སྐད་ཡིག་གི་འོད་སྣང་།

ཞོགས་ལྗང་།

སྐད་དང་ཡི་གེའི་འོད་སྣང་གང་དེ། སྐད་དང་ཡི་གེ་རང་སྟེང་ནས་མངོན་པ་ཡིན་གྱི། གཞན་དུ་ན་འོད་འབྱུང་བའི་ཡུལ་མེད་དོ།། དཔེར་ན། ཉི་མའི་འོད་སྣང་གང་དེ་ནི་ཉི་མ་རང་སྟེང་ནས་བཀྱེ་བ་ཡིན་གྱི། རྒྱུ་སྐར་གཞན་གྱིས་བཀྱེ་བ་ནི་མ་ཡིན་ནོ།།
རིག་ཚན་སོ་སོའི་འོད་སྣང་གང་ཡིན་པ་ནི། རིག་ཚན་རང་སྟེང་ནས་འབྱེད་པ་ཡིན་གྱི། སྐད་དང་ཡི་གེ་གང་ཞིག་ལས་མ་ཡིན་ནོ།། དཔེར་ན། ནང་བའི་བསྟན་པ་ནི་ནང་བསྟན་རང་གི་འོད་སྣང་ལས་ཀུན་ལ་ཁྱབ་པ་ཡིན་གྱི། བོད་སྐད་དང་བོད་ཡིག་འབའ་ཞིག་ལས་མ་ཡིན་ནོ།། དེས་ན། བོད་བརྒྱུད་ནང་བསྟན་ནི་བོད་ཡིག་དང་འབྲེལ་བ་ཡེ་མེད་པ་ཡིན་ནམ་སྙམ་ན། དེ་ཡང་མ་ཡིན་ཏེ། གཉིས་ཀས་འོད་སྣང་དཔག་ཏུ་མེད་པ་འབྱེད་དོ།། བོད་ཡིག་དང་བྲལ་བའི་ནང་བསྟན་ལ་འོད་སྣང་མེད་པ་མིན་མོད། གཞན་ཡིག་ཏུ་གནས་པའི་ནང་བསྟན་གྱིས་བོད་ཡིག་གི་འོད་སྣང་འབྱེད་པ་མི་སྲིད་དོ།།
དེས་ན། ནང་བསྟན་གྱི་འོད་སྣང་ལ་བསམ་ནས་སྐད་ཡིག་སྣ་ཚོགས་སུ་བསྒྱུར་པ་དག་ཀྱང་བསམ་དགོས་པ་འདི་འདྲ་ཡོད་དེ། ཁྱོད་གང་བསྒྱུར་བའི་ནང་བསྟན་གྱིས་གཞན་གྱི་ཡུལ་ནས་འོད་སྣང་རབ་ཏུ་འབྱེད་པ་ལ་ཐེ་ཚོམ་ཡེ་མེད་མོད། དེ་ནི་ནང་བསྟན་གྱི་འོད་སྣང་དང་གཞན་སྐད་ཀྱི་འོད་སྣང་ཁོ་ན་ཡིན་གྱི། ཁྱོད་ཀྱི་སྐད་ཡིག་ལ་འབྲེལ་བ་ཡེ་མེད་དོ།། སྔོན་གྱི་སྒྲ་སྒྱུར་མཁན་པོ་དག་ཀྱང་གཞན་སྐད་ཀྱི་སྟེང་ནས་ནང་བསྟན་འཆད་མ་ནུས་པ་མིན་ཏེ། རང་སྐད་ཀྱི་འོད་སྣང་རབ་ཏུ་འབྱེད་པ་ལ། ཅིས་ཀྱང་སྒྲ་སྒྱུར་གྱི་ལས་ཀ་རྩོམ་དགོས་པ་ཡིན། ནང་བསྟན་བོད་སྐད་དུ་འགྱུར་པ་ནས་བཟུང་། འོད་སྣང་ཅི་ཡོད་པ་ཐམས་ཅད་ནང་བསྟན་དང་བོད་སྐད་ཉིས་ཆ་ནས་འཕྲོས་པ་ཡིན་གྱི། རྒྱ་གར་གྱི་སྐད་དང་འབྲེལ་བ་ཅི་ཡོད་དམ།
