ཤེས་རབ་ཚོར་སྣང་ཁོ་ནའི་དབང་དུ་ཤོར་ན་རིན་ཐང་ཆུང་།

སྒོ་ཤེས་རབ་རྒྱ་མཚོ།

        མ་གཞི་ལོ་རྒྱུས་ལ་བལྟ་བསམས་ན། ཕྱོགས་ཀུན་ནས་ཆ་ཚང་བ་ཞིག་བལྟ་དགོས། རང་རེ་བོད་པའི་ནང་བསྟན་གྱི་ལོ་རྒྱུས་ལ་ཆབ་སྲིད་ཀྱི་རྩོད་རྙོག་དང་འདྲེས་ནས་ཡོང་བའི་ལོ་རྒྱུས་ཀྱི་ངོས་གཅིག་དང་། སྲིད་ཀྱི་དབང་བསྒྱུར་དང་རྩོད་རྙོག་ལ་འབྲེལ་བ་རྩ་བ་ནས་མེད་པར་རིག་གནས་གཙང་མ་དར་འཕེལ་བྱུང་བའི་ལོ་རྒྱུས་ཀྱི་ངོས་གཅིག་སྟེ་ངོས་གཉིས་ཡོད་པ་ལས། རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུར་མཚོན་ན། ནང་ཆོས་དེ་ཆབ་སྲིད་རྩོད་རྙོག་དང་འབྲེལ་མེད་དུ་དར་འཕེལ་བྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་གི་སྐྱེས་ཆེན་ཞིག་ཡིན་པ་རེད། དེ་ལྟར་ལོ་རྒྱུས་ཀྱི་ངོས་ཟུར་ཐམས་ཅད་ལ་ཕྱིར་རྟོག་ཞིབ་མོ་ཞིག་བྱས་ན། བསམ་གཞིགས་དང་། དགག་སྒྲུབ། དོགས་སློང་སོགས་གང་བྱས་ཀྱང་། བསམ་བློ་དེ་ནར་སོན་པ་ཞིག་དང་འཐུས་ཚང་པོ་ཞིག་ཡོང་གི་རེད།

        རང་རེ་བོད་ཁ་བ་གངས་ཅན་གྱི་ཡུལ་དུའང་ཉེ་བའི་ལོ་བཅུ་ཁ་ཞིག་གི་རིང་ལ་རིག་གནས་དགག་སྒྲུབ་ཀྱི་ཚ་རླབས་ཟེར་ན་ཆོག “བློ་འབྱེད་ལས་འགུལ”ཟེར་ནའང་ཆོག གང་ལྟར་ཚ་ཚ་འུར་འུར་ཞིག་འཕྱུར་བ་རེད། དེ་ནི་དུས་ཚོད་ཐུང་ཐུང་ཙམ་གྱི་གནས་ཚུལ་ཡིན་ཀྱང་། ད་ལྟ་འུ་ཅག་ཅུང་ཟད་ལྷོད་ལ་བབས་ནས་བསམ་གཞིགས་གཏོང་དགོས་པའི་སྐབས་ཤིག་ལ་ཁེལ་འདུག་སྙམ་གྱི་འདུག

        གནས་ལུགས་འཚོལ་ཞེས་པ་དབྱུག་པ་གཡུག་པ་ལྟ་བུ་ཞིག་གིས་མི་འོང་བར། ཡང་ཡང་དུ་བསམ་གཞིགས་བྱས་ཏེ་ཇེ་གསལ་ནས་ཇེ་གསལ་གཏང་དགོས་པ་ཞིག་ཡིན་པས། ཤེས་བྱར་སྦྱངས་སྟོབས་ཀྱིས་ཤེས་རབ་ཀྱང་ཇེ་མཉེན་དུ་ཆགས་ན་ཡག་པོ་ཡིན་གྱི། རང་གི་ཤེས་རབ་དེ་སྐབས་ཐོག་རེའི་ཚོར་སྣང་ཁོ་ནའི་དབང་དུ་ཤོར་ཏེ་ངས་གང་བཤད་པ་ཁོ་ན་བདེན་ནོ་ཞེས་པའི་ཨུ་ཚུགས་ཙམ་ལ་གནས་ན་རིན་ཐང་ཆུང་། ང་ཚོས་ཀྱང་སྐབས་དང་སྐབས་སུ་རང་གི་འདས་ཟིན་ལ་ཕྱིར་རྟོག་རེ་བྱས་ན་བཟང་ཞིང་། ཕྱིར་རྟོག་བྱས་པ་དེའང་ཕྱིར་རྟོག་གི་ཆེད་ཙམ་དུ་མ་ཡིན་པར། ཕྱོགས་ཀུན་ནས་རང་ཉིད་ཀྱིས་བགྲོད་ལམ་ཡག་པོ་ཞིག་རྙེད་པའི་ཆེད་དུ་ཡིན་དགོས།

