ཡར་འབྲོག་གཡུ་མཚོར་ཐིམ་པའི་རྣམ་ཤེས།

ར་རྫ་འཇམ་དབྱངས་སྐྱིད།

ཁ་སང་ཉིན་གུང་ཟ་མ་ཟོས་རྗེས་སུ་ཁ་པར་ལ་ཅིག་བལྟས་པ་ན། འཕྲིན་ཚོམས་ཤིག་ཏུ་གཏམ་ངན་དུག་གི་ཚེར་མ་འདྲ་བ་ཞིག་སྤེལ་བ་དེ་མཐོང་བས། ཨེན་ཙམ་གྱིས་ཁ་པར་ཡང་ལག་ནས་ཤོར། གློ་བུར་བའི་དོན་དག་དེར་ཡིད་མ་ཆེས་པར་འདས་པོ་གང་གི་སྐད་འཕྲིན་གྱི་རྒྱབ་ལོགས་སུ་བསམ་གཟས་ནས་ཅིག་བལྟས་པ་ན། སྔོན་ཉིན་མར་ད་དུང་གནས་ཚུལ་ཞིག་སྤེལ་འདུག་པ་མཐོང་། དེ་ནས་སྐད་འཕྲིན་སྒང་ལ་ཞིབ་ཏུ་ལྟ་དུས་གཏམ་ངན་དེས་ཁྱབ་འདུག ཨ་ལ་ལ་་་འདུས་བྱས་ཐམས་ཅད་མི་རྟག་པ་ཟེར་བ་ཅིས་མ་བདེན་ཞེས་རེ་ཞིག་ལུས་པོ་ཡོངས་ཡབ་ཡབ་ཏུ་ཁུར། གར་ཡོང་མི་ཤེས་པའི་ཕངས་སེམས་ཤིག་གིས་བརྟས་བཞིན་བརྟས་བཞིན……

དགོང་ཁར་གྲོགས་པོ་ཞིག་གིས་བསྐུར་བའི༡༩༠༥གློག་བརྙན་དྲ་བ་ལས་གཡང་མདའི་ཐད་གཏོང་མགོ་བརྩམས་ཚར་བ་དེར་བལྟས། དེའི་ནང་དུ་ཨ་ཕའི་མངག་བཅོལ་ལྟར་དུ་བཀྲ་དོན་ལྷ་ལུང་དཔལ་རྡོར་གྱི་བྲག་ཕུག་ནང་གི་ལྡེབས་རིས་ལ་མཇལ་ནས་ཕྱིར་ཡོང་རྗེས། འཁྲབ་པའི་རོལ་མོར་བསྡེབས་པའི་འཆམ་གྱི་སྟངས་སྟབས་ཉམས་ཅན་དེ་དང་། སྲིང་མོས། ཨ་རྒྱ་ཁྱོད་འཐད་པ་མེད་ན་ངས་མཛུབ་དཀྲིས་ཕྱིར་ཉི་མ་ལ་སྤྲད་ཆོག་ཅེས་པར། ཕུ་བོས་ལན་འདེབས་དུས་སུ། ཡ་ཆུང་ཁོག་ནས་ཐོན་པའི་སྡུག་སྣང་གདོང་དུ་མངོན་པ་དེ་གཉིས་ནི། སྒྱུ་རྩལ་གྱི་མཐོ་རླབས་སུ་སོན་འདུག་སྙམ་པའི་ཚོར་བ་ཞིག་དབང་མེད་དུ་སྐྱེས། ད་དུང་གློག་བརྙན་ལས་བོད་པའི་གསར་བུ་གསར་མོ་སྟེ་ཕོ་ལ་ཕོ་ཡི་རྫིག་ཉམས་དང་མོ་ལ་མོ་ཡི་འཇམ་ཉམས་ཐོན་འདུག་པའང་འཁྲབ་ཁྲིད་པ་གང་གི་དགའ་ཕྱོགས་ལྟར་སོང་བ་ཡིན་པར་འདོད། དེ་སྔོན་བལྟས་མྱོང་མེད་པའི་གློག་བརྙན་དེར་ལྟ་དུས་ཏག་ཏག་འཁྲབ་ཁྲིད་པ་འཇིག་རྟེན་མི་ཡུལ་དུ་མེད་པ་དྲན་ནས་ཡང་དངན་པ་ཞིག་ཤོར་ཞིང་སྙིང་ལ་ཚ་རྒྱས་ཡོང་། མཚན་གུང་ལ་སླེབས་པར་ངལ་གསོས་ཀྱང་གཉིད་སྟུག་པོ་ཞིག་ཡེ་མ་ཁུགས།

