སྤྱི་ཚོགས་རིག་པ་དང་འབྲེལ་བའི་ནུབ་ཕྱོགས་མཚན་ཉིད་སྨྲ་བ་འགའ།

ལྡོང་ཕྱིང་གུར་བ་རྒྱལ་ལོ།

སྤྱི་ཚོགས་རིག་པའི་ལྟ་གྲུབ་དང་བསམ་བློ་ལ་ཤུགས་རྐྱེན་ཐེབས་མཁན་གྱི་མཚན་ཉིད་སྨྲ་བའི་མཁས་དབང་འགའ་མཆིས་པ་ལས། སྐུ་ཞབས་Immanuel Kant༼༡༧༢༤-༡༨༠༤༽འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་སྐུ་གཤེགས་ཏེ་མི་ལོ་༣༠༥་ཡི་རྗེས་སུ་Prussia་ཞེས་པའི་ས་ཆར་འཁྲུངས། ནུབ་ཕྱོགས་དེང་རབས་མཚན་ཉིད་རིག་པའི་ཤིང་རྟ་ཆེན་པོ་ཡིན་ཞིང་། ནུབ་ཕྱོགས་པའི་དངོས་སྟོབས་རྗེས་དཔག་སྨྲ་བ་དང་། མྱོང་འདྲིས་ལག་ལེན་སྨྲ་བའི་གྲུབ་མཐའ་གཉིས་གཞི་གཅིག་ཏུ་དྲིལ་ཏེ་དུས་རབས་བཅུ་དགུ་བ་དང་ཉི་ཤུ་བའི་མཚན་ཉིད་རིག་པའི་རྨང་བཙུགས་ཤིང་། དུས་རབས་ཉེར་གཅིག་པའི་ཚད་མ་རིག་པ་དང་། ཤེས་བྱའི་མཚན་ཉིད་རིག་པ། ཀུན་སྤྱོད་ཀྱི་རྣམ་གཞག ཆབ་སྲིད་མཚན་ཉིད་རིག་པ། མཛེས་ཆོས་རིག་པ་དང་རིག་ཚན་གཞན་སོགས་ལ་ད་ལྟ་ད་དུང་ཡིན་ནའང་ཤུགས་རྐྱེན་འགངས་ཆེན་པོ་མུ་མཐུད་དེ་ཐེབས་བཞིན་གདའ། དགག་སྒྲུབ་ཀྱི་དགོངས་པའི་སྐོར་ལས། དགག་སྒྲུབ་མཚན་ཉིད་རིག་པ་ནི། སྐུ་ཞབས་Kant་ལགས་ཀྱི་གཞི་རྩའི་བསམ་བློ་མཚོན་པ་དང་། ལྷག་པར་ཏུ། ཁོང་གི་དགག་སྒྲུབ་རྣམ་གསུམ་ལས་དང་པོ་སྟེ། རྒྱུ་མཚན་ཁོ་ནའི་དགག་སྒྲུབ་༼༡༧༨༡-༡༧༨༧༽དང་། གཉིས་པ་སྟེ། དོན་དངོས་རྒྱུ་མཚན་གྱི་དགག་སྒྲུབ་༼༡༧༨༨༽། གསུམ་པ་སྟེ། དྲང་བཞག་སྟོབས་ཤུགས་ཀྱི་དགག་སྒྲུབ༼༡༧༨༨༽་བཅས་ནི། འགྲོ་བ་མིའི་རིགས་ཀྱི་རྣམ་དཔྱོད་སྐྱོང་སྟོབས་སུ་དགོངས་ཤིང་། རྟོགས་པའི་ཡོན་ཏན་ནི་བཅོས་ཁྲིམས་ཀྱི་གཞི་རྩ་ཡིན་ལ། དེས་ཉམས་མྱོང་ཐམས་ཅད་སྒྲིག་གཞི་ཅན་ཏུ་འདོམས་ཤིང་། སྒྲུབ་བྱེད་དུ་བཀོད་པའི་རྟགས་དང་རྒྱུ་མཚན་མི་ཆོས་ཀྱི་ཁུངས་གཏུགས་སར་གྱུར་བས། འཇིག་རྟེན་བྱེད་པོ་དང་། རང་དབང་། དགེ་བ་བཅས་རང་ཅག་གི་མངོན་འདོད་ཀྱི་རྩ་བར་ཆགས། གནས་ལུགས་དེ་འདྲ་ཞིག་གི་དབང་གིས། རྟོགས་པའི་ཡོན་ཏན་སྣ་ཚོགས་དང་། མི་ཆོས་དགེ་བ། ཆོས་ལུགས་དད་པ་བཅས་རང་བཞིན་གྱིས་ཚད་ཐིག་གཅིག་གི་སྟེང་བབས་པའི་རྒྱུ་མཚན་ནི། དེ་རེ་རེ་མིའི་གཞི་མཐུན་གྱི་རྟོགས་པའི་ཡོན་ཏན་རྨང་གཞི་བྱས་ཏེ་བྱུང་ཞིང་། མཐར་གཏུགས་ན་བྱུང་བ་དགོས་གྲུབ་སྨྲ་བའི་འཇིག་རྟེན་ལྟ་ཚུལ་གྱི་དཔྱོད་འཇོག་ཚུར་སྣང་བྱས་པ་ཞིག་ཏུ་གདའ་སྟེ། གོང་གི་བརྗོད་ཟིན་པའི་དགག་སྒྲུབ་རྣམ་གསུམ་ནི་སྐུ་ཞབས་Kant་རང་ནས་ཁོང་གི་མཚན་ཉིད་རིག་པའི་གཞུང་ཁོངས་དང་ལག་ལེན་ཐམས་ཅད་མ་ལག་ཅན་ཏུ་དྲིལ་བ་དེ་མཚམས་སྦྱོར་བྱས་པ་ལྟ་བུར་ཆགས། སྐུ་ཞབས་Georg Wilhelm Friedrich Hegel༼ ༡༧༧༠-༡༨༣༡། ལོ་བཅུ་ལྷག་ལ་སྐུ་ཞབས་Kant་ལགས་ཀྱི་སེམས་གཙོ་སྨྲ་བའི་རྗེས་འབྲངས་ཤིང་། གཏན་ཚིགས་རིག་པ་གཞི་བྱས་ཏེ་རྒྱ་ཆེ་ཞིང་མ་ལག་ཚང་བའི་མཚན་ཉིད་རིག་པའི་སྲོལ་བཏོད།༽ལགས་ཀྱིས། འདུ་ཤེས་ཞེས་པའི་དོན་སྤྱི་འདི་ལ་གོ་བ་རིམ་པ་གཉིས་མཆིས་ཤིང་དེ་གཉིས་ཀ་ཚད་མེད་པའི་རྣམ་པ་ཞིག་ཏུ་སྣང་བ་སྟེ། གོ་བ་རིམ་པ་དང་པོ་ནི། གཞིའི་རྣམ་གཞག་ལ་ཟེར་ཞིང་། རིམ་པ་གཉིས་པ་ནི། ལོ་རྒྱུས་ནང་བྱུང་ཟིན་པའི་དུས་འགྱུར་དང་དོན་རྐྱེན་སྣ་ཚོགས་ཀྱི་ཚུར་སྣང་། ཞེས་ངོས་འཛིན་གནང་། ཡང་། སྐབས་གཞན་ཞིག་ཏུ། ཐུན་མོང་གི་སྣང་ངོ་ན་ཡོད་པའི་འདུ་ཤེས་ཞེས་པར་ཕྱོགས་སྣེ་གཉིས་མཆིས་ཏེ། དང་པོ་ནི། འདུས་བྱས་ཆོས་ཀྱི་སྤྱི་ལྡོག་ཅིག་ཏུ་ངོས་འཛིན་ཞིང་། གཉིས་པ་ནི། འདུས་བྱས་ཆོས་ཀྱི་བྱེ་བྲག་གི་སྤྱི་མཚན་ཞིག་ཏུ་དགོངས། འདི་རང་རེའི་གཞུང་རྣམས་སུ་འདུ་ཤེས་དྲུག་སྟེ། མཚན་བཅས་ཀྱི་འདུ་ཤེས། མཚན་མེད་ཀྱི་འདུ་ཤེས། རྒྱ་ཆུང་བའི་འདུ་ཤེས། རྒྱ་ཆེ་བའི་འདུ་ཤེས། ཚད་མེད་པའི་འདུ་ཤེས། ཅི་ཡང་མེད་པའི་འདུ་ཤེས་རྣམས་དང་བསྡུར་ན། འདུ་ཤེས་ཞེས་པའི་རྣམ་གཞག་སྐོར་ལ་ཞིབ་ཆ་ཅུང་ཞན་པའི་ཟོལ་འདུག་པ་མ་ཟད། སྤྱི་མཚན་ཞེས་པ་ནི། ཡུལ་རང་ངོས་ནས་གྲུབ་པའི་གནས་ལུགས་ཀྱི་ངོ་བོ་མ་ཡིན་པར་རྟོག་པས་བཏགས་ཙམ་གྱི་ཆོས། ཞེས་པའི་མཚན་ཉིད་དང་། སྤྱི་ལྡོག་ཅེས་པ་ནི། རྟོག་པའི་ཡུལ་དུ་ཤར་བའི་ཆོས་རྣམས་ཀྱི་སྤྱིའི་ལྡོག་ཆའམ་སྤྱིར་བཏང་པའི་རང་བཞིན། ཞེས་པ་ལྟར་མཚན་ཉིད་ཁ་གསལ་དུ་བཞག་སྟེ་བཀྲལ་མེད་པ་དང་། འདུ་ཤེས་ཞེས་པར་དེ་རང་ངོས་ནས་མཚན་ཉིད་བཞག་མེད་པ་དང་། རིགས་ཀྱང་དེ་འདྲའི་ཞིབ་ཕྲ་བཀར་མེད། འདི་དང་འདི་ལྟ་བུ་ཤིན་ཏུ་མང་ཞིང་། རང་རེའི་མཚན་ཉིད་རིག་པ་དང་ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་དབར་ན་ཁྱད་པར་ག་ཚད་ཡོད་མེད་ཤེས་སླ། དེ་མིན་ད་དུང་ཁོང་གི་ཕྱག་རྩོམ་ཏུ། སེམས་ཀྱི་སྣང་ཚུལ་། རྟགས་གཏན་ཚིགས་ཀྱི་རྣམ་གཞག་བཅས་འདུག་ཀྱང་འདིར་རྒྱས་པར་མི་སྤྲོས། ཕྱག་རྩོམ་འདི་དག་རང་རེའི་མེས་པོ་རྣམས་ཀྱིས་དགོངས་པ་དང་གུང་བསྒྲིགས་ཏེ་བརྡུར་བ་ཡིན་ན་བོད་ཀྱི་མཚན་ཉིད་རིག་པ་རྗེས་ལུས་ཡིན་མིན་ལ་ལན་ཡང་དག་ཅིག་རེག་ཐུབ། བོད་གཞིས་བྱེས་གང་གི་གཞོན་སྐྱེས་དང་དེང་རབས་ཤེས་ཡོན་པ་རྣམས་ཀྱིས། གནད་ཕྲ་མོར་མ་བརྟག་མ་དཔྱད་པར་རང་རེའི་རིག་གནས་རྗེས་ལུས་སམ། ཡང་ན་སྤྱི་ཚོགས་ཡར་རྒྱས་འགྲོ་བྱེད་ཀྱི་བཀག་རྡོར་མཐོང་མི་འོས། རང་རེའི་རིག་གནས་ནང་འཛམ་གླིང་སྤྱི་མཐུན་གྱི་ཚན་རིག་དང་ཆ་མཉམ་པའི་སྐོར་མང་པོ་འདུག་པ་དེ་དག་དགོན་པའི་ནང་ཁོ་ནར་འཁོར་བསྡད་པ་ལས་སྤྱི་ཚོགས་ནང་སྤེལ་མ་ཐུབ་པ་དེ་སྐྱོན་ཞིག་ཏུ་མཐོང་བ་ལས། རིག་གནས་ཉིད་ཀྱི་སྐྱོན་ཏུ་མཐོང་ག་ལ་རུང་། འདི་སློབ་གསོ་སྤེལ་སྟངས་ཀྱི་གནད་དོན་ཞིག་ཡིན་པས། སློབ་གོས་སྤྱི་ཚོགས་རིག་པའི་སྐབས་སུ་ཤེས་པར་བྱ།
