༄༅།། མཚོ་སྔོན་བཀྲ་བྷ་སོགས་ལ་གྲོས་སུ་བཏབ་པ།

ཟུར་གསུམ་མ།

འདིར་མཚོ་སྔོན་བཀྲ་བྷ་སོགས་ལ་གྲོས་སུ་བཏབ་པ་གཅིག་ནི། དེང་ཕྱིན་ཡང་ཁྱེད་ལ་སོགས་པ་གཟེབ་གྲུག་འགྲན་སྡུར་སྤེལ་མཁན་མང་པོ་ཡོད་ངེས་པས། གཟེབ་གྲུག་འགྲན་སྡུར་ལ་བོད་སྐད་ཀྱི་ལམ་ནས་མདོ་འཛིན་དང་འགྲེལ་བཤད་ཡག་པོ་བྱེད་ཐུབ་པ་འགའ་གསོ་སྐྱོང་བྱས་ན་ཇི་འདྲ། བོད་སྐད་བོད་ཡིག་ཤེས་པ་དང་། གཟེབ་གྲུག་འགྲན་སྡུར་ལ་སྤྲོ་ཤུགས་ཆེ་བ་དང་། གཟེབ་གྲུག་རྩེ་བར་བྱང་བ་དང་། གཟེབ་གྲུག་འགྲན་སྡུར་ལ་མདོ་འཛིན་དང་འགྲེལ་བཤད་བྱེད་མོས་ཡོད་པའི་གཞོན་ནུ་དུ་མར་ཆེད་དུ་སྦྱོང་བརྡར་འདང་ངེས་བྱས་ནས། ཁོ་ཚོའི་ལས་སུ་བྱ་ལ་གླ་ཆ་མི་ཆུང་བ་སྤྲད་ན། གཟེབ་གྲུག་འགྲན་སྡུར་ལ་བོད་སྐད་ཀྱི་ལམ་ནས་མདོ་འཛིན་དང་འགྲེལ་བཤད་ཡག་པོ་ཐུབ་མཁན་ཡོད་པར་བསྙོན་དུ་མེད། སྔོན་ཆད། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ། གཟེབ་གྲུག་འགྲན་སྡུར་གྱི་ཆེད་བཀོལ་ཐ་སྙད་ཆ་ཚང་བོད་དུ་བསྒྱུར་པ་མ་ཟད། མདོ་འཛིན་དང་འགྲེལ་བཤད་ཡག་པོ་བྱེད་སྲོལ་ཡོད་རབས་ཐོས་སོ།། 

གལ་སྲིད།  གཟེབ་གྲུག་འགྲན་སྡུར་ལ་བོད་སྐད་ཀྱི་ལམ་ནས་མདོ་འཛིན་དང་འགྲེལ་བཤད་ཡག་པོ་བྱེད་ཐུབ་མཁན་མ་བྱུང་ན། སྔར་བཞིན་བོད་སྐད་རྒྱ་སྐད་ལ་བརྗེ་འདོད་མཁན་ཡོད་པ་དང་། སྔར་བཞིན་བོད་སྐད་ཀྱིས་མདོ་འཛིན་དང་འགྲེལ་བཤད་བྱས་པ་དག“སྐམ་པོ་རེད”“ ཚོར་བ་མེད་ཀི” “བསོར་མོ་ཞིག་མ་རེད”ཅེས་ཁ་ནས་མ་བཤད་ཀྱང་ཁོག་ལ་ཤར་ནས་ཡོད་པ་མང་ངོ་།།  

གལ་སྲིད། ད་རེས་ཀྱི་དོན་དག་འདི་བཀྲ་བྷ་གཅིག་པུའི་སྐྱོན་དང་། བཀྲ་བྷ་གཅིག་པུ་ལན་པ་ཞིག་ཏུ་བྱས་ཚེ། བཀྲ་བྷ་གཅིག་པུས་ལམ་ནོར་ལྡོག་ཤེས་བྱས་ཀྱང་གོ་ཆེར་མི་ཆོད།  དེའི་ཕྱིར།   ཕྱོགས་གཞན་ཞིག་ནས་བལྟས་ན་སྟེ། དོན་དག་འདིའི་རྩ་བ་ཐུག་ས། ད་སྔ་ཕན་ཆོད་གཟེབ་གྲུག་འགྲན་སྡུར་ལ་བོད་སྐད་ཀྱི་ལམ་ནས་མདོ་འཛིན་དང་འགྲེལ་བཤད་ཡག་པོ་བྱེད་ཐུབ་མཁན་མ་བྱུང་བས་ལན་པ་ཡིན་པར་བྱས་ཚེ།  འདང་རྒྱག་ཕྱོགས་འདི་ལ་དགེ་མཚན་ཡོད་དེ།  མདོ་འཛིན་པ་དང་འགྲེལ་བཤད་མཁན་གསོ་སྐྱོང་བྱེད་པའི་ཕྱོགས་ལ་འདང་བརྒྱབ་ན་ཆོག་པས་སོ།། བཀྲ་བྷ་ཁོ་ན་བཤད་ནས་བསྡད་ཚེ། ཐབས་ཀྱི་གཉེན་པོ་བསྟེན་པའི་ཕྱོགས་ལ་རྣམ་པར་དཔྱོད་པའི་སྒོ་ཁེགས་སོ།། 

གཟེབ་གྲུག་འགྲན་སྡུར་ལ་རོང་འབྲོག་སྐྱ་སེར་རྒན་གཞོན་ཕོ་མོ་མང་པོ་དགའ་མོས་ཆེན་པོ་ཡོད་སྟབས། བོད་སྐད་རྒྱུན་འཛིན་དང་བེད་སྤྱོད་ཀྱི་སྟེགས་བུ་ཆེན་པོ་ཞིག་ཏུ་གྱུར་འདུག་པས་ན། ཁྱེད་རྣམས་ཀྱིས་དཀའ་བའི་ཚེགས་དང་དཀོན་མོའི་རྒྱུ་ལ་མ་འཛེམ་པར། མདོ་འཛིན་དང་འགྲེལ་བཤད་བྱེད་མཁན་ཡག་པོ་འགའ་གསོ་སྐྱོང་བྱེད་ཐུབ་ཚེ། ངོ་སོ་བསྟོད། བྱས་རྗེས་ཆེ། བཀའ་དྲིན་ཆེ་ཞུའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།