འབྱོར་ལན་མེད་པའི་འཕྲིན་པ་ཡུག་གཅིག།

                                                 ‘བག་ཆགས་ཟབ་ཅིང་འདང་རྩིས་ཆེ་བའི་ཁྱོད་ལ་ཕུལ།’

        མ་མཇལ་ཡུན་རིང་ཡུན་རིང་འགོར་སོང་། ཉེ་ལམ་བདེའམ། 2020ལོའི་ཟླ་བརྒྱད་པའི་ནང་གི་ང་ཚོའི་ལྷན་འཛོམས་ནི་ཆེས་མཐའ་མཇུག་གི་འདུ་འབྲལ་ལྟ་བུར་ཆགས་སོང་། དེ་ནི་ངས་ཡིད་ལའང་འཁོར་མ་མྱོང་བའི་དོན་དག་ཞིག་རེད།  ད་ལྟ་ངས་ཁྱོད་ཀྱི་གནས་སྟངས་ཅི་འདྲ་ཡིན་པ་ཤེས་གྱིན་མེད། ཧ་ཅང་ཡིད་ལ་གཟན་པའི་དངོས་ཡོད་གནས་ཚུལ་མང་པོ་ཞིག་སེམས་པས་ཐེག་ཐབས་ཀྱང་མི་འདུག བྱིས་དུས་ཀྱི་འཚོ་བའི་ཁྲོད་གོམས་ཤིང་འདྲིས་པར་གྱུར་པའི་ཁྱོད་རང་ད་ལྟ་ང་ཡི་ངང་སྒུག་དང་ཞེ་ཁྲལ་ཏུ་གྱུར་འདུག ཁྱོད་རང་ཕ་ཡུལ་དང་མཛའ་བཤེས་ལ་རྒྱང་དུ་གྱེས་ཟིན། དང་ཐོག་ནུས་ཤུགས་ཡོད་རྒུས་གཉོར་སྐྱོང་བྱས་མྱོང་བའི་ང་ཚོ་དང་རྒྱང་དུ་གྱེས་ཟིན། ཁྱོད་ཀྱིས་རྒྱུས་མེད་པའི་ས་ཆ་དེ་རུ་རྒྱུས་མེད་པའི་མི་ཚོགས་དང་འགྲོགས་ཏེ་འཆར་གཞི་ལྡན་པའི་འཚོ་བ་རོལ་བཞིན་ཡོད་ཅིང་། ད་དུང་ཁྱོད་དང་ཆོས་ཉིད་ཀྱི་འབྲེལ་བ་ཨེན་ཙམ་ཡང་མེད་པའི་ས་ཆ་དེའི་གནམ་གཤིས་ཀྱི་དྲོ་གྲང་མྱོངདགོས། དུས་ཚོད་ནི་གཙང་བོ་ལྟར་བསྟུད་མར་མདུན་དུ་བཞུར་གྱིན་འདུག ང་ཚོ་ཡང་དེ་དང་འགྲོགས་ཏེ་གཞོན་ནུ་ནས་དར་མར་གྱུར་སོང་། འུ་ཅག་ངོ་མ་ཐུག་པར་ཡུན་རིང་འགོར་སོང་། ཁྱོད་ཀྱིས་ང་ཚོའི་བྱིས་དུས་ཀྱི་སྙིང་ཉེ་བའི་གདོང་རིས་རེ་རེ་བཞིན་ཡིད་ལ་འཁོར་བ་ལས་ང་ཚོའི་གཞོན་ནུ་ནས་དར་མར་གྱུར་བཞིན་པའི་བཟོ་ལྟ་དེ་ཡིད་ལ་འཆར་དཀའ་བ་ཞིག་ཡིན་ངེས། འོན་ཀྱང་ངའི་རྨི་ལམ་ནང་དུ་གཞན་ཡུལ་ནས་ཁྱོད་ཀྱི་སྐྲ་རྩ་སེ་ཞིང་སྨ་ར་རྒྱས་གྱིན་པའི་སྣང་བརྙན་དེ་ཐེངས་མང་པོར་འཁོར་མྱོང་། ཁྱོད་རང་ཕ་ཡུལ་དང་གྱེས་ཏེ་ཡུན་རིང་འགོར་ཡང་དོན་དངོས་སུ་ཁྱོད་རང་ཕ་ཡུལ་དང་གྱེས་མེད་པར་ང་ལ་ཡིད་ཆེས་གཏིང་ཟབ་མོ་ཡོད། ཁྱོད་རང་ད་དུང་དགོན་འདབས་ནས་མཐོང་ཐུབ་པའི་རི་སྐེད་ཀྱི་སྨུག་པ་དེ་དང་འགྲོགས་ནས་ཡོད། ཁྱོད་རང་ད་དུང་ཉི་མ་རི་སྐེད་ནས་ལ་དུས་ཀྱི་ས་སྲོད་དང་ཟླ་ཆུ་ཉིན་རེ་ནས་མར་འགྲིབ་པའི་སྟོན་ཟླ་ལ་འཁྲེང་ནས་ཡོད། ཁྱོད་ནི་ཕ་ཡུལ་དང་འགྲོགས་ནས་ཡོད་པའི་སྤྲིན་དཀར་པོ་དེ་ཡིན་པས་ཕ་ཡུལ་གྱི་ནམ་མཁའ་དང་ཁ་གཏན་ནས་འབྲལ་མ་མྱོང་། 

    ལོ་མང་པོའི་སྔོན་གྱི་ད་ཚོད་ཁྱོད་རང་གཞོན་ནུ་ཤ་དར་ཁྲག་དར་ཞིག་ཡིན། དེ་དུས་ང་ཚོ་ནི་ཁྱོད་ཀྱིས་རང་གི་ལག་ཟུང་སྤྱད་དེ་བྲིས་པའི་ཉི་མ་ལྷ་ས་ལྟ་བུའི་སྙིང་དུ་སྡུག་པའི་རི་མོ་རེ་རེ་དང་མཚུངས། ཁྱོད་ཀྱིས་རི་མོ་དེ་ག་ཚོས་གཞི་དང་ཆ་ལུགས་གཅིག་པ་ཞིག་ཡོང་ཐུབ་པར་རེ་བཞག་ཆེན་པོ་བྱས་མྱོང་། སྨོན་ལམ་རྣམ་དག་རེ་འདེབས་མྱོང་། དེ་དུས་ཁྱོད་ནི་ཕ་ཡུལ་གྱི་གྲམ་པ་སྐྱ་ཤུལ་རེ་རེའི་ནང་དུ་མེ་ཏོག་འདེབས་འཛུགས་བྱེད་མཁན་གཅིག་པུ་ཡིན། ཁྱོད་ཀྱིས་དཀའ་ངལ་ལ་མི་སེམས་པར་མི་ཁོམ་པའི་མིག་མདངས་ཉར་ཚགས་བྱས་མྱོང་། ཁྱོད་ནི་ཁྱོད་ཀྱིས་གསོས་པའི་མེ་ཏོག་རེ་རེའི་གཞུང་རྟའམ་སྒལ་ཚིགས་ཡིན། ཁྱོད་ནི་དེ་འདྲའི་ལྷག་བསམ་གྱིས་ཁེངས་ཤིང་བརྩེ་སེམས་ཀྱིས་ཕྱུག་པའི་མྱི་ཞིག་ཡིན། ཁྱོད་ཀྱིས་ཆུང་དྲགས་པའི་འཇིག་རྟེན་འདི་བརྩེ་བས་བསྐྱངས་མྱོང་། ནམ་མཁའ་སྔོན་པོ་མིན་པའི་དུས་ཚིགས་འདིའི་ནང་དུ་ང་ཚོ་བདེ་ཐང་ངང་ནར་སོན་དུ་བཅུག་