རྒན་ཞི་ཆུང་ལགས་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུ།

ཁོང་ནི་མདོ་སྨད་གསེར་ཐལ་ས་ཆ་ནས1950ལོར་སྐྱེས།  ཆུང་དུས་ནས་རྣམ་དཔྱོད་དང་བརྩོན་པའི་ཤུགས་ལ་བརྟེན་ནས་དམངས་གཉེར་སློབ་ཆུང་ནས་མགོ་བརྩམས་ཏེ་རྒྱ་བོད་ཡིག་རིགས་གཉིས་གཙོས་རིག་པའི་གནས་དུ་མ་ལ་འབད་པ་ཆེར་མཛད་ཅིང་།  ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ལ་ཕན་པའི་བྱས་རྗེས་དུ་མ་བསྐྲུན།
    ཁོང་གིས་ལོ་རབས་བརྒྱད་ཅུ་བའི་སྨད་ནས་བཟུང་བོད་ལྗོངས་དང་སི་ཁྲོན་མཚོ་སྔོན་སོགས་བོད་ས་མཐོའི་སྒང་གི་ཐུན་མིན་རིག་གནས་ལ་ཆེད་དུ་རྒྱུས་ལོན་བྱས་ཏེ།  རྗེས་ཤུལ་འཚོལ་བ་དང་།  ཡིག་ཚགས་འཚོལ་ཞིབ། མི་སྣའི་བཅར་འདྲི་སོགས་ཀྱི་ཐབས་ལམ་ལ་བརྟེན།  གེ་སར་རིག་གནས་ཞིབ་འཇུག་གི་ལམ་དེར་དངོས་སུ་ཞུགས་པ་དང་།     དེ་ནས་བཟུང་དེའི་ཐད་ཀྱི་ཆེད་རྩོམ་སྣ་ཁ་མི་འདྲ་བ་ཉི་ཤུ་ལྷག་རིམ་བཞིན་རྒྱལ་ཁབ་རིམ་པའི་དུས་དེབ་དང་།  ཞིང་ཆེན་དང་ཁུལ་རིམ་པའི་དུས་དེབ་སྟེང་དུ་བཀོད་པར་མ་ཟད།  ཁོང་གིས་བོར་ཐོར་དུ་འགྲོ་ལ་ཉེ་བའི་དམངས་ཁྲོད་གེ་སར་སྒྲུང་ཡིག་དུམ་པ་བཞི་བཅུ་ལྷག་འཚོལ་སྡུད་བྱས་ཏེ་མ་ཉམས་དར་སྤེལ་དུ་བཏང་བ་དང་།  ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཁོས་མུ་མཐུད་གེ་སར་རིག་གནས་ལ་ཞིབ་འཇུག་བྱས། 
    ཁོང་སྔ་ཕྱིར། རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་དང་རྒྱལ་ཡོངས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་ལྷག་ལ་ཞུགས་ཤིང་།  ཁོང་གིས་སྔ་ཕྱིར་སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་གི་ལས་འཛིན་པ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གེ་སར་རིག་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་ཁུར་མྱོང་།  
    མ་ཟད། ཀྲུང་གོའི་དངོས་མིན་རིག་གནས་དཔེ་མཛོད་ཆེན་མོའི་ཚིག་མཛོད་ནང་གི་གེ་སར་རྩོམ་འབྲི་བའི་ཡ་གྱལ་དང་། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་གེ་སར་སྒྲུང་ཡིག་དེབ་བརྒྱ་དཔེ་སྐྲུན་བྱེད་པའི་ལས་གཞི་ཆེན་མོའི་དཔྱད་འདེམས་པ།  ཡུལ་ཤུལ་ཁུལ་གེ་སར་རྒྱ་བོད་ཚིག་མཛོད་ཆེན་མོ་འགྲེམས་སྤེལ་ལས་ཀའི་ཁྲོད་ཀྱི་གོ་ཁྲབ་འཁོར་གསུམ་ཐད་ཀྱི་ཡིག་སྒྱུར་བ་དང་ཆེད་མཁས་པ།  ཡུལ་ཤུལ་གླིང་སྒྲུང་ཕྱོགས་བསྒྲིགས་ནང་གི་གཏམ་དཔེ་ཕྱོགས་བསྒྲིགས་ཀྱི་ཡིག་སྒྱུར་བ།  གེ་སར་ལོ་རྒྱུས་སྙན་ཚིག་ཤེས་བྱའི་ཀློག་དེབ་ཀྱི་སྡེ་ཚན་གཉིས་པའི་རྩོམ་པ་བོ་བཅས་ཀྱི་ཕྱག་ལས་ཀྱང་གནང་།  