པདྨ་ངེད་གཉིས་འདྲིས་ཆེ་བའི་གྲོགས་པོ་དེ་འདྲ་མིན་རུང་ངོ་ཤེས་རྙིང་པ་ཡིན། ཁོ་ནི་ངེད་ཚང་གི་སྨིན་དྲུག་བོད་ཟས་ལ་དགའ་བའི་རྒྱུན་མགྲོན་ཤ་སྟག་ཅིག་ཡིན་པས་ཡང་དང་ཡང་དུ་ཡོང་ལ། དེ་རུ་ང་ཚོ་ཁ་ཤས་མཉམ་དུ་ཁ་བརྡ་ཡང་ཐེངས་རེ་གཉིས་ལ་བྱས་མྱོང་། མ་གཞི་ཁ་བབ་ལྕི་ཞིང་རང་གིས་བཤད་པ་ལས་གཞན་གྱི་ཁ་བརྡར་ཉན་པར་དགའ་བའི་བཟང་སྤྱོད་དེ་དང་ཡང་བབ་ཆགས་ཤིང་ཁེངས་དྲེགས་མེད་པ་འདྲ་བའི་ཁོའི་གཤིས་ཀ་དེར་ང་རང་དགའ་བོ་ཡོད། ངས་ད་དུང་ཁོ་ལ་རང་ཉིད་དགའ་ཤོས་ཀྱི་ཕྱི་རྒྱལ་གྱི་གློག་བརྙན་འགའ་ཡང་མཚམས་སྦྱར་མྱོང་། དེ་དག་ཁྲོད་ཀྱི་གཅིག་གི་མིང་ལ大耳不是罪ཟེར་བ་དྲན་སོས་པར་མ་ཟད། ཡུལ་གང་དེའི་འབྲོག་ཁྱིམ་ཕལ་པ་ཞིག་གི་འཚོ་བ་གཞིར་བཟུང་ནས་ཕབ་པའི་འབྲོག་པའི་འཚོ་བ། སྐྱིད་ཀྱི་ནང་ནས་སྡུག་དང་སྡུག་གི་ནང་ནས་སྐྱིད་ཡོད་པའི་དགའ་སྡུག་འདྲེས་མའི་མི་སེར་ཕལ་པའི་འཚོ་བ་མཚོན་པའི་གློག་བརྙན་དེས་མགོ་མཇུག་བར་གསུམ་དུ་ངའི་སེམས་ལ་ལྕགས་ཀྱུ་བཏབ་པ་བཞིན་དམ་དུ་བཟུང་བ་ད་དུང་བརྗེད་ཐབས་མི་འདུག ཁོའི་སེམས་ལ་ཅི་ཞིག་དྲན་གི་ཡོད་མེད་མ་ཤེས་མོད། རང་གིས་བལྟས་ཟིན་པའི་གློག་བརྙན་ཡག་པ་དེ་དག་མཚམས་སྦྱོར་བྱེད་དུས་ཁོས་རྣ་བ་གཏད་དེ་ཉན་འདུག ཐེངས་དེར་ང་ཚོ་སྨིན་དྲུག་རོང་ཁྱིམ་གྱི་སྒེའུ་ཁུང་ཁ་ཡི་ཟས་ཅོག་ནར་རིང་དེའི་མཐའ་རུ་བསྡད་ཡོད། ཕྱིས་སུ་འདང་རྒྱག་དུས་དྲང་ཞད་ཆེ་བའི་རང་གི་གཤིས་ཀ་དེར་གནོང་འགྱོད་ཅིག་ཀྱང་སྐྱེས་ཡོང་། དོན་དུ་སྐབས་དེར་པདྨའི་གློག་བརྙན་ལ་ཕྱི་ནང་གཉིས་ནས་དགའ་རྟགས་ཐོབ་མུས་རེད། སྐད་མགོ་དམའ་ལ་ཁ་བབ་ལྕི་བས་ཡིན་མིན་ཅི་ཆ་མོད་ཁོས་ཅི་ཞིག་བཤད་པ་ང་ལ་བག་ཆགས་མི་འདུག