པ་རེད། སྔོན་ཆད་ཁྱོད་རང་ཀུ་རེ་རྩེ་རྒྱུར་འཐད། སྣ་གླུ་ལེན་རྒྱུར་དུང་། གླུ་བ་ནམ་མཁའི་གླུ་དབྱངས་ལ་གསན་པར་འདོད། སྙན་ངག་འབྲི་རྒྱུར་ཧ་ཅང་ཞེན། དཔེ་ཀློག་བྱེད་པར་མོས། ལྗོངས་རྒྱུར་འགྲོ་བར་དགའ་བོ་ཡོད་དཔེ། ཁྱོད་ཀྱིས་ལྷགས་རླུང་ལྡང་བའི་དགུན་ཁའི་ཞོགས་པ་རེ་རེར་ང་ཚོའི་ལྷམ་ཆུང་དང་འབོབ་ཐུང་མེར་བསྲོས་མྱོང་ཞིང་། ནངས་སྔ་མོ་ནས་མེ་སྒོང་བརྒྱབ་ཞིང་ཆུ་ཁོལ་བསྐོལ་ཏེ་ང་ཚོས་ཁ་ལག་འཁྲུད་པར་སྟ་གོན་བྱེད་དཔེ། སློབ་སྦྱོང་སྐབས་སུ་ང་ཚོས་སྒྱིད་ལུག་ནར་འགྱངས་བྱས་ཚེ་ཁྱོད་ཀྱིས་ང་ཚོར་ཉེན་བརྡ་གཏོང་དཔེ། ང་ཚོ་ཡང་ཁྱོད་ལ་སྐྲག་ཅིང་དོགས་པས་སྐད་གསེང་མཐོན་པོས་སུམ་རྟགས་ཀྱི་རྩ་བ་ངག་ལ་སྐྱོར་ཞིང་རིག་པ་སྒྲིམ་སྟེ་སློབ་ཁྲིད་ལ་ནན་གྱིས་ཉན། དེ་དུས་ཁྱོད་ནི་ང་ཚོའི་མིག་མདུན་དུ་སྐྲག་ཅིང་དོགས་དགོས་སའི་དགེ་རྒན་ཞིག་ཡིན་ནའང་། ང་ཚོ་ནི་ཁྱོད་ཀྱི་ཁུར་དུ་ལྕི་བའི་འགན་འཁྲི་དང་སེམས་ཁྲལ་ཡིན། ཉི་ནུབ་དང་མཚན་གུང་བར་དུ་བསམ་བློ་གཏོང་དགོས་སའི་རྩིས་གཞི་ཞིག་ཀྱང་ཡིན། དུས་ཚིགས་དེའི་ནང་དུ་ཁྱོད་ལ་བག་ལྷོད་པོས་ངལ་གསོ་ཆོག་པའི་ས་མིག་ཙམ་ཡང་མེད། ཁྱོད་རང་ཡུད་ཙམ་ལ་ལྷིང་འཇགས་ངང་བསྡད་མྱོང་བའི་གྲངས་ཀའང་ཧ་ཅང་ཉུང་། 

     ལོ་ཟླ་དེ་ལྟར་བུད་སོང་། ཟླ་ཆུ་སྔར་བཞིན་མི་ལོ་བཅུ་གསུམ་གྱི་སྔོན་ལྟར་གསོན་ཤུགས་ཀྱིས་བཞུར་གྱིན་འདུག ཕ་ཡུལ་གྱི་ས་དབྱིབས་ལ་འཕོ་འགྱུར་ཅུང་ཙམ་ཡང་མི་འདུག ད་དུང་རྒྱུན་ལྡན་ལྟར་དབྱར་དགུན་སྟོན་དཔྱིད་ཀྱི་རྣམ་པ་གསལ་བོར་འཆར་གྱིན་འདུག