༄༅། །སྐུའི་གོ་སྟོན་གྱི་འཁྲུངས་སྐར་དུས་ཆེན་ལ་ཕུལ་བའི་དད་དམ་རྡོ་རྗེའི་རང་སྒྲ།

འཕགས་མཆོག་ཕྱག་ན་པདྨོ་གསུམ་ལྡན་རྡོ་རྗེ་འཆང་དབང་། འཛམ་གླིང་ཐུབ་པའི་རྒྱལ་ཚབ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ངོ་མཚར་མཚན་དཔེའི་ཉིན་བྱེད་དབང་པོ་ཞིང་འདིར་ཤར་ནས། སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཐེངས་༩༠་པ་དང་། སྐུའི་གོ་སྟོན་གཉིས་ཚོགས་ཀྱི་སྐལ་བཟང་དུས་སྟོན་ཆེན་མོའི་སྐབས་འདིར། ད་བར་འཕགས་མཆོག་སྙིང་རྗེའི་གཏེར་ཆེན་མགོན་པོ་མཆོག་གིས་འཇིག་རྟེན་སྐྱེ་འགྲོ་སྤྱི་དང་། ལྷག་ཏུ་གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་ཀྱི་རང་ཅག་བོད་འབངས་ཡོངས་ཀྱི་ཆེད་ཉིན་མཚན་དུས་དྲུག་ཏུ་རི་བོ་ལས་གཏོས་ཆེ་ཞིང་། རྒྱ་མཚོ་ལས་གཏིང་ཟབ་པའི་སྐུ་ངལ་ཚད་མེད་བདག་གིར་བཞེས་གནང་བཞིན་པ་འདིར་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་དང་ཆབས་ཅིག སླད་མའི་ཆར་ཡང་ཆོས་ཉིད་ཟབ་མོའི་གནས་ལུགས་དེ་ཁོ་ན་ཉིད་དང་། ལས་འབྲས་ཀྱི་བདེན་པའི་སྟོབས་དང་། བསླུ་མེད་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་དང་བྱིན་རླབས་ཀྱི་ནུས་མཐུ་དང་། མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་གི་ལྷ་འབངས་སུ་གཏོགས་པའི་རང་ཅག་གདུལ་བྱ་ཡོངས་ཀྱི་མོས་གུས་དད་དམ་འགྱུར་བ་མེད་པའི་སྟོབས་སོགས་ཀྱིས། མགོན་པོ་མཆོག་སྐུ་ཚེ་བསྐལ་བ་བརྒྱ་ཕྲག་གི་བར་དུ་བརྟན་ཞིང་། རླབས་ཆེན་ཐུགས་ཀྱི་བཞེད་དགོངས་ཟབ་མོ་མཐའ་དག་གེགས་མེད་བདེ་བླག་མྱུར་འགྲུབ་འབྱུང་བར་སྨོན་པའི་ཤིས་ཚིག་ཏུ།

        ཨོཾ་བདེ་ལེགས་སུ་གྱུར་ཅིག །

རྒྱ་ཆེན་ཚོགས་གཉིས་ལྷུན་པོའི་རྩེ་ནས་མཚན་དཔེའི་ཉིན་བྱེད་འོད་སྟོང་བཞད། །

ལུགས་གཉིས་ཤེས་བྱ་ཀུན་ལ་མ་རྨོངས་དམ་པའི་ཚུལ་དགུའི་ངོ་མཚར་གཏེར། །

༸གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་༸རྒྱལ་མཆོག་ཡིད་བཞིན་ནོར་བུའི་སྡེའི། །

ཞབས་པད་རྟག་བརྟན་བཞེད་དོན་ལྷུན་འགྲུབ་སྐལ་བཟང་གོ་སྟོན་དུས་ཆེན་རྒྱལ། །

གངས་ཅན་ཞིང་གི་སྐྱེ་འགྲོ་ཡོངས་ཀྱི་དྲིན་ཆེན་ཕ་མ་ཁྱེད་ཉིད་ཡིན། །

གངས་ཅན་ཞིང་གི་དགྲ་སྡེའི་གཡུལ་ངོར་གོ་འགོག་མཚོན་ཆ་ཁྱེད་ཉིད་ཡིན། །

གངས་ཅན་ཞིང་འདི་གཡང་སར་ལྷུང་ཚེ་གྱེན་ལ་འདེགས་མཁན་ཁྱེད་ཉིད་ཡིན། །

གངས་ལྗོངས་བསྟན་འགྲོའི་མཚན་སྙན་རླུང་རྟ་སྲིད་རྩེར་སྒྲེང་མཁན་ཁྱེད་ཉིད་ཡིན། །

གངས་ཅན་མགོན་པོ་ཕྱག་ན་པདྨོ་༸རྒྱལ་དབང་ཡིད་བཞིན་ནོར་བུའི་སྡེའི། །

ཞབས་པད་རྡོ་རྗེའི་ཁྲི་འཕང་མཐོན་པོ་བསྐལ་བརྒྱའི་མཐར་ཡང་རབ་བརྟན་ཞིང་། །

ཀུན་ཕན་ཐུགས་བསྐྱེད་དམ་བཅའ་བཞིས་མཚོན་རླབས་ཆེན་བཞེད་དོན་ཟབ་མོ་ཀུན། །

གེགས་མེད་བདེ་བླག་མྱུར་འགྲུབ་འབྱུང་བར་སྨོན་འདུན་ཤུགས་དྲག་སྙིང་ནས་ཞུ། །

      ཞེས་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་གཞིས་བྱེས་སེར་སྐྱ་ཡོངས་ཀྱི་ཚབ་ཞུས་ཏེ། གསེར་འབྲོང་རི་སྨུག་པོའི་དྲ་ཚོམ་སྤྱི་ཐོག་ནས་བོད་རྒྱལ་ལོ་༢༡༥༢ བོད་རབ་གནས་ཤིང་སྦྲུལ་ལོའི་བོད་ཟླ་༥་པ་སྣྲོན་ཟླའི་ཚེས་༡༡་དང་། ཕྱི་ལོ་༢༠༢༥་ལོའི་ཟླ་༧་ཚེས་༦་ཉིན་ཕུལ་བ་བཀྲ་ཤིས་པར་གྱུར་ཅིག །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།