དེ་ནི་ཉན་ལ་དགའ་བའི་གོ་སྐབས་དམ་འཛིན་གྱིས་རང་གིས་སྐད་ཆ་མང་པོ་བཤད་ཡོད་པ་ཁོ་ཐག་རེད། ངས་བོད་ཁུལ་གྱི་སྐྱེས་མའི་གནས་སྟངས་སྐྱོ་བོ་ཡིན་ཚུལ་ཡང་བཤད་མྱོང་། དེའི་རྗེས་ཤིག་ཡིན་པ་ཡོད། ཡང་སྨིན་དྲུག་རོང་ཁྱིམ་གྱི་ཅོག་རིང་གི་མཐའ་རུ་རྒྱ་དང་བོད་པ་སྐོར་ཞིག་སྡོད་དུས། ངོ་ཤེས་ཤིག་གིས་གཞན་ཚོའི་མདུན་ནས་པདྨར་ཡང་ཡང་ཆེ་བརྗོད་བྱས་པར། ཁོས་ནི་དེ་འདྲ་མ་བྱེད་རྐྱང་རྐྱང་ཟེར་བས། རེབ་དེར་ངས་དེ་བས་ཀྱང་ཁོ་ནི་མཚན་སྙན་རྒྱས་ཀྱང་མི་ལྕི་མོ་ཞིག་ཡིན་ཚོད་རེད་འདོད་སོང་། སྤྱིར་བཏང་མི་ཕལ་མོ་ཆེ་ལ་མཚན་སྙན་གྲགས་དང་རྒྱུ་འབྱོར་བ་རྒྱས་པ་ཡིན་ཚེ། དང་མའི་ཁ་མལ་ནས་མི་འདུག་པར་ལམ་སེང་འགྱུར་འགྲོ་བ་ཞིག་རེད་འདུག་ག དེ་བས་ན་མ་འགྱུར་བ་དེ་ལྷག་ཏུ་ཁོའི་མི་གཤིས་ཀྱི་མཛེས་པ་ཞིག་ཏུ་མཐོང་། ཉིས་སྟོང་བཅོ་ལྔའི་ལོ་མཇུག་ཏུ་ང་ཚོ་ལྷ་སར་གནས་སྤར་སོང་བས་དངོས་སུ་ཕྲད་མ་མྱོང་རུང་། གློག་བརྙན་གྱི་ལས་ཀར་གཞོལ་ཆེ་བ་དང་ཟ་མ་དུས་ལྟར་དུ་ཟ་མ་ཐུབ་པ་སོགས་ཀྱིས་པདྨ་ལ་གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་རབས་དང་སྨན་ཟ་གི་ཡོད་ཚུལ། ཟ་མ་བྲོ་རྫས་ཅན་ཟ་གི་མེད་རབས་སྨིན་དྲུག་བོད་ཟས་ཁང་གི་ནང་མི་ཚོ་ལས་གོ་ལ། སེམས་ཁྲལ་ཞིག་ཀྱང་ངང་གིས་སྐྱེས་སོང་།

ཉིས་སྟོང་ཉི་ཤུ་ལོར། ལྷ་སར་དབུགས་ལྒང་སྟོན་དུས་སུ། ངས་སྐད་འཕྲིན་ལས་འབྲེལ་བ་བྱས་པ་བརྒྱུད། པདྨས་ཁྱོད་ལ་དུས་ཚོད་ཡོད་ན་པ་སེ་སྤྲོད་ཅེས་བཤད་སོང་མོད། སྐབས་དེར་ང་ལ་བྲེལ་བ་ཅུང་ཟད་ཡོད་པ་དང་ནད་ཡམས་ཀྱང་ཡོད་པར་བརྟེན་འགྲོ་མ་ཐུབ། ངས་ཁོ་ལ་བློ་གསལ་ཕུད་པ་ཡིན་རྒྱུ་རེད། རྗེས་ལ་ཁོས་དྲ་གནས་ཤིག་བསྐུར་ཡོང་བར་ངས་དེ་ལས་གློག་བརྙན་དབུགས་ལྒང་ལ་ཆེད་དུ་ཐེངས་གཅིག་བལྟས་པ་ཡིན། དེ་ནི་བོད་ཁུལ་གྱི་སྐྱེས་མའི་ཕྲུ་གུ་སྐྱེ་མིན་གྱི་རང་དབང་སྐོར་ལ་འབྲེལ་བ་ཡོད་པ་ཞིག་རེད་འདུག