སྐུ་ཞབས་Hegel་ལགས་ཀྱིས་ཁོང་གི་རིགས་པའི་རྣམ་གཞག་ལས་དགག་སྒྲུབ་དང་རྩོད་སྒྲུབ་ཀྱི་མཐོང་ལམ་བརྒྱུད་དེ་བླང་དོར་མཛད་པ་གཙོས་མཚན་ཉིད་རིག་པའི་ལམ་ཀ་གསར་བ་བཏོད་ཅིང་། སྐུ་ཞབས་Kant་དང་Hegel རྣམ་གཉིས་ཀྱི་དབར་ཏུ་ལྟ་གྲུབ་གཞི་མཐུན་ཅན་མཆིས་ལ་རྩོད་པའང་བྱུང་འདུག གཏན་ཚིགས་རིག་པ་དང་། ལོ་རྒྱུས་ལྟ་གྲུབ། མི་ཆོས། སེམས་གཙོའི་རྣམ་གཞག་སོགས་སུ་རྩོད་པ་བུད། དེ་མ་ཟད། མཚན་ཉིད་རིག་པའི་སྒང་ནས་ཐབས་ཞེས་པའི་དོན་སྤྱི་འཇོག་སྟངས་དང་དེ་སྒྲིག་གཞི་ཞིག་ཡིན་ནམ་བརྒྱུད་རིམ་ཞིག་ཏུ་ངོས་འཛིན་དགོས་སམ་ཞེས་པ་ལྟ་བུ། རྩོད་སྒྲུབ་ཅེས་པའི་གོ་དོན་དང་དོན་སྤྱི་འཇོག་ལུགས། དོན་སྤྱིའི་ཚད་མཚམས་ངོས་འཛིན་དང་དེ་འབྲེལ་འཆར་སྒོ་བཅས་ཀྱི་ཐད་དུའང་རྩོད་པ་བྱུང་ཞིང་། སྐུ་ཞབས་Hegel་ལགས་རང་ནས་རྩོད་སྒྲུབ་ཀྱི་རྣམ་གཞག་ཡར་རྒྱས་ཆེན་པོ་བཏང་སྟེ། རིག་ཚན་གཞན་བརྟག་དཔྱད་ཀྱི་སྐབས་སུ་རྩོད་སྒྲུབ་ཀྱི་རིགས་ལམ་བེད་སྤྱད་དེ། ཀུན་རྫོབ་ཆོས་ཀྱི་དེ་ཉིད་རྟོགས་བྱེད་ཀྱི་རིགས་པའི་ལག་ཆ་གལ་ཆེན་ཞིག་ཏུ་ཆགས། དཔེར་ན། མཛེས་ཆོས་རིག་པ་ལས། འདུས་བྱས་དང་འདུས་མ་བྱས་ཀྱི་མཛེས་མི་མཛེས་འཇོག་སྐབས་སུ། མཛེས་ཆ་དེ་ཡུལ་དང་ཡུལ་ཅན་གཉིས་ལས་གང་ཡིན་རྩོད་སྐབས། སྐུ་ཞབས་Hegel་ལགས་ནས། མཛེས་པ་དེ་རང་བྱུང་ལྷན་སྐྱེས་སུ་ཡུལ་གྱི་སྟེང་གྲུབ་པ་གང་ཟག་གི་བློ་ངོར་འཆར་བ་ཙམ་ལས། ཡུལ་གྱི་མཛེས་པ་མེད་ན་ཡུལ་ཅན་གྱི་བློ་ངོར་འཆར་བྱེད་ཀྱི་གཞི་མེད། ཅེས་འདོད། འདི་རང་རེའི་རིགས་ལམ་དུ་སྦྱར་ཏེ་དཔྱད་ན། མཛེས་པ་ལ་ཟིན་པ་ལས་བྱུང་བ་དང་མ་ཟིན་པ་ལས་བྱུང་བ་སྟེ་རིགས་གཉིས་སུ་བཀར་བ། ཡུལ་དང་ཡུལ་ཅན་གྱི་རྣམ་གཞག་ལས་ཤེས་སླ། སྐུ་ཞབས་Kar Marx༼༡༨༡༨-༡༨༨༣༽ལགས། ལོ་རྒྱུས་དངོས་གཙོ་རིང་ལུགས་དང་། ཆབ་སྲིད་དཔལ་འབྱོར་རིག་པ། དེང་རབས་མ་རྩ་རིང་ལུགས་ཀྱི་དགག་སྒྲུབ་རྣམ་གཞག གཙོ་ཆེར་མི་ཆོས་དང་། བསམ་བློ་བ། སྤྱི་ཚོགས་རིག་པ་བ། སྤྱི་ཚོགས་རིང་ལུགས་ཀྱི་མཚན་ཉིད་རིག་པ། ཆབ་སྲིད་རིག་པ་དང་འབྲེལ་ཞིང་དེ་དག་གཞི་བྱས་ཏེ་དམར་ཤོག་པའི་འབྱུང་འགྱུར་ཚོད་དཔག་བྱས། ལོ་ན་གཞོན་པའི་དུས་སུ་གང་ཟག་གི་རང་བཞིན་ལས་རང་གི་རྩ་བ་དང་ཁ་གྱར་༼རྩ་བ་ཁ་གྱར། alienation་ཞེས་པའི་དོན་ལ་འཇུག༽བའི་འབྲས་སྐྱོན་ལ་ཞིབ་འཇུག་གནང་ཞིང་། རྩ་བ་ཁ་གྱར་དང་མ་རྩ་རིང་ལུགས། ཆབ་སྲིད་ཐར་སྒྲོལ། ལོ་རྒྱུས་གཞུང་ལུགས། གྲལ་རིམ་འཐབ་རྩོད། ཆབ་སྲིད་དཔལ་འབྱོར་གྱི་དགག་སྒྲུབ། བྲན་གཡོག་གི་འཐབ་རྩོད་རྒྱལ་སྤྱི་ཅན་ཏུ་རྩ་འཛུགས་བྱས། ངལ་རྩོལ་བ་དང་ངལ་རྩོལ་མ་རྩར་འབྲེལ་ཚུལ་གྱི་གཞི་རྩའི་གོ་བ་ཞིབ་འགྲེལ་བྱས། དམར་པོའི་རིང་ལུགས་དང་འདྲ་མཉམ། བསམ་བློ་རིག་པ་དང་དེའི་གཏན་འཇགས། རྒྱལ་ཁབ་དང་ཆབ་སྲིད། རྫོགས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྐོར་གྱི་དགོངས་པ་བཅས་ཞིབ་འཇུག་དགག་བཞག་གི་རྩོམ་མང་པོའི་བྱས་རྗེས་བཞག་སྟེ། རིམ་གྱིས་ཆོས་ལུགས་ཞིབ་འཇུག་བྱས་ཤིང་། འཇིག་རྟེན་བྱེད་པོ་ནི་མིས་རང་གི་འཆར་སྣང་ལྟར་བློ་བཟོ་བྱས་པ་ཡིན་ཚུལ་གྱི་ལྟ་བ་བཏོན། སྐུ་ཞབས་Kar Marx ལགས་འདས་ཏེ་མི་ལོ་༡༣༦་ཕྱིན་རྗེས་ཀྱི་ད་ལྟ༼ ༢༠༢༡༽ ནང་། འཛམ་གླིང་མཚན་ཉིད་རིག་པའི་མཁས་དབང་དང་ཁོང་གི་རྗེས་འབྲང་དང་བཅས་པས་ལྟ་ཚུལ་ཏུ། སྐུ་ཞབས་Kar Marx ལགས་ནི། གསར་བརྗེ་བ་ཞིག་དང་བསམ་བློ་བ་ཞིག་རེད་ཅེས་གདེང་འཇོག་བྱེད་ཀྱང་། འདི་བས་སྐུ་ཞབས་Hegel མཆོག་གི་སེམས་གཙོ་རིང་ལུགས་དེ་དངོས་གཙོ་སྨྲ་བའི་རིང་ལུགས་སུ་རིགས་པས་བསྒྱུར་ཅིང་། གཏན་ཚིགས་རིག་པར་དགག་པ་དང་ལྷན་རྩོད་སྒྲུབ་རིག་པ་རྒྱུན་འཛིན་བྱས་ཏེ། ལོ་རྒྱུས་དངོས་གཙོ་སྨྲ་བ་དང་། རྩོད་སྒྲུབ་དངོས་གཙོ་སྨྲ་བའི་གཞུང་ལུགས་བཙུགས། ཁོང་གི་རིང་ལུགས་ལས། དེང་རབས་རང་དབང་སྨྲ་བའི་རིང་ལུགས་ཞེས་པ་གསར་དུ་མཆེད་དེ། འཛམ་གླིང་སྤྱི་ཚོགས་ཚན་རིག་གི་མ་ལག་ཆེན་པོའི་བྱེ་བྲག་གལ་ཆེན་ཞིག་ཏུ་ཆགས་ཤིང་། སྤྱི་ཚོགས་རིག་པའི་གྲུབ་མཐའ་སོ་སོར་ཤུགས་རྐྱེན་མུ་མཐུད་དེ་ཐེབས་བཞིན་ལགས། ཡང་། འགའ་རེས་ཁོང་ནི་དེང་རབས་སྤྱི་ཚོགས་རིག་ས་བོན་འདེབས་མཁན་ཡིན་པར་འདོད།
ཀུན་རྫོབ་ཀྱི་འཇིག་རྟེན་ལས་འབྱོར་མེད་དང་བཟོ་བའི་གྲལ་རིམ་པའི་སྐྱིད་སྡུག་གཞིར་བཟུང་ཐོག་དངོས་གཙོ་རིང་ལུགས་པའི་ལྟ་བའི་སྒང་ནས་སྐྱོབ་ཐབས་བཙལ་ཞིང་། གསར་རྗེས་ཡི་བསམ་བློ་ཤུགས་ཆེར་བསྐྱེད་དེ་འཛམ་གླིང་ཡུལ་གྲུ་དང་མི་རིགས་མང་པོར་སྤྱི་ཚོགས་གསར་རྙིང་འགོ་རྟིང་སློག་པའི་གསར་བརྗེ་མང་པོ་བྱུང་སྟེ། རྒྱལ་ཁབ་གསར་བ་མང་པོ་ཚུགས་ཤིང་། ཆབ་སྲིད་ལྟ་གྲུབ་ཀྱི་རྒྱབ་བརྟེན་ཏུ་གྱུར་ཏེ་ཚོགས་པ་མང་པོའང་བཙུགས། ཁོང་གི་བྱས་རྗེས་གཙོ་བོ་ལ། རྩོད་སྒྲུབ་དངོས་གཙོ་སྨྲ་བ་དང་། ཆབ་སྲིད་དཔལ་འབྱོར་སྨྲ་བ་གསར་དུ་བཏོད་དེ་ཡར་རྒྱས་ཆེན་པོ་བྱུང་བར་མ་ཟད། འཛམ་གླིང་ལ་ཤུགས་རྐྱེན་པོ་བཞག་པ་དང་། ད་ལྟའང་ཁོང་གི་རྗེས་འབྲང་གི་རིང་ལུགས་གསར་བའི་གྲུབ་མཐའ་བྱུང་ཞིང་མུ་མཐུད་དེ་འགྲོ་བཞིན་པ་ལགས་ཀྱང་། མཐའ་གཉིས་ལས་དངོས་གཙོ་ཡི་མཐར་ལྷུང་བས། དངོས་པོའི་ཆ་རྐྱེན་ཁོ་ན་ཡར་རྒྱས་ཕྱིན་པ་དེ་འགྲོ་བ་མིའི་མཐར་ཐུག་གི་བདེ་སྐྱིད་མིན་པ་ར་འཕྲོད་བྱུང་བ་དང་ལྷན། ཕྱི་དངོས་པོའི་འཇིག་རྟེན་དང་ནང་སེམས་ཀྱི་འཇིག་རྟེན་དབར་ནས་རྩོད་སྒྲུབ་ཀྱི་རིགས་ལམ་དགོངས་མ་ཐུབ་པའི་སྐྱོན་ཆེན་པོ་བུད། འདི་ཁོང་ལ་མཚོན་ན་སྐབས་དེའི་གནས་ཚུལ་གཞིར་བཞག་པ་ལས་དོན་དམ་བདེན་པའི་གསལ་ཟབས་ཆོས་ཉིད་མཐོང་མ་ཐུབ་པའི་ཟོལ་མཆིས། སྐུ་ཞབས་Emil