        ང་ཚོས་སྟོན་པའི་ན་བཟའ་འདི་གོན་མི་གོན་རང་དབང་ཡིན། གྲྭ་པ་མ་བྱས་ན་བཙོན་ལ་འཇུག་མཁན་དང་། ཆད་པ་གཅོད་མཁན་གང་ཡང་མེད་པས་དེ་ང་ཚོ་རང་གི་འདམ་གར་ཆགས་ཡོད། གལ་ཏེ་རང་དབང་ཡོད་བཞིན་དུ་ད་དུང་ལམ་འདི་འདམ་རྒྱུ་ཡིན་ཚེ། རང་རང་གི་མི་ཚེ་ལ་ཆོས་ཀྱི་ལམ་འདི་ནས་འོད་སྣང་ཅུང་ཟད་རེ་ཨེ་འཕྲོ་ལ་འབད་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་གི་འདུག དཔེར་ན། མི་ཞིག་མི་ཚེ་གང་བོར་ཤིང་བཟོའི་གྲས་སུ་བསྡད་ནས་ལྕགས་བཟོའི་ལག་ཤེས་ཀྱི་གྲུབ་འབྲས་བཟང་པོ་ཞིག་ལོན་མི་སྲིད་པ་ལྟར། སོ་སོས་གང་བདམས་པའི་ལམ་དེ་ནས་རང་གི་མི་ཚེ་ལ་འོད་མདངས་ཤིག་འཕྲོ་ཐབས་ལ་འབད་རྒྱུ་གལ་ཆེན་ཡིན།

        ལྷག་པར་གྲྭ་གཞོན་ལོ་ཆུང་རྣམ་པས་ནི། བླང་དོར་དཔྱད་འཇོག་གི་སྐབས་རྣམས་སུ། ཚོར་སྣང་གཙོ་བོར་མི་འཛིན་པར་ཤེས་རབ་གཙོ་བོར་འཛིན་རྒྱུ་གལ་ཆེ། ཚོར་སྣང་གི་རྒྱུ་བ་མཐའ་མེད་པ་དེ་དག་ཀྱང་བཤད་ཆོག་པའི་རང་དབང་ལོས་ཡོད་དེ། ཤེས་བྱའི་གནས་ལུགས་དང་། མི་ཡུལ་གྱི་དཀའ་རྙོག་ནི་དཔྱད་པ་མེད་པའི་ཚོར་སྣང་ཙམ་གྱིས་མཐའ་ཆོད་པ་ཞིག་མིན།

        ཁྱེད་ཚོས་སྙན་ངག་དང་རྩོམ་རིག་འདྲ་བྲིས་ཚེ་ཚོར་བ་གཙོ་བོ་ཡིན་ན་ཐང་། ལོ་ཆུང་དུས་སེམས་ཤུགས་ཡོད་པ་དང་། གཞན་དང་ཐུན་མོང་མ་ཡིན་པའི་ཚོར་བའི་ངར་ཤུགས་བཙན་པ་ནི་ལང་ཚོའི་དུས་ཀྱི་སྐྱེ་མཆེད་ཀྱི་ཆོས་ཉིད་ཡིན་ཕྱིར། ལོ་ཆུང་རྣམས་ལ་ཚོར་བ་ཁྱད་པར་ཅན་ཡོད་སྲིད་ཀྱང་། ཤེས་རབ་ཀྱི་འཇིག་རྟེན་དུ་ནི་ལོ་ཆུང་བ་ཙམ་ལ་ཁྱད་ཆོས་ཅི་ཡང་མེད། ལོ་གཞོན་པའི་སྐབས་སུ་ལང་ཚོའི་ཟིལ་ཤུགས་དང་། ལང་ཚོའི་མདངས་དང་། ལང་ཚོའི་སྐད་ཆ་སོགས་ཅི་ཙམ་ཡོད་རུང་། མིའི་ཤེས་རབ་ནི་ཤེས་བྱ་ལ་བརྡར་ཤ་བཅད་ནས་ནར་སོན་དགོས་པའི་ཆོས་ཉིད་ལ་སུས་ཀྱང་བཟློག་ཏུ་མེད་པས་རེད།

        འཛམ་གླིང་ཤར་ནུབ་གང་ལ་མཚོན་ནའང་། སྐྱེས་ཆེན་ཚོའི་ཤེས་རབ་ལ་འོད་མདངས་རྣལ་མ་འཕྲོ་བའི་སྐབས་ནི་ལོ་རྒན་པའི་དུས་ཡིན་པ་ལས་གཞོན་དུས་མིན་པས། ཤེས་བྱའི་དེ་ཉིད་མཐོང་བའི་ཤེས་རབ་ནི་སྦྱོང་བརྡར་ཁྲོད་ནས་རིམ་པར་འཚར་ལོངས་འབྱུང་དགོས་པ་ཞིག་སྟེ། མྱོང་བ། བརྟག་དཔྱད། ཞིབ་འཇུག དཀའ་སྡུག་སོགས་ཀྱི་མཐུན་རྐྱེན་འདི་དག་གི་ཁྲོད་ནས་སྨིན་དགོས་པ་ཡིན་པས། ཁྱེད་རྣམ་པའང་ལོ་སྔ་མ་ལས་ཕྱི་མར་ཇེ་གསལ་དང་། ཕྱི་མ་ལས་ཀྱང་ཕྱི་མར་ཇེ་ལེགས་སུ་ཕྱིན་ནས། བྱ་དངོས་ཕྲ་རགས་ཐམས་ཅད་ལ་བརྟག་དཔྱད་དང་ཞིབ་འཇུག་གི་སྒོ་ནས་རང་རང་གི་རྒྱུད་ཀྱི་དཔྱོད་པའི་ཤེས་རབ་ཇེ་སྨིན་དུ་འགྲོ་བའི་རེ་བ་ཆེ།

སྐྱེས་ཆེན་གྱི་བཞུད་ལམ། ལས་བཤུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།