གཞན་གྱི་ཕུན་སུམ་ཚོགས་པའི་རིག་གནས་གང་དེ་རང་གི་སྐད་ཡིག་ལ་ཚུར་བསྒྱུར་པ་དེས། རང་གི་སྐད་དང་ཡི་གེ་ལ་འོད་སྣང་གཞན་ཞིག་བསྣན་པ་དང་འདྲ་སྟེ། རིག་གནས་དང་སྐད་ཡིག་ནི་རྟེན་འབྲེལ་ངེས་ཅན་གྱིས་སོ་སོའི་འོད་སྣང་འབྱེད་པ་ཡིན། དེས་ན། རང་གི་སྐད་ཡིག་དོར་ནས་གཞན་སྐད་འབའ་ཞིག་གིས་རང་གི་རིག་གནས་ཀྱི་འོད་སྣང་འབྱེད་འདོད་པ་དག་ཀྱང་བསམ་དགོས་པ་འདི་འདྲ་ཡོད་དེ། ཁྱོད་ཀྱི་རིག་གནས་གཞན་སྐད་དུ་བསྒྱུར་པ་ནས་བཟུང་། རང་སྐད་ཀྱིས་ཇི་ལྟར་འོད་འབྱེད་པ་ཡིན་ནམ།
སྐད་ཡིག་གང་ཞིག་གི་ཚེ་སྲོག་ནི་རིག་གནས་ལ་བརྟེན་ནས་རྒྱུན་བསྲིངས་པ་ཡིན་ཅིང་། རིག་གནས་གང་དེའི་འཕེལ་འགྲིབ་ནི་སྐད་ཡིག་ལ་བརྟེན་ནས་འབྱུང་བ་ཡིན། སྐད་དང་ཡི་གེ་ནི་ལན་རེར་གཉིས་སུ་བཀར་ཆོག་ཀྱང་། ལན་རེར་གཅིག་ཏུ་གྱུར་བ་ཤ་སྟག་སྟེ་ལོགས་སུ་མེད། མི་རིགས་ཤིག་གི་རིག་གནས་གང་དེ། རང་གི་སྐད་ཡིག་གིས་མཚོན་མི་ཐུབ་པའི་དུས་དེ་ནས་བཟུང་། མི་རིགས་དེའི་ཉམ་ང་ཆག་འཇིག་ཐམས་ཅད་མགོ་བརྩམས་པ་ཡིན། མི་རིགས་ཤིག་གི་རིག་གནས་ཀྱི་འོད་སྣང་གང་ཡོད་པ་དེ་རང་གི་སྐད་ཡིག་ལ་བརྟེན་ནས་ཕྱོགས་སུ་བཀྱེ་བ་མཆོག་ཏུ་འགྱུར་གྱི། གཞན་གྱི་སྐད་ཡིག་གིས་རང་གི་རིག་གནས་ཀྱི་འོད་སྣང་འབྱེད་དགོས་སྙམ་པ་དེ་རྒུད་པ་ཀུན་གྱི་རྐྱེན་ནོ།།
སོ་སོ་རང་གི་རིག་གནས་འོད་སྣང་དང་ལྡན་པར་གནས་ཚེ། རང་གིས་ཕར་སྒྲོག་དགོས་པ་མིན་པར། གཞན་དག་ཚུར་འཚོལ་འོང་བ་ཡིན། སོ་སོ་རང་གི་རིག་གནས་ལ་འོད་སྣང་མེད་པ་གང་ཞིག ཐམས་ཅད་བརྒྱ་ཁ་མཐུན་ཏེ་ཕར་བསྒྱུར་ཀྱང་གཞན་དག་ལེན་པའི་དཔེ་མེད། དེས་ན། ཁྱོད་རང་ཁྲག་དྲོན་བཏོན་ནས་ཕར་བསྒྱུར་བ་དག་ཐལ་རྡུལ་ཁྲོད་ལུས་པ་ལས་འོས་མེད།
དེ་བཞིན་དུ། ངས་ནི་སྒྲ་བསྒྱུར་ལ་བརྟེན་ཏེ་རང་གི་སྐད་ཡིག་གི་འོང་སྣང་འབྱེད་པར་བྱའོ་སྙམ་པ་དག་རང་གི་བརྩམས་ཆོས་ལ་འོད་འཚེར་བར་བྱོས་ཤིག ཁྱོད་ཀྱི་བརྩམས་ཆོས་ལ་འོད་སྣང་འབྱེད་པའི་མཐུ་མེད་པ་གང་ཞིག གཞན་དག་དགའ་བའི་དཔེ་མེད། དཔེར་ན། ཁྱོད་ལ་སུ་ཞིག་ཁྱི་ཤ་བྱིན་ན་ལེན་པའི་དཔེ་ཡོད་དམ། ནམ་ཞིག ཁྱོད་ཀྱི་བརྩམས་ཆོས་ཀྱིས་འོད་སྣང་རབ་ཏུ་བཀྱེ་བའི་དུས་དེ་ཉིད་ལ། ཁྱོད་རང་ལྷོད་ལྷོད་བཞུགས་པས་ཆོག་སྟེ། གཞན་དག་སྦྲང་མ་མེ་ཏོག་ལ་འཁོར་བ་བཞིན་འོང་། ཡིན་ནའང་། བསམ་དགོས་པ་འདི་འདྲ་ཡོད་དེ། ཁྱོད་ཀྱི་བརྩམས་ཆོས་གཞན་ལ་བསྒྱུར་བ་དེ་ནས་བཟུང་། འོད་སྣང་ནི་ཁྱོད་ཀྱི་བརྩམས་ཆོས་ལས་འབྱེད་པ་ཡིན་གྱི། འུ་ཅག་གི་སྐད་ཡིག་ལ་འབྲེལ་བ་ཡེ་མེད། ཁྱོད་རང་གཞན་དུ་འགྱུར་བའི་བརྩམས་ཆོས་ལས་རང་གི་སྐད་ཡིག་གི་འོད་སྣང་འབྱེད་འདོད་པ་འཁྲུལ་བ་ཤ་སྟག་གོ། སུ་ཞིག་ཁྱོད་ཀྱི་བརྩམས་ཆོས་གཞན་དུ་བསྒྱུར་བ་དེ་ཁྱོད་རང་གི་གཟི་བརྗིད་ཡིན་པ་བདེན་དུ་ཆུགས། དེ་ཀུན་ལ་བསྒྲགས་པས་ཕན་མེད་དེ། བརྒྱ་ལ་ཡོད་ན་ཁྱོད་ཀྱི་སྙན་གྲགས་སྐམ་པོའོ།། ལྡོག་སྟེ། རང་སྐད་རང་ཡིག་གི་ལས་དབང་ལ་བར་དུ་གཅོད་པའི་བདུད་རིགས་སྣ་ཚོགས་བསྐྱེད་དེ། ཨ་གསར་ཅན་དག་སྒོ་སྣ་ཚོགས་ནས་ལམ་དེ་ལ་འཇུག་པ་རང་ཅག་རང་ལ་རྒྱུས་ཡོད་པ་དེའོ།།
ཡི་གེའི་རིན་ཐང་ལ་འཇུག་པ་སུ་ཞིག ང་ནི་རང་དབང་རྒྱ་ཡན་ངང་རང་གི་རྩོམ་ལ་འཇུག་གི །གཞན་དག་བསམ་པའི་འོས་མེད་དོ་སྙམ་ན། རྨོངས་པ་ཤ་སྟག་སྟེ། གཞན་དང་ཁྱོད་ནི་འབྲལ་ཐབས་མེད་པའོ།། རྒྱལ་མཚམས་མེད་པར་རྒྱུགས་ཀྱང་ཆོག་མོད། རང་གི་ཆོས་རིག་ལ་བསམ་པ་དག་ནི་ལས་དེ་ལྟ་བུར་མི་འཇུག་གོ། སྐད་དང་ཡི་གེ་འདི་ནི་ཁྱོད་ཀྱི་མེས་པོ་དག་རྔུལ་ཁྲག་བཏོན་ནས་ཁྱོད་ལ་ཐུག་གི་བར་དུ་བསྐྱངས་པ་ཡིན་པས། ཕ་ཤ་ཁྱི་ལག་ཏུ་འཇོག་པ་བློ་ལྡན་སུ་ཞིག་བཟོད་པར་ནུས།