བརྙན་ཐུང་ཞིག་གི་ནང་དུ་ཡང་པདྨས་གློག་བརྙན་དེ་ནི་མོ་ཐོབ་རིང་ལུགས་པའི་ཟུར་སྣེ་བཟུང་བ་ཡིན་ཚུལ་རྒྱ་སྐད་ཀྱིས་བཤད་པ་རགས་རིམ་ཞིག་གོ དངོས་གནས་རེད། ཕྲུ་གུ་སྐྱེ་མིན་གྱི་ཐོབ་ཐང་དེའང་སྐྱེས་མའི་ཐོབ་ཐང་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པ་བསྙོན་དུ་མེད། རེབ་དེར་ཁོས་རྔུལ་ཆུས་བཏབ་པའི་གློག་བརྙན་དེར་ལྟ་མཁན་མང་པོས་འཁང་ར་བུ་ཡུག་འཚུབ་འཚུབ་དང་ཐ་ན་པདྨ་ལ་ཚིག་ནག་པོ་བཤད་མཁན་ཡང་བྱུང་བ་ཚང་མས་ཤེས་གསལ་ལྟར་རེད། དེ་ལ་མ་དགའ་བ་གཙོ་བོ། བཟའ་ཟླའི་ཕ་རྒན་གྱི་རྣམ་ཤེས་འཁོར་བའི་ཆུང་མས་མངལ་ཕྲུག་འདེད་རྩིས་བྱས་པས་རེད། དེ་ནི་འུ་ཅག་ལ་མཚོན་ན་རིག་གནས་ཀྱི་གཉོམ་སར་ལག་པས་འཆང་བ་ལྟ་བུ་ཡིན་ཙ་ན། ལྟ་མཁན་མང་པོར་ཕོག་ཐུག་བཟོས་ཡོད་པ་དཔོག་པས་ཀྱང་ཤེས་མོད། འོན་ཀྱང་དེ་ནི་པདྨ་རང་གི་སྒེར་དོན་ཞིག་མིན་པ་ང་ཚོས་ཤེས་ལོས་དགོས། ཁོང་གིས་མ་བསྐུལ་དང་ལེན་གྱིས་ཉམ་ཐག་སྐྱེས་མའི་དཀའ་ངལ་གླེང་བ་ལ། དགའ་གུས་ཡི་རང་གི་ཚུལ་དུ་སྐད་ཆ་ཐུང་ངུ་ཞིག་བྲིས་པ་སྐད་འཕྲིན་དུ་སྤེལ་ཞིང་པདྨ་ལ་ཡང་བསྐུར་པ་ཡིན་མོད། ཚིག་ཐུན་དེ་ནི་སྐབས་ཐོག་དེ་གའི་དྲག་ཆར་སེལ་བའི་རྒྱུ་རུ་འགྲོ་བའི་ལྕི་ཚད་ཅན་ཞིག་ག་ལ་ཡིན།

གཤམ་དུ་རང་གི་དྲན་པ་ཚོམ་བུ་ཞེས་པའི་རྩོམ་ལས་དབུགས་ལྒང་ཅུང་ཟད་གླེང་བ་དྲངས་ན། འཁྲབ་སྟོན་པ་སྦྱིན་པ་ལགས་ཀྱི་ཟུར་མིག་སྙིང་རྗེ་མོ་དེའང་བློ་ལ་ཤིན་ཏུ་འབབ། ཁོས་ཁྲོམ་གཅིག་བཟུང་ཡོང་ནས་ལུག་རར་བཅུག་རྗེས། དེ་ལ་ལྟ་བཞིན་རང་གི་ཆུང་མར་འདོད་ཉམས་ཚ་བོའི་ཟུར་མིག་ཅིག་འཕངས། དེའང་ང་ཚོ་ཐུན་མོང་ལ་དབང་། རྒྱུ་མཚན་བོད་ཀྱི་ཟུར་མིག་འཕེན་སྟངས་དེ་ལས་འདའ་མེད། ཟུར་མིག་སྐད་ཅིག་མ་དེས་གློག་བརྙན་ཧྲིལ་བོ་གཟེངས་སུ་བསྟད། ཟུར་མིག་དེ་ཡལ་མེད་ཡུན་གནས་བྱུང་། དེའང་སྒྱུ་རྩལ་ལོས་ཡིན། མིའི་གཤིས་སུ་གྲུབ་ཅིང་ལྷུན་གྱིས་བབ་པའི་དགའ་སྐྱོ་ཆགས་སྡང་ངོ་མ་བོ་དེ་སྒྱུ་རྩལ་གྱི་ལམ་ནས་ཇི་བཞིན་མངོན་ཐུབ་ན་ནི་སྒྱུ་རྩལ་ལས་ཀྱང་ཉིང་རྩལ། ཡང་རྩེའི་སྒང་གི་ཡས་སྒྲོན་ལོས་ཡིན།

སྤྱིར་པདྨ་ངེད་གཉིས་ཐོག་མ་ངོ་ཤེས་དུས་ནི་བུ་མོ་ཆུང་བ་སྐྱེས་པའི་ལོ་སྟེ་ལོ་ངོ་ཉི་ཤུ་ཙམ་གྱི་ཡར་སྔོན་ཡིན། རིག་གནས་བྱེད་སྒོ་གང་གི་འདུ་འཛོམས་ཡིན་པ་བརྗེད་ཚར་མོད། ཐེངས་དེར་སྙན་ངག་པ་ལྗང་བུ་ལགས་ཀྱང་ཡོད་པ་འདྲ། རྗེས་ལ་ཚོམས་ཆེན་གྱི་གར་སྟེགས་ཆུང་ཆུང་དེ་ལས། རྒན་བློ་ཚེ་ལགས་ཀྱིས་གདངས་བརྩམས་ཤིང་རྒན་སྤེན་ནོར་ལགས་ཀྱིས་རོལ་མོ་བཟོས་པ་གང་དེར། བྱང་སྐར་གྱིས་ཚིག་སྦྱར་བའི་ལྕི་ཁོག་ཅུང་ཆེ་ཞིང་ཕ་ཡུལ་གངས་ལྗོངས་ལ་བསྟོད་པའི་གཞས<<དག་པའི་ཞིང་ཁམས>>ཞེས་པ་དེ་ངས་བཏང་བ་ཡིན། སྐབས་དེར་ང་ལ་བུ་མོ་སྐྱེས་ནས་རིང་པོ་སོང་མེད་ལ་ཚོ་ཆེར་བུད་ཡོད་པས་ཕུ་མེད་འོག་འཇུག་རང་འགྲིག་ཅིག་གྱོན་པ་དེ་འགད་གྲབས་བྱེད་ཀྱི་ཡོད་པ་ངས་བརྗེད་མི་ཐུབ། ང་རང་གར་སྟེགས་དམའ་ཞིང་ཆུང་བ་དེ་ནས་མར་འབབ་ཅིང་འོང་དུས། པདྨ་ཡང་གཤམ་གྱི་ཙོག་ཙེ་སྒོར་མོ་ཞིག་གི་མཐར་བསྡད་དེ་འཛུམ་དམུལ་ལེར་བལྟས་འདུག་པའི་ཚུལ་དེ་ད་དུང་ཡང་དྲན། དེ་ནི་ངེད་གཉིས་དངོས་སུ་ཕྲད་པ་ཐོག་མ་ཡིན་རུང་། ཁོའི་མཚན་སྙན་སྔ་ས་ནས་གོ་མྱོང་ལ། གྲོང་ཁྱེར་གྱི་འཚོ་བ་ཞེས་པའི་ཁོའི་བརྩམས་སྒྲུང་དེ་སྔོན་ནས་བལྟས་པ་ཡིན་རྒྱུ་རེད། དུས་དེར་པདྨས་པེ་ཅིན་དུ་གློག་བརྙན་འཁྲབ་ཁྲིད་པ་སྦྱོང་གི་ཡོད་ཚུལ་ཞིག་ཀྱང་གོ་བ་འདྲ་ཡང་གསལ་བོར་མི་དྲན།

