སངས་རྒྱས་ཀྱི་རིང་བསྲེལ་༸གོང་ས་མཆོག་ལ་འབུལ་ལམ་ཞུས་པ། 

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༤ ཉིན་ཤྲཱི་ལངྐའི་རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་ར་ཡའི་དགོན་པའི་(the Raja Guru Shri Subuti Mahavihara Monastery of Sri Lanka)རྟེན་གྱི་གཙོ་བོ་སེར་སྐྱའི་གྲོང་ནས་རྙེད་པའི་སྟོན་པ་ཐུབ་པ་དབང་པོའི་རིང་བསྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་དམ་གྱི་རྟེན་དུ་འབུལ་ལམ་ཞུ་ཆེད་བཞུགས་སྒར་ཕོ་བྲང་དུ་གདན་འདྲེན་ཞུས་ཡོད་པ་རེད། 

དེ་ཡང་གནས་མཆོག་རྡ་རམ་ས་ལའི་ཁོར་ཡུག་ཀུན་ཏུ་དཔྱིད་ཀྱི་དཔལ་མོའི་མཛེས་སྡུག་གི་ལང་ཚོ་མངོན་པར་བཞད་ཅིང་། སྟོད་ཀྱི་གངས་རི་དཀར་པོའི་རང་ཞལ་ཤིན་ཏུ་གསལ་ལ། གཡའ་དྭངས་པའི་ནམ་མཁར་སྤྲིན་དཀར་ཚོམ་བུར་རྒྱུ་བའི་འོག་ཏུ། གངས་འདབས་ལྗོན་པའི་ཚོགས་རྡུལ་བྲལ་གྱི་གཡུ་ལོ་ཤིན་ཏུ་མཛེས་ཤིང་། ལྗོངས་ཆེན་པོར་ཁྲི་གདུགས་ཉི་མའི་ཟེར་བརྒྱའི་གཟི་བྱིན་འཕྲོས་ཏེ་རང་བྱུང་ཁམས་ཆེན་མོའི་དཔལ་ཡོན་ལྟ་བས་ཆོག་མི་ཤེས་པ་དང་། དད་ལྡན་སེར་སྐྱ་མི་མང་གི་ནང་སེམས་སུ་རང་བཞིན་ལྷུན་གྱིས་གྲུབ་པའི་དགའ་སྣང་གིས་ཡོངས་སུ་ཁེངས་པ་དང་བཅས་ཤྲཱི་ལངྐའི་རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་ར་ཡའི་དགོན་པའི་གནས་བརྟན་ཝ་ས་ཀུ་བེ་མ་ཧིནྡྷ་བཾ་ས་ན་ཡ་ཀ་ཐེ་རོ་(Waskaduwe Mahindawamsa Nayaka Thero)ལགས་ཀྱིས་ཆེད་དུ་གདན་འདྲེན་ཞུས་པའི་སངས་རྒྱས་ཀྱི་རིང་བསྲེལ་རིན་པོ་ཆེ་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གྷལ་གནམ་ཐང་དུ་ཕེབས་པ་དང་། གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ་སོགས་ཀྱིས་གནས་བརྟན་ཝ་ས་ཀུ་བེ་མ་ཧིནྡྷ་བཾ་ས་ན་ཡ་ཀ་ཐེ་རོ་ལགས་དང་ལྷན་དུ་རིང་བསྲེལ་བཞུགས་སྒར་རྡ་རམ་ས་ལར་གདན་ཞུ་སྐབས། ཕེབས་ལམ་དུ་ནང་པའི་རྗེས་འཇུག་གི་སེར་སྐྱ་མི་མིང་གིས་རང་ལུགས་མནབ་བཟའ་ཡི་རྒྱན་གྱིས་སྤྲས་ཤིང་། ལག་ཏུ་བདུག་སྤོས་དང་མེ་ཏོག་ཐོགས་ཏེ་རིང་བསྲེལ་རིན་པོ་ཆེ་གདན་ཞུ་ཟབ་རྒྱས་ཞུས་པ་དང་།  ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་ཆེན་མདུན་དུ་རླངས་འཁོར་ཁ་བཀག་སྟེ། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་པའི་དགེ་འདུན་པ་རྣམས་ཀྱིས་སེར་སྦྲེང་དང་མེ་ཏོག་གི་མཆོད་པ་ཕུལ་ཞིང་། གནས་བརྟན་མཆོག་དང་གླིང་རིན་པོ་ཆེའི་ཡང་སྲིད། དཔལ་ལྡན་སྲིད་སྐྱོང་བཅས་ཀྱིས་ཕོ་བྲང་དུ་གདན་ཞུ་ཞུས་ཡོད། 