དེས་ན། ཁྱོད་རང་སོ་སོའི་སྐད་དང་ཡི་གེ་ལ་འོད་སྣང་འབྱེད་འདོད་པ་གང་ཞིག སྐལ་བ་ངན་པ་འདི་ལྟ་བུ་ལ། སྣ་གཅུ་གཞན་ལག་ཏུ་མི་འཇོག་པར། རང་གི་སྐད་དང་ཡི་གེ་ཨུ་ཚུགས་མཐར་སྐྱེལ་གྱིས་སྤྱོད་པར་གྱིས་དང་། དེ་ལས་དགའ་བ་གཞན་མེད་ལ། རང་གི་སྐད་དང་ཡི་གེའི་ངོ་སོ་ལ་གཅམ་བུ་དང་ཅོལ་ཆུང་གི་ལས་སྤངས་ནས། སྤོབས་པའི་དར་ཆ་མཐོ་རུ་སྒྲེངས་དང་། དེ་ལས་དཔའ་བ་གཞན་མེད་དོ།།
སོ་སོའི་སྐད་དང་ཡི་གེའི་འོད་སྣང་བཀྱེ་བ་བསམ་པ་ཡིན་ན། རང་གི་སྐད་དང་ཡི་གེ་བཀོལ་བ་འདི་ལས་མཆོག་ཏུ་གྱུར་བ་གཞན་ཡོད་དམ། རང་གི་སྐད་དང་ཡི་གེ་བཀོལ་ཆོག་པའི་ཡུལ་དུས་ཀྱི་བར་སྟོང་ཐམས་ཅད་དུ། ཅི་ནུས་སྒོས་བཀོལ་བ་གང་ཞིག གཞན་དག་ཚར་གཅོད་པའི་སྐབས་མི་འབྱུང་ངོ་།། ལྡོག་སྟེ། ཨ་གསར་དང་དབང་གྲགས་ཀྱི་རྗེས་སུ་རྒྱུགས་ནས། རང་གི་སྐད་དང་ཡི་གེ་བསྐྱུར་ནས་གཞན་གྱི་སྐད་དང་ཡི་གེ་སྤྱོད་པ་དང་། རང་གི་སྐད་དང་ཡི་གེའི་ནང་ལ་གཞན་གྱི་སྐད་དང་ཡི་གེ་བསྲེས་པ་སོགས། ཆ་ཁ་ཡ་སྡེབ་ཀྱི་ལས་དག་ནི་རང་གི་སྐད་དང་ཡི་གེའི་འོད་སྣང་ལ་བསམ་པ་མིན་ཏེ། ཁྱོད་རང་འབའ་ཞིག་གི་གཏམ་འདོད་ཚ་བོ(虚荣心)ཡིན་པས་ཞིབ་ཏུ་སོམས།
གཞན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཉིང་བཅུད་དག རང་གི་ཕ་སྐད་མ་ཡིག་ལ་ཚུར་བསྒྱུར་བ་ཡིན་ན། རང་སྐད་ཀྱི་འོད་སྣང་རང་བཞིན་གྱིས་བཀྱེ་བར་འགྱུར་གྱི། རང་སྐད་དུ་ཡོད་པ་ཐམས་ཅད་ཕར་བསྒྱུར་ཏེ་རང་སྐད་ཀྱི་འོད་སྣང་བཀྱེ་བར་འདོད་པ་གང་ནི་རྨི་ལམ་ཤ་སྟག་གོ། དེང་སང་ཐམས་ཅད་བརྒྱ་ཁ་མཐུན་ཏེ་དབྱིན་སྐད་ལ་འཇུག་པ་ནི། སྐད་ཡིག་དེའི་སྟེང་ན་ཁྱད་དུ་འཕགས་པའི་རིག་ཚན་མང་པོའི་ཉིང་བཅུད་ཡོད་པས་ཡིན་གྱི། གཞན་དུ་ན་འཇུག་པའི་འོས་མེད་དོ།། དེ་ནི་དབྱིན་སྐད་ཀྱི་འོད་སྣང་ཤ་སྟག་གོ། རིག་པ་དང་ལྡན་པ་དག་ནི། རང་གི་སྐད་ལ་ཚུར་བསྒྱུར་བའི་ལས་ལ་འཇུག