ང་རང་སྐད་འཕྲིན་དུ་འཇུག་པ་ཉུང་ཞིང་ངའི་སྐད་འཕྲིན་དུ་མི་ཚོགས་མང་བ་བཅས་ཀྱིས་མཚམས་ལན་རེར་མ་གཏོགས། པདྨའི་སྤེལ་གྲངས་མང་བའི་གློག་བརྙན་དང་དེ་དང་འབྲེལ་ཡོད་སྐོར་གྱི་གནས་ཚུལ་མཐོང་ཐུབ་ཀྱི་མི་འདུག སྐབས་རེར་མཐོང་དུས། ཡག་རྒྱུ་མེད་ལ་དོན་སྙིང་ཡང་མེད་པའི་ནང་ལོགས་ཀྱི་གློག་བརྙན་དང་དེ་དང་འབྲེལ་ཡོད་སྐོར་གྱི་དོན་དག་ཧ་ལམ་གཞན་ཡིག་རྐྱང་རྐྱང་ཅན་སྤེལ་གི་འདུག དེ་ནི་མིང་གྲགས་ཅན་ཞིག་ལ་མཚོན་ན། གཞོན་སྐྱེས་ཚོར་ངན་ཤུགས་ཐེབས་པའི་ལམ་ཁ་གཙོ་བོ་ཞིག་ཡིན་པ་ཁོས་ཅི་ཞིག་ལ་མ་ཤེས་པ་ཡིན་ནམ་ཞེས་དོགས་པ་སྐྱེས་མྱོང་། རིམ་གྱིས་ཁོའི་སྐད་འཕྲིན་རྒྱབ་ལོགས་ལ་དོ་སྣང་བྱེད་འདོད་མེད་པ་ཆགས། ཡིན་ཡང་དེ་ནི་ང་རང་གི་བསམ་ཚུལ་ཞིག་ཡིན་པ་ལས། སྤྱིའི་ཆ་ནས་པདྨ་ལགས་ནི་ཁེ་འདོད་གྲགས་འདོད་དང་རྒྱུ་འབྱོར་རྐྱང་ལ་དམིགས་པ་གཏོད་མཁན་ཚོ་དང་གཏན་ནས་མི་འདྲ་བར། རང་གི་དགའ་ཕྱོགས་དང་འདུན་མའི་སླད་དུ་རང་ཉིད་བློས་གཏོང་མཁན་གྱི་མི་ཞིག་ཡིན་པར་ངས་ཏན་ཏན་འདོད་ཡོད། ད་དུང་། གཞན་ལྟར་དུ་རང་གི་སྣང་བརྙན་ནག་པོ་བཟོ་བྱེད་ཀྱི་བརྩམས་ཆོས་ཀྱང་ཁོ་ལ་མེད། འུ་ཅག་གི་ཁྲོད་དུ་འཇིག་རྟེན་ལ་ཡོང་སྟངས་གཅིག་རུང་འགྲོ་དུས་གྲང་ཤུར་ཤུར་ངང་སོང་བའི་རིག་གནས་པ་ཡང་མེད་པ་མིན། མི་ཞིག་འཇིག་རྟེན་འདིར་ཡོང་རྗེས། གངས་རི་དཀར་པོའི་སྟེང་ལ་རྐང་རྗེས་ཅི་འདྲ་ཕབ་མིན་དེ་གཙོ་བོ་རང་ལ་རག་ལས་ཀྱི་གཞན་ལ་མ་ཡིན་ནོ། །དེ་བཞིན་པདྨ་ངེད་གཉིས་སྒེར་ལ་མཚོན་ན་འགལ་ཟླ་དང་རྩོད་པ་ཅི་ཡང་མེད། ད་རུང་ཁེ་ཉིན་ཞིག་ལ་གློ་བུར་དུ་སེམས་ལ་ཁོ་འཁྱུག་ཙམ་ཡང་དྲན་སོང་།

