་ཡོད་པ་སྟེ། བསམ་པ་དགེ་བ་དེ་དག་གི། གོས་ནི་ཁྲེལ་ཡོད་ངོ་མཚར་ཤེས།། ཞེས།ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པས་བག་དང་ལྡན་པར་འགྱུར་བར་སེམས་པ།བྱམས་པ་དང་། སྙིང་རྗེ་ཡིས་རྒྱུད་ཕྱུག་པ།བསམ་པ་དཀར་པོ་དང་ལྡན་པ་སྟེ།རྒྱུ་འབྲས་དང་དྲང་བཞག་གིས་འཇིག་རྟེན་གྱི་འཚོ་ཚིས་ལ་འཇུག་གིགཡོ་སྒྱུ་ཁྲམ་གསུམ་གྱིས་བསགས་པའི་ནོར་རྫས་ལ་རིན་ཐང་དུ་མི་བལྟ།ཡ་རབས་ཀྱི་ལུགས་དང་ལྡན།བདེན་པ་ནི་ཆོས་ཉིད་ལ་བྱེད་ཀྱི་རང་གི་འདོད་འདུན་ལ་མི་བྱེད་པ།རང་གི་འདོད་འདུན་ཙམ་ལ་ང་ནི་བདེན་པའོ།། ངས་དྲང་བདེན་དང་རྒྱུ་འབྲས་མཚོན་ནོ་ཞེས་འུར་མི་རྒྱག་པ། སུ་ཞིག་ང་ནི་དྲང་བདེན་ནོ།། ང་ནི་རྒྱུ་འབྲས་སོ་ཟེར་བ་དག་ནི་སྒེར་གཅོད་པ་ཤ་སྟག་ཡིན་པས་སྲོག་གིས་རྒོལ་བར་མེས་པོ་དག་འཇིགས་ཞུམ་མི་མངའོ།། དེ་ལྟར་སྐད་ཆེན་པོས་ཁྲོམ་གྱི་དཀྱིལ་འུར་རྒྱག་པ་ནི་ན་ཛི་སོགས་འཇིག་རྟེན་ཐམས་ཅད་འཇིགས་ཡེར་བའི་སྐབས་ལའང་ཨེ་བྱུང་མ་ཤེས་མོད། རིག་གསར་དང་རིག་གསར་ལྟ་བུ་དག་གི་སྐབས་གང་ལ་ནི་སྨྱོ་ཧམ་ཅན་གྱི་ན་གཞོན་སྔོན་འགྲོ་བ་དག་གིས་ང་ནི་གནས་ལུགས་སོ།། ངས་ནི་གནས་ལུགས་ལྟར་བསྒྲུབས་པའོ།། ང་ནི་དྲང་བདེན་ནོ།། ངས་ནི་དྲང་བདེན་ཤ་སྟག་མཚོན་ནོ་ཞེས་སྐབས་བརྒྱབ་ཅིང་། སོ་སོའི་མིག་ལ་མི་རན་པ་དང་སེམས་སུ་མི་འགྲོ་བ་ཐམས་ཅད་ལ་འཐབ་རྩོད་བྱས། འདི་དང་འདི་ལྟ་བུ་དག་གིས་མཐུན་སྒྲིལ་བརླགས་པ་ཡིན་གྱི།གཞན་དུ་སུས་ཀྱང་བརླགས་པའི་སྐབས་མ་མཐོང་ངོ་།།

ཡུལ་སྲོལ་གོམས་གཤིས་ཐམས་ཅད་ཡ་མ་བརླ་རུ་བསྒྱུར་བས་མཐུན་སྒྲིལ་གྱི་ཨ་ལོང་ཆད་ཀྱི།དེ་ལ་སྲུང་བས་ག་ལའོ།། ཡབ་མེས་ནི་སྔོན་མས་བཞག་པའི་ཡུལ་སྲོལ་གོམས་གཤིས་གང་ལའང་རང་འདོད་དུ་གཏོར་བརླག་མི་གཏོང་། ངག་གི་རྗོད་པ་ནས་ལུས་ཀྱི་གོན་པ་ཚུན་ཆད་ལ་དབྱེ་མཚམས་གསལ།ར་མགོ་ལུག་ལ་མི་སྦྱོར་བ་དང་། ཞྭ་ཚབ་ལྷམ་གྱིས་མི་བྱེད་པས། འགྲོ་འདུག་ཉལ་ཆག་གང་ལའང་བསྔོག་མི་ཚར་བའི་རིག་གནས་ཀྱི་རིན་ཐང་ལྡན། རྒན་ལ་བཀུར་ཅིང་། གཞོན་ལ་བྱམས། ཕོ་རྣམས་དགྲ་ལ་དཔའ་ཞིང་། མོ་རྣམས་ཁྱིམ་ལ་མཛངས། བླ་མ་དང་མཁས་པའི་ངག་ལ་ཉན། གནས་ལུགས་དང་བདེན་པ་མཆོག་ཏུ་གཅེས།ལེགས་བཤད་བྱིས་པའི་ངག་ལས་ཀྱང་།། མཁས་པ་རྣམས་ཀྱིས་ཡོངས་སུ་ལེན།