འོན་ཀྱང་དུས་ཚོད་ཀྱིས་ང་ཚོའི་ས་ནས་སྟོང་ཆ་མང་པོ་ཞིག་འཕྲོག་སོང་། ཡིད་གར་འོང་བའི་ན་ཚོད་ཀྱི་མཛེས་སྡུག་མང་པོ་ཞིག་ཀྱང་འཕྲོག་སོང་། དེ་དུས་ཐབ་ཀ་གཅིག་གི་འགྲམ་གྱི་བྱིས་པ་སྣབས་ལུག་དེ་ཚོ་ད་ལྟ་གཞོན་ནུར་གྱུར་ཞིང་སོ་སོའི་འཚོ་ཚིས་ལ་འབད་བཞིན་འདུག ལ་ལས་ད་དུང་སློབ་གཉེར་བྱེད། ལ་ལས་གཉེན་བསྒྲིག་ཏེ་བྱིས་པ་བཙས་ཟིན། ལ་ལས་མྱི་རྐྱང་རྟ་རྐྱང་བྱས་ཏེ་རང་གི་འདོད་མོས་ལྟར་འཚོ་བ་རོལ། དེ་ལྟར་དུས་ཚོད་ཀྱིས་ང་ཚོ་བཙོ་སྦྱངས་བྱས་ཤིང་འཇམ་མཉེན་དུ་བརྡར་འདུག ད་ལྟ་ང་ཚོའི་འཚོ་བའི་ཁྲོད་དུ་དགེ་རྒན་ཞེས་སྣང་དོགས་དགོས་ས་ཞིག་མེད། བྱིས་དུས་ཀྱི་པྲ་ཆལ་བའི་གཤིས་ཀ་དེ་དང་སྙིང་ཉེ་བའི་རྣམ་འགྱུར་དེའང་བོར་ཟིན། དེ་དུས་ཕ་ཡུལ་གྱི་གཞོན་ཉམས་ལྡན་ཞིང་སྣང་བས་ཁེངས་པའི་དར་མ་དེ་ཚོ་ད་ཆ་ཐོད་པར་གཉེར་མའི་ཆུ་རིས་ཅན་དུ་གྱུར་འདུག དེ་དུས་གདོང་ལ་འཛུམ་རིས་ཅན་གྱི་རྒས་འཁོགས་དག་ད་ཆ་དགོན་འདབས་ཀྱི་ཁང་རྙིང་དེ་ཚོའི་སྒོ་འགྲམ་དུ་ཉི་མར་ལྡེ་བཞིན་པ་མཐོང་རྒྱུ་མི་འདུག འདི་ནི་དུས་ཚོད་མཚོན་བྱེད་ཀྱི་གློག་བརྙན་ཞིག་གི་ལེ་ཚན་དང་འདྲ་ཨང་། ལོ་ཟླ་དེ་ལྟར་རྒས་སོང་། སྟོན་ཟླ་དང་འདྲ་བའི་ཁ་བའི་མེ་ཏོག་རེ་རེ་ཁྱོད་ཀྱི་དཔྲལ་བའི་སྟེང་ལ་ཚེས་སོང་། ཅང་མི་འགོར་བར་ང་ཚོའི་མགོ་ཐོག་ཏུའང་ཚེས་འོང་། སྔོན་ཆད་དྲོ་ཞིང་འཇམ་པའི་ཉི་མའི་ཁ་གཏད་དུ་ལངས་ནས་ང་ཚོས་ཁྱོད་ལ་རང་རང་གི་ཕུགས་བསམ་གླེང་མྱོང་། ང་ཚོ་ནི་ཁྱོད་ཀྱི་ཕུགས་བསམ་ཡིན་ལ་ང་ཚོའི་ཕུགས་བསམ་ནི་ལུང་པ་དོག་མོ་དེའི་ནང་གི་གཞུང་ཆུ་དང་འདྲ་བར་རྒྱང་རིང་རྒྱང་རིང་ལ་བཞུར་མྱོང་། ཕུགས་བསམ་ནི་ཆེས་ཐོག་མར་ཁྱོད་ཀྱིས་ང་ཚོར་བསླབ་པའི་མིང་ཚིག་རྒྱུས་ཡོད་ཅིག