གཏད་སོ་བྲལ་བ་དག་ནི་ཉི་ཚེ་བའི་སྙན་གྲགས་འབའ་ཞིག་ལས་བསམ་པ་མེད། གཞན་དག་རང་འགུལ་གྱིས་ཁྱོད་ཀྱི་བརྩམས་ཆོས་ཕར་བསྒྱུར་བ་ནི་རྗེས་སུ་ཡི་རང་བའི་གནས་ཏེ། ཁྱོད་ཀྱི་དེ་དག་ལ་རིན་ཐང་དང་ལྡན་པ་ཡིན་ནོ།། དེ་ཙམ་ང་རྒྱལ་དུ་བསམ་ནས་གང་སར་བསྲེས་སྐད་སྣ་ཚོགས་དང་གཞན་སྐད་ཅི་རིགས་སུ་སྤྱོད་པ་ནི་རྨོངས་པ་འབའ་ཞིག་གོ། དེས་ན། ཕྲག་པ་དང་སེམས་པ་དོག་གམ་སྙམ་པའི་བློ་མ་སྐྱེས་ཤིག ཆ་ཤས་ཙམ་ཡང་མི་སྲིད་དོ།།
ཁོམ་པ་ཅན་དང་བསམ་པ་ཅན་ཁ་ཤས་ཀྱི་སོ་སོའི་བརྩམས་ཆོས་རེ་འགའ་རྒྱ་ཡིག་ཏུ་བསྒྱུར་པས། ཁྱོད་ཅག་ཐམས་ཅད་བོད་ཡིག་སྤྱད་ཆོག་པའི་ཡུལ་དུས་གང་རུང་ལ་རྒྱ་ཡིག་གི་ཡིག་འབྲུ་སྣ་ཚོགས་སྟོར་བ་ཡིན་ན། ཁོ་བོ་ཅག་གི་བརྩམས་ཆོས་དག་ཕྱི་ཡིག་མང་པོར་བསྒྱུར་ཏེ་དེབ་ཏུ་བཟོས་པའང་ཡོད་ན། འུ་ཅག་ཐམས་ཅད་ཀྱིས་རང་གི་སྐད་ཡིག་བཞག་ནས་གཞན་གྱི་དེ་དག་སྤྱོད་དགོས་པ་ཨེ་ཡིན། ཡིན་ན་མགོ་བོ་བཅད་པ་ལས་ཀྱང་འདི་ཉིད་སྐྱོ་བས་མི་བསྒྲུབ་བོ།།
ནམ་ཞར་ཡང་རང་གི་སྐད་དང་ཡི་གེ་ལ་ཤ་འཐམ་རུས་འཐམ་བྱེད་པ་འདི་གཞན་དག་མ་ཤེས་པས་ག་ལ་ཡིན། ཐམས་ཅད་ཀྱིས་རང་གི་མེས་པོས་བཞག་པའི་དྲན་པ་དག་བརྗེད་དུ་མ་བཏུབ་པས་ཡིན་ལ། རང་གི་རྩིས་ཐང་དང་བདེ་སྐྱིད་མཐའ་དག་ཀྱང་འདི་ཡིས་མཚོན་པས་ཡིན། རང་གི་སྐད་ཡིག་ལ་རང་གིས་སྤྱད་པས། བསྐལ་བ་མ་སྟོང་བར་དུ་དེ་ཡི་འོད་སྣང་ལ་ཟད་པ་མེད། རང་སྐད་རང་གིས་དོར་བའི་སྐད་ཅིག་མ་དེ་ནས། སྐད་ཡིག་གི་འོད་སྣང་ཉམས་པ་ཡིན། རང་དབང་དང་རྩིས་ཐང་ཐམས་ཅད་ཀྱང་ཤོར་བ་ཡིན་པས། བློ་དང་ལྡན་པ་དག་ལེགས་པར་སོམས་ལ་ལེགས་པར་སྒྲུབས་རོགས་ཀྱེ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།