ཕྱི་རབས་དག་ནི་ཨ་གསར་ཆེ།

ཟླ་བ་གོར་བས་ཅི་ཞིག་ཕན་ཏེ་ཁྱོད་ཀྱིས་མཐོང་བ་མི་སྲིད་དོ། །
བསིལ་ཟེར་འཇམ་པས་ཅི་ཞིག་ཡོད་དེ་ང་ཡི་སེམས་ལ་རྩུབ་པའོ། །
མི་རྣམས་སྨྱོ་ཞིང་གཅིག་ཏུ་འཛོམས་ཏེ་གད་མོའི་དགོད་སྒྲ་སྒྲོག་པའོ། །
ང་ནི་སྐྱོ་ཞིང་ཁེར་བུར་རྒྱུ་སྟེ་ཁྱོད་ཀྱི་གདོང་བ་དྲན་པའོ། །
འཇིག་རྟེན་ཟེར་ན་འདི་ཙམ་ཡིན་ཏེ་ཁྲེལ་དང་ཕྱི་ཐག་མི་བརྩིའོ། །
མི་ཡི་ལུས་ལ་ཟོག་གི་སྙིང་ཅན་བདེན་པའི་བུ་ལ་བཀུར་བའོ། །
བདེན་པ་ཟེར་བ་འདི་ཙམ་ཡིན་ཏེ་རྟོགས་པའི་མི་དེ་མི་འཇིགས་སོ། །
རྒྱུ་འབྲས་ཟེར་བ་འདི་ཉིད་ཡིན་ཏེ་མུན་པ་འཇོམས་པའི་སྣང་བའོ། །
ཁྱོད་རང་ཚ་གྲང་སྣ་ཚོགས་མྱོང་སྟེ་ང་ཡིས་དེ་དག་ཤེས་པའོ། །
ཡིན་ཡང་འབོད་པའི་སྐད་སྒྲ་དམའ་སྟེ་ཀུན་ཀྱང་སྐྱུང་བོའི་ཁུར་འཛིན་ནོ། །
ང་ནི་ཡི་གེའི་སྲོག་ལ་འཐམ་ཏེ་ཁྱོད་ཀྱི་མིང་གིས་འབོད་པའོ། །
ཁྱོད་ཀྱང་བདེན་པའི་ཨུ་ཚུགས་བསྒོམ་ཏེ་སྙིང་གི་ང་རོ་འབར་བའོ། །
མེས་པོ་དག་ནི་དགྲ་གྲོགས་འབྱེད་དེ་རང་གི་ང་རྒྱལ་སྲུང་བའོ། །
ཕྱི་རབས་དག་ནི་ཨ་གསར་ཆེ་སྟེ་རང་དང་གཞན་ཞེས་མི་ཤེས་སོ། །
རང་གི་དགྲ་བོ་གཉེན་བཞིན་བཀུར་ཏེ་གཅའ་བུའི་རྔ་མ་གཡུག་པའོ། །
ནང་གི་ཉེ་བོ་གཏིང་ནས་བརྗེད་དེ་སྨྱོ་ཆུ་འབའ་ཞིག་འཐུང་བའོ། །
བསམ་ཞིང་བསམ་ན་སྙིང་བོ་མེད་དེ་ང་ཅག་ཁོ་ཚོར་མི་རྩོད་དོ། །
བདེན་པའི་བུ་ཆུང་གཅིག་པུ་འཁྱམ་སྟེ་རིག་པའི་རྒྱལ་ཁམས་འགྲིམ་པའོ། །
ཐམས་ཅད་འུར་ཆིལ་ལེར་འཛོམས་པ་ལ། ཁོ་བོ་སྐྱོ་ལྷང་ངེར་བསྡད་དེ། ཉ་ཉོག་འདི་ཙམ་ཐལ་ལོ།།

སྤྱིལོ་༢༠༢༣ ཟླ་༩ ཚེས་༢༩ ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།