་ཡིན། དུས་དེ་ནས་ང་ཚོས་ཕུགས་བསམ་ནི་མྱི་ཞིག་གསོན་པའི་ཡང་སྙིང་ཡིན་པ་རྟོགས་ཤིང་ཕུགས་བསམ་གྱི་དོན་དུ་ཅི་ཡང་བློས་གཏོང་དགོས་སྙམ། དེ་དུས་ཕུགས་བསམ་ནི་འདི་འདྲའི་མངོན་འགྱུར་བྱེད་དཀའ་བ་ཞིག་ཡིན་པ་མ་ཚོར། ད་ལྟ་ཕྱིར་འདང་བརྒྱབ་ན་སྔོན་ཆད་ཁྱོད་ཀྱིས་བཤད་པའི་སེམས་གཏམ་དྲོན་མོ་ཞིག་དྲན་འོང་། དེ་ནི་ང་ཚོ་མཐར་ཕྱིན་ཁར་ཁྱོད་ཀྱིས་བཤད་རྒྱུར་དཀའ་ཚེགས་ཅི་ཞིག་ལ་འཕྲད་ཀྱང་སློབ་བཤོལ་བྱ་རྒྱུ་གཏན་ནས་མ་དྲན་ཟེར། སྐད་ཆ་དེ་ཁྱོད་ཀྱིས་ཡང་ནས་བསྐྱར་དུ་ནན་ཏན་གྱིས་བཤད་མྱོང་། འདི་ནི་ང་ཚོའི་འབྱུང་འགྱུར་དང་ཕུགས་བསམ་ལ་འབྲེལ་བ་དམ་ཟབ་ཡོད་པའི་སེམས་གཏམ་ཞིག་ཡིན་པ་ངས་ཤེས་ཡོད།

      གནམ་གཤིས་འཁྱག་ཅིང་གྱེས་གདུང་གི་ཁ་བ་བབས་རྗེས། དུས་ཚོད་ཡོངས་སུ་འཕྱི་དྲགས་འདུག ངས་ཁྱོད་ལ་སྐད་ཆ་མང་པོ་ཞིག་བརྗོད་འདོད། འཕྲིན་ཡིག་མང་པོ་ཞིག་བསྐྱང་འདོད། བདེ་འཚམ་ཡིན་མིན་རེ་འདྲི་འདོད། ད་དུང་ངས་ཁྱོད་ཀྱི་བཀའ་དྲིན་བླ་ལྷག་གིས་དྲན་འོང་། སྐབས་སྐབས་སུ་ཁྱོད་ཀྱིས་ང་སར་རྨི་ལམ་མང་པོ་བཏང་ཡོང་། གཉིད་ལས་སད་རྗེས་ཅི་ཡང་མེད་པའི་ཚོར་བ་དེས་ང་རང་ཡུད་ཙམ་ལ་བློང་བློང་པོར་བཏང་འགྲོ། ཁྱོད་ཉིད་ང་ལ་བག་ཆགས་ཧ་ཅང་ཟབ་དོན་བརྗེད་མི་བཏུབ་པའི་བྱིས་དུས་ཀྱི་འཚོ་བའི་ཁྲོད་དུ་ཨ་མ་དང་ཨ་ཕྱི་ལས་གཞན་པའི་ཁྱོད་རང་ཡོད། ངས་ཀ་ངོ་ར་ངོ་ཙམ་ངོས་ཟིན་པ་ནས་སློབ་གྲྭའི་དཔེ་ཁང་ནང་ནས་ཁྱོད་ཀྱི་སོ་ཁམ་ཀློག་རྒྱུར་དགའ། ཡང་ཕྱོགས་གཞན་ཞིག་ནས་ང་ཚོའི་ཆུང་དུས་ཀྱི་གནས་བབས་ལ་འདྲ་སའི་ཆ་མང་བས་ཡིན་ནམ། ང་ཁྱོད་ཀྱི་གཡོ་ཟུར་མེད་པའི་སྒལ་ཚིགས་ལ་དགའ། ད་དུང་ཁྱོད་ལ་མཐོ་དམན་མེད་པའི་དཔུང་བ་ཞིག་ཡོད། ཆེ་ཆུང་མེད་པའི་མིག་ཟུང་ཞིག་ཡོད། ཁྱོད་ནི་མྱི་གཞན་དང་བསྡུར་ཐབས་མེད་པ་ཞིག་ཡིན། ཁྱོད་ཡོད་ས་ན་ངོས་སྙོམས་པའི་ས་གཞི་དང་ནམ་མཁའ་ཡོད། གང་ལྟར་ང་རང་ཁྱོད་ཀྱི་དྲང་གཤིས་ལ་ཧ་ཅང་དུང་། ད་ལྟ་ཕ་ཡུལ་ནི་སྔོན་ཆད་ལྟར་མཚན་གུང་དུས་ཚོད་བཅུ་གཉིས་ཡོལ་རྗེས་ཀྱི་ཟི་ལིང་གྲོང་ཁྱེར་དང་འདྲ་བར་ཁུ་སིམ་མེར་གནས་འདུག སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་མི་དག་ནི་རྒྱུན་ལྡན་ལྟར་རང་རང་གི་འཚོ་བར་བྲེལ་བཞིན་འདུག སྔོན་ཆད་གཟའ་སྤེན་པར་ང་ཚོས་མཉམ་དུ་གོས་དང་རྐང་ལག་བཀྲུས་མྱོང་སའི་’གནས་ཆུ་’ད་དུང་ཤང་ཤང་གིས་བཞུར་གྱིན་འདུག ད་ལྟ་གནས་ཆུ་ཁོ་ནས་ཕ་ཡུལ་གྱི་ལྷིང་འཇགས་དཀྲོག་ཐུབ་གྱིན་མི་འདུག ཕ་ཡུལ་ལྷིང་འཇགས་སུ་གྱུར་རྗེས་དེ་རུ་ཁྱོད་ལ་ཤ་ཚ་དང་སེམས་ཚེགས་ཟབ་པའི་མྱི་ག་ཚོད་ཅིག་ཡོད་པ་སུས་ཀྱང་ཚོད་བགམ་བྱེད་ཐབས་བྲལ་ཡོད། ཉག་ཉོག་མང་པོ་མི་བཤད་སུན་པོ་བཟོས་འགྲོ། ཁྱོད་ཀྱི་ཡིད་བརྙན་དང་ཞབས་རྗེས་ཀྱིས་ཁེངས་ཤིང་ང་ཚོའི་ཨམ་ཕྲག་ལས་འབོར་ཐབས་མེད་པའི་མེ་ལོང་ཆག་རོ། ཁྱོད་རང་ས་ཆ་དེ་རུ་སྐུ་གཟུགས་བདེ་འཚམ་ཡོང་དགོས། ནམ་ཞིག་ཉི་འོད་ལྡོག་འཕྲོ་བྱས་པའི་འོད་ཟེར་ལས་ཁྱོད་ཀྱིས་མཚར་སྡུག་ལྡན་པའི་གདོད་མའི་དབྱར་གཞུང་དེ་རྙེད་ངེས། མདོར་ན་བཀྲ་ཤིས་པ་མཐའ་དག་ཁྱོད་ཀྱི་ཕྱོགས་སུ་ཉེ་བར་ཤོག 

                                                                                               2023/12/17ཕྱི་དྲོ་གྲུབ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།