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་ཚུད་ནས་ཕོ་བྲང་རྒྱལ་སྒོ་རུ་ཕེབས་སྒུག་ཞུས་ཡོད་པ་དང་། རིང་བསྲེལ་རིན་པོ་ཆེ་གདན་ཞུས་ཀྱིས་ཕོ་བྲང་རྒྱལ་སྒོར་འབྱོར་མཚམས་མགོན་པོ་གང་ཉིད་མཆོག་གིས་མཇལ་ཁ་ཞུས་ཤིང་། མགོན་པོ་མཆོག་གིས་གཙོས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག གླིང་རིན་པོ་ཆེ་མཆོག དཔལ་ལྡན་སྲིད་སྐྱོང་མཆོག བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་གཞོན། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པ་བཅས་ནས་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱི་བཀྲ་ཤིས་གསུང་འདོན་གནང་སྟེ་རིང་བསྲེལ་རིན་པོ་ཆེ་ཕོ་བྲང་དུ་གདན་ཞུ་ཞུས་ཡོད། 

དེ་ཡང་བདག་ཅག་གི་སྟོན་པ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་རིང་བསྲེལ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དམ་རྟེན་དུ་འབུལ་ལམ་ཞུས་པའི་ངོ་སྤྲོད་ཀྱི་ནང་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་༸གོང་ས་མཆོག་ལས་མཛད་རྗེས་ཆེ་བ་སུ་ཡང་བྱུང་མྱོང་མེད་པ་དང་། བྱང་ཆུབ་སེམས་དཔའ་སྐུ་ཤ་རློན་པ་ཡིན་པའི་ངོས་འཛིན་དང་འབྲེལ། ཤྲཱི་ལངྐའི་དགེ་འདུན་པ་ཡོངས་རྫོགས་ཀྱི་ཚབ་ཞུས་ཏེ་ཕྱི་ལོ་ ༢༠༡༧ ལོར་༸གོང་ས་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཐག་གཅོད་བྱུང་ཡོད་པ་ཞིག་ཡིན་འདུག་པ་དང་། རིང་བསྲེལ་འདི་ནི་རྒྱ་གར་དབྱིན་ཇིའི་འོག་ཏུ་ཡོད་སྐབས་ཝིལ་ཡམ་པེ་པེ་(William C Peppé)ཞེས་པའི་དབྱིན་ཇི་བ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་སའི་གནས་མཆོག་སེར་སྐྱའི་གྲོང་ནས་རྙེད་སོན་བྱུང་འདུག་པ་དང་། ཕྱི་ལོ་ ༡༨༩༨ ལོར་ཤྲཱི་ལངྐའི་གནས་བརྟན་སུ་བྷུ་ཏི་མཧཱ་ནཱ་ཡ་ཀེ་ཐེ་རོ་(Subhuthi Mahanayake Thero)lgs ལ་གནང་སྟེ། ད་ལྟའི་བར་དུ་རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་ར་ཡའི་དགོན་པའི་རྟེན་གཙོར་བཞུགས་སུ་གསོལ་བ་ཞིག་ཡིན་པ་བཅས།

ཡོང་ཁུངས་དགའ་ལྡན་ཕོ་བྲང་གི་དྲ་རྒྱ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།