Durkheim་ལགས་༼༡༨༥༨-༡༩༡༧༽་ལགས། ཧྥ་རན་སི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་པ་ཞིག་ཡིན་ཞིང་། དཔྱད་ཐབས་ཀྱི་རྣམ་གཞག་དང་མྱོང་འདྲིས་སྨྲ་བ་གཉིས་ཟུང་འབྲེལ་གྱིས་སྤྱི་ཚོགས་རིག་པའི་གཞུང་ལུགས་གསར་དུ་བཙུགས་པས། ཧྥ་རན་སི་རྒྱལ་ཁབ་ཏུ་མཚན་སྙན་གྲགས་ཤིན་ཏུ་རྒྱས་པའི་སྤྱི་ཚོགས་རིག་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཞིག་ཏུ་ཆགས། ལྟ་བ་དང་དགོངས་པའི་སྐོར་ལ། ༡༽ སྤྱི་ཚོགས་དངོས་ཡོད་༼Social fact༽་ཞེས་པ་ནི། རིན་ཐང་སྣ་ཚོགས། རིག་གནས་ཀྱི་དཔེ་ལུགས་སྣ་ཚོགས། སྤྱི་ཚོགས་སྒྲིག་གཞིའི་རིམ་པ་སོོ་སོ་བཅས་བརྒྱུད་དེ་མི་སྒེར་བ་གང་ཞིག་སྟོབས་ཤུགས་འཕར་མ་ཡོད་པར་བཟོས་ཏེ་སྤྱི་ཚོགས་ཚོད་འཛིན་ནམ་སྟངས་བྱེད་ཐུབ་པར་གྱུར། ༢༽དད་འཇིགས་ཉིས་སྣང་༼Scared-profane dichotomy༽་ཞེས་པ་ནི། ཆོས་ལུགས་ཀྱི་རྩ་བའི་ཁྱད་ཆོས་ཤིག་ཡིན་ཞིང་། གཅིག་གྱུར་བྱས་ཡོད་པའི་དད་པ་དང་དེ་འབྲེལ་ལག་ལེན་མ་ལག་ཅིག་ལས། འཇིགས་སྣང་བསྐྱེད་བྱེད་ཀྱི་མཚོན་རྟགས་སྣ་ཚོགས་དང་འབྲེལ་ཞིང་། དད་ལྡན་མང་ཚོགས་ཀྱི་དབང་བོ་སྣ་ལྔའི་གཟུང་ཡུལ་དང་འབྲེལ་བའི་བྱ་སྤྱོད་ལ་རུང་མི་རུང་གི་འགྲོ་ལུགས་བཟོས་ཤིང་། ཡང་། དད་ལྡན་གང་ཟག་གི་འཇིག་རྟེན་འཚོ་བའི་ཕྱོགས་ལའང་འབྲེལ་བ་དང་ཤུགས་རྐྱེན་ཆེན་པོ་མཆིས། ༣༽སྤྱི་བའི་འདུ་ཤེས་༼Collective consciousness༽་ཞེས་པ་ནི། ཐུན་མོང་གིས་བྱེད་པའི་དད་པ་དང་། བློ་བཀོད་པ། རྣམ་འགྱུར་སྣ་ཚོགས་སྤྱི་ཚོགས་ཤིག་གི་ནང་གཅིག་གྱུར་ཏུ་ལག་ལེན་བསྟར་འདོད་པའི་འདུ་ཤེས་ཤིག་སྟེ། དམིགས་སུ་བཀར་ཏེ་བྱེ་བྲག་གི་ཆ་ཞིག་ལ་ངོས་འཛིན་མི་བྱེད་པར། སྤྱི་ཚོགས་ཀྱི་ཐུན་མོང་འགྲོ་ལུགས་ཤིག་ལ་གོ། །
ཡང་། དེང་རབས་པའི་སྤྱི་བའི་འདུ་ཤེས་ཞེས་པའི་དོན་སྤྱིར་ཁྱད་ཆོས་གསར་བ་འགའ་མཆིས་པ་ནི། མཐུན་འབྲེལ། རྣམ་འགྱུར། རྒྱུད་དུ་འཇགས་པའི་རིག་གནས། ཐལ་ཆེ་བའི་ཚོགས་པའི་བྱ་སྤྱོད་དེ། སྤྱི་བའི་འཆར་སྒོ་དང་རྫི་བོའི་བྱ་སྤྱོད། ཡུལ་དུས་མ་འདྲ་བའི་ནང་གཅིག་གྱུར་ཏུ་མྱོང་བའི་རིག་གནས་ཆོ་ག་ལྟ་བུ། ༤༽ སྤྱི་ཚོགས་གཅིག་དྲིལ་༼Social integration༽་ཞེས་པ་འདིར་གོ་བ་རིམ་པ་གཉིས་མཆིས་ཏེ། རིམ་པ་དང་པོ་ནི། མི་རིགས་གཉོམ་ཆུང་གང་ཞིག་སྤྱི་ཚོགས་སྟོབས་ཆེན་ཞིག་གི་ནང་ངོ་བོ་དབྱེར་མེད་དུ་འཐིམ་པའི་བརྒྱུད་རིམ་ལ་གོ་ཞིང་། རིམ་པ་གཉིས་པ་ནི། མི་རིགས་གང་ཞིག་རང་གི་ནང་མཐུན་ཆིག་སྒྲིལ་གྱི་བརྒྱུད་རིམ་ལ་གོ རིམ་པ་དེ་གཉིས་གང་ཡིན་ཀྱང་སྤྱི་ཚོགས་གཅིག་དྲིལ་དང་། དཔལ་འབྱོར་གཅིག་དྲིལ། ངོ་བོ་གཅིག་དྲིལ་བཅས་གསུམ་གྱི་ཆ་ཚད་འདུ།
༥༽སྤྱི་ཚོགས་གཞི་ཐོར་༼Anomie༽་ཞེས་པ་སྤྱི་ཚོགས་རིག་པའི་བརྡ་ཆད་ཅིག་ཏུ་ཐོག་མར་བེད་སྤྱོད་མཁན་སྐུ་ཞབས་Emil Durkheim་ལགས་ཡིན་ཞིང་། སྤྱི་ཚོགས་གང་ཞིག་དེང་རབས་ཅན་ཏུ་བསྐྱོད་པའི་བརྒྱུད་རིམ་ཁྲོད། སྲོལ་རྒྱུན་གྱི་རིན་ཐང་དང་འགྲོ་ལུགས་ནུས་མེད་དུ་གྱུར་བའམ། གཏོར་གཤིགས་བཏང་བ། སིལ་ཐོར་བྱུང་སྟེ་སྤྱི་ཚོགས་གང་དེའི་བྱེད་པོ་རེ་རེའི་སེམས་རྟེན་མེད་པར་གྱུར་ཏེ་རིན་ཐང་གི་སྣེ་ཁྲིད་མེད་པར་གྱུར་བ་དང་འཁོར་ཕྱོགས་ཉོག་པའི་གནས་སྟངས་ཤིག་ལ་གོ དེ་འདྲའི་སྤྱི་ཚོགས་ཤིག་གི་ནང་། སྔར་ཡོད་གཅིག་གྱུར་དད་པ་ཉམས་ཤིང་དོར་བ། ཡང་སྒེར་བ་རང་གི་དད་པའི་མ་ལག་གསར་བ་འཛུགས་མ་ཐུབ་པའི་གནས་བབ་འོག སྤྱི་ཚོགས་ཀྱི་བྱེད་པོ་རེ་རེར་མི་ཚེ་ཁ་ཕྱོགས་དང་དམིགས་ཡུལ་མེད་པ་དང་། ཡོད་ཚད་བརླགས་ཟིན་པའི་སྣང་བ་སྐྱེས་ཏེ་སྤྱི་ཚོགས་འགོ་རྔ་མེད་པ་ཞིག་ཏུ་ཆགས་པར་གོ ༦༽སྤྱི་མོས་རྩོལ་བ་༼Collective effervescence༽་ཞེས་པ་ནི། མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་དུས་དང་རྣམ་པ་ཀུན་ཏུ་ལྷན་འཛོམས་ཀྱིས་བསམ་ཕྱོགས་གཅིག་གི་སྒང་ནས་འབྲེལ་འདྲིས་དང་། བྱེད་ལས་གཅིག་པ་སྒྲུབ་ཅིང་། དེར་བརྟེན་སྒེར་བ་སོ་སོའི་དབར་ནང་མཐུན་ཚགས་ཚུད་དུ་བྱུང་བར་གོ། །
༧༽ ཤེས་བྱ་སྤྱི་ཚོགས་རིག་པ་༼sociology of knowledge༽་དང་། ༨༽ སྐད་ཆའི་མཚན་ཉིད་རིག་པ་༼philosophy of language༽། ༩༽ ཤེས་བྱའི་རིགས་འགར་ཐབས་ཀྱི་རྣམ་གཞག༼the classification of knowledge༽། ༡༠༽ རིག་གནས་རྟེན་འབྲེལ་གྱི་རྣམ་གཞག་དང་ཚན་རིག་གི་བདེན་གྲུབ་༼cultural relativism versus scientific truth༽། ༡༡༽ ཆོས་ལུགས་མཚན་ཉིད་རིག་པ་༼philosophy of religion༽། ༡༢༽ མི་ཆོས་(morality)། ༡༣༽ སྤྱི་ཚོགས་འཕོ་འགྱུར་༼social change༽་དང་དེང་རབས་༼modernity༽། ༡༤༽ འཇིག་རྟེན་བྱེད་པོ་གཤིན་པོར་གྱུར་༼the death of the God༽། ཞེས་པ་སོགས་འདུའོ།
སྐུ་ཞབས་Max Weber༼ ༡༨༦༤-༡༩༢༠༽ ལགས། དེང་རབས་སྤྱི་ཚོགས་ཚན་རིག་གི་ཤིང་རྟའི་སྲོལ་འབྱེད་དུ་གྲགས་ཤིང་། རིག་ཚན་གསར་བའི་སྲོལ་བཏོད་པ་ལས། སྤྱི་ཚོགས་རིག་པ་དང་། ཁྲིམས་ཀྱི་རྣམ་གཞག་གསར་བ། དཔལ་འབྱོར་རིག་པ། ཆབ་སྲིད་ཚན་རིག ཆོས་ལུགས་རིག་པ་བཅས་མཆིས། བདག་འཛིན་ཞེས་པའི་ཐད་ཀྱི་དེང་རབས་སྤྱི་ཚོགས་ཚན་རིག་གི་གོ་བ་ལེན་སྟངས་ལ་དཔྱད་ཐབས་གསར་བའི་སྲོལ་བཏོད་ཅིང་། མྱོང་འདྲིས་དངོས་དོན་སྨྲ་བ་དང་། དེའི་སྐོར་གྱི་དེད་དཔོན་ཏུ་བཀུར། ཁོང་གི་བྱས་རྗེས་གལ་ཆེན་གཉིས་ནི། ༡༽ རྒྱུ་མཚན་མཐུན་སྒྲུབ་སྨྲ་བའི་དཔྱད་ཁོངས་གསར་དུ་ཕྱེས་ཤིང་། ༢༽ཡི་ཤུའི་ཆོས་ལུགས་གསར་མའི་མི་ཆོས་ཁྱབ་ཁོངས་གསར་དུ་བཅོས་ཏེ། Kar Marx ཡི་རྒྱུད་ཁུངས་མ་ཡིན་པའི་དེང་རབས་མ་རྩ་རིང་ལུགས་ཀྱི་སྲོལ་བཏོད། འདི་གཉིས་ཀྱི་སྒང་ནས་ཁོའི་སྙན་གྲགས་རྒྱས་པར་མ་ཟད། དེང་རབས་ཅེས་པའི་དགོངས་པའི་གཞུང་ལུགས་ནུབ་ཕྱོགས་རྒྱལ་ཁབ་ཀུན་ཏུ་ཁྱབ། ཡང་། ཁོང་གི་ཆབ་སྲིད་རིག་པའི་བསམ་བློ་ཡིས། ནུབ་ཕྱོགས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་མངོན་སུམ་དངོས་ཡོད་ཀྱི་གནས་སྟངས་གཞིར་འཛིན་པར་གྱུར། ཁོང་གི་སྤྱི་ཚོགས་ཚན་རིག་གི་བསམ་བློ་ཡི་ད་ལྟ་མུ་མཐུད་དེ་འབྲེལ་ཡོད་དཔྱོད་འཇུག་གི་ལག་ལེན་ལ་མཛུབ་སྟོན་གནང་དང་གནང་མུས་སུ་མཆིས། ཤུགས་རྐྱེན་ཐེབས་ཕྱོགས་ཀྱི་ཁོངས་སུ། ༡༽མཚན་ཉིད་རིག་པའི་ཕྱོགས་ནས། རྟོགས་པའི་ཡོན་ཏན་ཞེས་པའི་གོ་དོན་གྱི་ཕྱོགས་སུ། སྐུ་ཞབས་Kant་གསར་མའི་གྲུབ་མཐར་གཏོགས་ཤིང་། མི་ཆོས་སྐོར་གྱི་བསམ་བློ་སྐུ་ཞབས་Kant དང་Nietzsche་རྣམ་གཉིས་ཀྱི་ཤིང་རྟའི་རྒྱུན་འཛིན་ཏུ་གྱུར། ༢༽ལོ་རྒྱུས་ཀྱི་བསམ་བློ་ཕྱོགས་ནས། རྒྱུ་མཚན་མཐུན་སྒྲུབ་སྨྲ་བའི་དགོངས་པ་དེ་སྐབས་དོན་དང་མཐུན་པའི་གཅིག་སྒྲིལ་དུ་བསམ་པ་དང་། ལོ་ཟླ་ཚེས་གྲངས་དེད་དེ་ལོ་རྒྱུས་ཀྱི་གནས་ཚུལ་རྟོགས་པ་དང་། དེ་གཞིར་བྱས་ཐོག་ལུང་བསྟན་དཔོག་ཐུབ་པ། རྟོགས་པའི་ཡོན་ཏན་དང་ཤེས་བྱའི་ནུས་པ་བརྒྱུད་དེ་སྤྱི་ཚོགས་སྟངས་འཛིན་ནམ་ཚོད་འཛིན་བྱེད་ཐུབ་པ། ༣༽དེང་རབས་ཅེས་པའི་དགོངས་པའི་ཕྱོགས་ནས། ལྕགས་སྒྲོམ་༼Iron-Cage༽་དང་རིན་ཐང་སིལ་ཐོར་དང་། རྫས་སྔགས་བསྐྱར་སྦྱོར་དང་རྫས་སྔགས་ནུས་མེད་དུ་སྦྱོར་བ། དེང་རབས་དང་དེང་རབས་ཅན་ཞེས་པའི་བར་གྱི་འགལ་འབྲེལ། ༤༽རྟོགས་པའི་ཡོན་ཏན་ནམ་ཤེས་བྱའི་ཕྱོགས་ནས། རྟོགས་པའི་མཐོ་དམན་ཁྱད་པར་བཀར་བ་དང་། མངོན་འདོད་ཀྱི་རིགས་༼ideal type༽་ཕྱེས།
༥༽ཆབ་སྲིད་དང་མི་ཆོས་ཀྱི་ཕྱོགས་ནས། དབང་བསྒྱུར་དང་ཁྲིམས་མཐུན་གྱི་རྣམ་གཞག མང་གཙོ་ཡང་དག་འོག་གི་འགན་འཛིན་ནུས་པ། མི་རིགས་རིང་ལུགས་དང་ཆབ་སྲིད་ཀྱི་སྟོབས་ཤུགས། འགན་དང་ནག་ཉེས་ར་སྤྲོད་ཀྱི་མི་ཆོས། གོང་གི་ཁྱབ་ཁོངས་སུ་ད་ལྟ་ཡིན་ནའང་ཁུངས་གཏུགས་ས་ཞིག་ཏུ་གྱུར་ཡོད་ཀྱང་། དགོངས་པ་མང་པོ་ལས། མི་སྒེར་བའི་རང་འདོད་དང་རང་དབང་གི་བསམ་བློ་ཤུགས་ཆེར་ཕྱིན་ཏེ་ད་ལྟའི་སྤྱི་ཚོགས་ནང་སྐྱོན་མང་པོ་བྱུང་དང་འབྱུང་བཞིན་ལགས་ན། ཆབ་སྲིད་དང་ཚན་རིག་གི་ཕྱོགང་ནས་སེལ་ཐབས་བཙལ་བཞིན་མཆིས་ཀྱང་། བདག་འཛིན་གཙོས་པའི་སྒེར་བའི་རང་དབང་ལ་ཕོགས་ཐུག་བྱུང་བའི་གནད་དོན་བུད། གནས་ཚུལ་འདི་ནི་ཁོང་གི་བསམ་བློ་དང་དགོངས་པ་དུས་དང་མི་མཚམས་པའི་སྣང་ཚུལ་དུ་གྱུར་འདུག