། འདི་ལ་མཐུན་པའི་རྡོག་རྩ་གཅིག་ཏུ་སྒྲིལ་བ་ཞེས་བརྗོད་ཀྱི། ཉི་ཚེ་བའི་བསམ་ཕྱོགས་ལ་སྤར་འགེབ་བྱེད་པ་དེ་མ་ཡིན་ནོ།། འདི་དག་ཐམས་ཅད་ཅི་མི་སྙམ་པར་ལོགས་སུ་བསྐྱུར་ནས། ཆོས་བླ་མས་གསུང་རྒྱུ་དཔོན་པོས་བཤད། གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད། སྐམས་ཁྱོ་གསབཤའ་རྒྱུ་ཆུང་མས་བཤས། དབང་སུ་ལ་ཡོད་ན་བདེན་ཁ་དེ་ལ་སྟེར། རྒྱུ་སུ་ལ་ཡོད་ན་རྒྱབ་གཉེར་དེ་ལ་བྱེད། མཁས་པའི་ཁྲི་ལ་བླུན་པོ་བསྡད། བླ་མའི་མནབ་བཟའ་སློབ་མས་གོན། “ལྷ་ཆོས་དར་གྱི་མདུད་པ་ཞིགམི་ཆོས་སོག་མའི་ཕོན་ཐག་ཆད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆགགཙོ་གྲོས་ཀྱི་རྒྱ་མཚོ་སྐམས། དཔའ་བོ་སྟག་གི་རི་མོ་ཡལ།མོ་བཙུན་ངོ་ཚའི་གཡང་ལུག་བུད་”པས་མཐུན་སྒྲིལ་གསེར་གྱི་ཨ་ལོང་ཆད་འགྲོ་ཡི། རིགས་ཀྱི་དོན་ལ་རང་གི་ཁེ་དོར། བདེན་པའི་དར་ཆ་མཐོན་པོའི་རྩེར་བསྒྲེངས། དབང་དྲག་བཙན་གསུམ་ལ་གདོང་གཏད། གཡོ་སྒྱུ་ཁྲམ་གསུམ་གྱི་རྐུབ་བརྟོལ་བས་ནང་བཤིག་པར་འགྱུར་ན་འཇིག་རྟེན་གྱི་ཆོས་ཉིད་འཇོལ་ཉོག་ཏུ་གྱུར་པ་ཡིན་པས་བློ་ལྡན་སུ་ཞིག་ཡིད་རྟོན།   དིང་སང“གྲོང་ཆོག”ལ་འདུར་བའི་མཁས་རློམ་པ་དག་གི་ཁྲོད་ནའང་། མཐུན་སྒྲིལ་གྱི་དོན་ལ་ཕྱིན་ཅི་ལོག་ཏུ་འཁུམ་ནས་གཏམ་སྣ་ཚོགས་སྒྲོག་པ་མང་། ཁྱོད་སུ་ཚང་གི“ཨ་མཆོད”བྱེད་མིན་ལ་ཁོ་བོ་ཅག་འབྲེལ་བ་ཡེ་མེད་མོད།ཁྱོད་རང་གཞུང་གི་ཡིག་ཆ་ནས་བཀའ་ཡི་གླེགས་བམ་ཐམས་ཅད་ལ་ནང་བྱན་ཆུད་པའི“གྲུབ་ཐོབ”ཅིག་ལ་ཇི་ལྟར་གྱུར་པ་ཡིན་ནམ་བསམ་དགོས་པ་ཨེ་འདུགཁྱོད་རང་གིས་ལ་ཁའི་ལུག་རྫིའི་ཁ་པར་ནས་གོ་ཁའི་རྒན་མོའི་ཕྲེང་བ་ཚུན་ཆད་ལ་དོ་དམ་བརྒྱབ་ཆོག་པའི་དབང་ཆ་དེ་སུ་ཡིས་གནང་བ་ཡིན་ནམ་སོམས་ཤིག མེས་པོས་བཞག་པའི་སྐད་ཡིག་རིག་གནས་དང་། རིན་ཐང་ལྟ་ཚུལ། ཡུལ་སྲོལ་གོམས་གཤིས་ཐམས་ཅད་ལ་མ་རུངས་པའི་བདུད་ནག་པོ་ཆོ་འཕྲུལ་གྱི་མཐུ་དང་ལྡན་པ་མང་པོས་ཧབ་འཐོབ་རྒྱག་གིན་པ་དེར་བློ་ལྡན་སུ་ཞིག་གུ་ཡངས་ཕོད། དེ་ལ་བརྩད་པས་མཐུན་སྒྲིལ་བརླགས་པ་དང་ནང་དཀྲུགས་པ་སོགས་ཡིན་ན། དོན་དུ་ཁྱོད་རང་ཚོའི་དགོངས་པ་དཀྲུགས་པ་འབའ་ཞིག་ལས་མི་འདུག་པས། ལྷ་རྒྱལ་ལོ།།།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།