   ད་དུང་།  2003ལོར་དཀར་མཛེས་གསར་འགྱུར་ཁང་གི་ལོ་ལྔ་བཅུའི་རིང་གི་གྲུབ་འབྲས་ཞེས་པའི་བྱ་དགའ་ཐོབ་པ་དང་།  སྐར་མཛེས་ཁུལ་སྲིད་གཞུང་དང་ཁུལ་ཨུ་ཡི་མི་ཚེའི་གཅིག་གི་བྱས་རྗེས་ཞེས་པའི་བྱ་དགའ་ཐོབ། ད་དུང་།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་།  ཀྲུང་གོའི་རྩོམ་རིག་ལྷན་ཚོགས།  རྒྱལ་ཁབ་མི་རིགས་དོན་གཅོད་ལས་ཁུངས། རྒྱལ་ཁབ་རིག་གནས་པུའུ་བཅས་ཀྱིས་གེ་སར་ཕྱོགས་ཀྱི་བྱས་རྗེས་འབུར་ཐོན་གྱི་བྱ་དགའ་དང་གེ་སར་རིག་གནས་སྔོན་ཐོན་ཞིབ་འཇུག་པའི་མཚན་སྙན་གནང་། 
 མ་ཟད།  དམར་དམག་རྒྱང་སྐྱོད་ཀྱི་འགྲོ་ལམ་འཚོལ་ཞིབ་ཐད་ལ་ལོ་ངོ་བཞི་བཅུ་ལྷག་གི་རིང་ཞིབ་འཇུག་བྱས་ནས་རྒྱུ་ཆ་དུ་མ་ཉར་ཚགས་བྱས་ཤིང་ཆེད་མཁས་པ་དང་འབྲེལ་ཡོད་ལས་ཁུངས་ལ་ཁྲིད་སྟོན་ཀྱི་ནུས་པ་མི་དམན་པ་ཐོན་ཡོད།
   ཆེད་རྩོམ་ལ།   《གླིང་སྒྲུང་ཤེས་བྱ》དང་།   《野牦牛部落与香巴拉武轮王》  《高地密使》 《笔行莲境》སོགས་ཡོད། 
    འདི་དག་ནི་ཁོང་གི་མི་ཚེའི་བྱུང་བ་མདོར་བསྡུས་ཤིག་རེད།   བྱུང་བ་མདོར་བསྡུས་འདི་ཁོང་སྐུ་འཚོ་བཞུགས་སྐབས་ཁོང་ལ་དངོས་སུ་དྲིས་ནས་ཚིག་གི་ཟུར་ཙམ་ལ་ཡང་མ་བཅོས་མ་བསླད་པར་རང་སོར་བྲིས་པ་ཡིན་ལ།  ཁོང་གི་ཚུགས་ཐུབ་དང་སྒམ་དཀྱེལ།  ཡ་རབས་ཚུལ་མཐུན་དང་ཁེངས་སྐྱུང་བབ་ཆགས་སོགས་གྱི་མི་གཞི་བཟང་བོ་དེ་ནི།   དུས་ཚོད་དང་འཁོར་ཡུག་གོ་གནས་དང་རྒྱུ་འབྱོར་གང་གིས་ཀྱང་གཡོ་བ་མེད་པར་ཚེ་གང་ལ་གནས་ཐུབ་པའི་ལོ་རྒྱུས་སོགས་ནི་གཞན་ལས་ཤེས་པར་བྱ་ལ།  ཁེ་འདོད་གྲགས་འདོད་ཀྱིས་མ་བསླད་པའི་བརྩམས་ཆོས་དག་ལ་བལྟས་ཀྱང་ཁོང་གིས་མི་ཡུལ་འདིར་བཞག་པའི་བསླབ་བྱ་ཡང་དག་ཅིག་དང་།  ཁོང་ཉིད་འགྲོ་སའི་བཞུད་ལམ་གཙང་མ་ཞིག་ཀྱང་ང་ཚོའི་མངོན་སུམ་མིག་གི་ལམ་དུ་བསྟན་ཡོད།
                                    ཐུབ་བསྟན་གྲགས་པ་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།