བཤད་འདོད་པའི་སྐད་ཆ་གང་ཡིན་ཞེ་ན། པདྨའི་ལས་དོན་ལ་འཇུག་པའི་སྙིང་རུས་དང་གློག་བརྙན་གྱི་དུངས་པ། ལས་མཇུག་སྐྱོང་ཐུབ་པའི་ངང་རྒྱུད་རིང་པོ་དེ་དག་ལ་ནི་རྗེས་སུ་ཡི་རང་དང་དགའ་མོས་ཆེན་པོ་ཡོད་ཅེས་པ་དེ་ཡིན། བོད་ནང་དུ་གློག་བརྙན་ཕབ་སྐྲུན་ལ་བྱས་པ་ཆེ་བ་པདྨ་ལགས་ཡིན་པ་བསྙོན་དུ་མེད་པས་ཁོ་རང་མིག་དཔེར་བཟུང་སྟེ། འབྱུང་འགྱུར་གློག་བརྙན་རིག་གནས་ལ་འཇུག་པའི་བློ་ལྡན་གཞོན་རབས་དག་ནི་སྔ་མའི་སོ་ནས་ཀྱང་འདོམ་གང་གིས་ཡར་ལ་འཕགས་ཏེ། ཁ་ནང་ལ་འཁོར་ནས་ཁ་ཡོད་ལག་ཡོད་ཀྱིས་ང་ཚོའི་ཕ་མེས་ཡང་མེས་ཀྱིས་དཀོན་མོའི་རྒྱུ་དང་དཀའ་མོའི་ཚེགས་ལ་བརྗེས་ཡོང་བའི་སྐད་ཡིག་འདི་ར་མགོ་ལུག་ལ་སྦྱོར་བ་མ་ཡིན་པར་རང་གི་སྐད་ཆའི་བརྡ་སྤྲོད་སྟངས་དང་མཐུན་པའི་འཁྲབ་ཚིག་དང་ཕ་མེས་ནས་བརྒྱུད་འོངས་པའི་གོམས་སྲོལ་དང་མི་འགལ་བའི་ཁར། རང་རིགས་སོ་སྐྱེ་ཕལ་པའི་འཚོ་བའི་དཀའ་སྡུག་དང་འཚོ་བའི་གནད་དོན། ཁྱིམ་ཚང་གི་རྙོག་དྲ་སོགས་འདུས་པའི་གཏམ་རྒྱུད་ངོ་མཚར་བ་དག་བརྙན་གྱི་རི་མོར་འགོད་པའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་བའི་སྨོན་ལམ་བཟང་པོ་ཡོད།

ཡང་གཅིག་བྱས་ན། པདྨ་སྐྱེས་ས་ཨ་མདོ་ཡིན་ལ། འཚོ་ས་ཧ་ལམ་བོད་ཡུལ་མིན་ན་ཡང་། རྣམ་ཤེས་ལྷ་ལྡན་དག་པའི་ཞིང་དུ་ཐིམ་པ་ནི་རྟགས་དང་རྟེན་འབྲེལ་བཟང་པོ་ཞིག་ཏུ་གངས་ཅན་པ་རྣམས་སེམས་ཤས་ཆེ་ལ། ཚེ་འདས་ཁོང་གི་སེམས་འདུན་ངོ་མ་ཡང་ཡིན་པར་སྲིད་ན། ཚེས་མ་ཟིན་པ་ལ་ཕངས་སེམས་ཆེ་བ་སྨོས་མ་དགོས་ཀྱང་། སྐྱེ་བ་ལ་སྔ་འཕྱི་ཡོད་རུང་། འཆི་བ་ལ་སྔ་འཕྱི་མེད་པ་ཆོས་ཉིད་ཅིག་ཡིན་པས། བར་དོ་ན་འཇིགས་པ་དང་དངངས་སྐྲག་མེད་པར་ཤོག་ཅེས་གསོལ་བ་འདེབས་པ་ལས་ཐབས་ཅི། སྐྱེ་བ་ལ་རང་དབང་ཞིག་ཡོད་ན། ཁོང་ཉིད་སླར་ཡང་བོད་གངས་ཅན་དུ་སྐྱེས་ནས། རང་སྐད་རང་ཡིག་ལ་དབང་འབྱོར་བའི་རིགས་ཞེན་ཆེ་བའི་སྐྱེས་བུ་ཞིག་ཏུ་འགྱུར་བའི་སྨོན་ལམ་དང་བཅས།

2023/05/9ཉིན་གྱི་དགོང་མོར།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།