ལྕགས་སྒྲོམ་༼Iron-Cage༽་ཞེས་པའི་དགོངས་པ་འདི་སྤྱི་ཚོགས་རིག་པའི་ནང་གོ་དོན་དམིགས་བསལ་ཅན་ཞིག་མཆིས་པས། བོད་ཡིག་གི་ནང་གོ་བ་ཡག་པོ་ཞིག་ལེན་ཆེད་དུ་བཀྲལ་ན། རྒྱུ་མཚན་མཐུན་སྒྲུབ་ཀྱི་སྟོབས་ཤུགས་ལ་དཔེ་བླངས་པ་ཞིག་ཡིན་ཞིང་། སྤྱི་ཚོགས་འཚོ་བའི་ནང་རྒྱུན་འཛིན་བྱས་ཏེ་ཤུགས་ཆེར་འགྲོ་བཞིན་པ་དང་། ལྷག་པར་ཏུ་ནུབ་ཕྱོགས་མ་རྩ་རིང་ལུགས་སྤྱི་ཚོགས་ནང་ཁྱབ་ཆེ། ལྕགས་སྒྲོམ་ཞེས་པ་དཔེ་ཞིག་ཏེ། སྤྱི་ཚོགས་ཀྱི་འཁོར་རྒྱུན་དང་བཅས་པའི་མ་ལག་ཆེན་པོ་དེ་ལྕགས་སྒྲོམ་ལྟ་བུར་དཔེ་བླངས་ཤིང་མི་སྒེར་བ་སུ་ཡིན་ཀྱང་རང་གནས་སའི་སྤྱི་ཚོགས་དེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་པས། དེའི་ཤུགས་རྐྱེན་དང་། ལུགས་སྲོལ། སྟངས་འཛིན་འོག་བྱུང་བའི་གནས་བབ་དེ་ནི་ལྕགས་སྒྲོམ་ལྟ་བུར་གོ ཡང་། སྐུ་ཞབས་Weber རང་ནས། ལྕགས་སྒྲོམ་ཞེས་པའི་དཔེ་ཅན་ལ། དཔོན་དབང་སྲིད་ཤུགས་གཙོ་གཉེར་ཅན་གྱི་སྒྲིག་འཛུགས་འོག་གི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་གོ་ཅེས་འགྲེལ། བརྡ་ཆད་འདི་ཐོག་མར་འཇར་མན་སྐད་ཀྱི་stahlhartes Gehäuse ༼steel-hard casing༽་དྭངས་ལྕགས་ཀྱི་ཕྱི་ཐུམ)ཞེས་པ། ༡༩༣༠་ལོར་སྐུ་ཞབས་Talcott Parsons་ལགས་ཀྱིས་དབྱིན་སྐད་སྨྲ་མཁན་ལ་གོ་བདེ་བའི་ཆེད་དུ་ལྕགས་སྒྲོམ་གྱི་གོ་དོན་ཅན་ཏུ་བསྒྱུར། ལྕགས་སྒྲོམ་ཞེས་པའི་འགྱུར་འདིར་དེང་སྐབས་དོགས་སློང་བྱེད་མཁན་ཇེ་མང་དུ་སོང་སྟེ། shell as hard as steel ཞེས་པ། དྭངས་ལྕགས་འདྲ་བའི་ཕྱི་ཐུམ། ཞེས་པ་ལྟར་ཡིན་དགོས་པར་འདོད།
སྐུ་ཞབས་Pierre Bourdieu་ལགས༼༡༩༣༠-༢༠༠༢༽ཧྥ་རན་སི་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིག་པ་བ། རྒྱུད་རྒྱུན་རིག་པ་བ། མཚན་ཉིད་རིག་པ་བ། སྐུ་ཞབས་Bourdieu་ལགས་ཀྱི་མཛད་རྗེས་ལ། སློབ་གསོ་སྤྱི་ཚོགས་རིག་པ་དང་། སྤྱི་ཚོགས་རིག་པའི་གཞུང་ལུགས། མཛེས་ཆོས་སྤྱི་ཚོགས་རིག་པ་བཅས་རིག་ཚན་མང་པོར་ཤུགས་རྐྱེན་ཁྱོན་ནས་ཐེབས་ཤིང་། ཡང་། རིག་ཚན་གཞན་ཏེ། གསར་འགྱུར་གྱི་རྣམ་གཞག་དང་། རིག་གནས་ཀྱི་རྣམ་གཞག སློབ་གསོ། མང་མོས་རིག་གནས་ཀྱི་རྣམ་གཞག སྤྱི་ཚོགས་ཚན་རིག་གཞན་བཅས་ཀྱི་ཐད་རྩ་རེག་ཤུགས་རྐྱེན་ཐེབས། དུས་རབས་ཉི་ཤུ་བའི་ནུབ་ཕྱོགས་མཚན་ཉིད་རིག་པ་བ་ཞིག་ཡིན་པའི་ཆ་ནས། ཞིབ་འཇུག་དོ་ཁུར་གྱི་ཁྱབ་ཁོངས་གཙོ་བོ་སྟེ། ༡༽སྤྱི་ཚོགས་རིག་པ་དང་། ༢༽སྟོབས་ཤུགས།༼སྤྱི་ཚོགས་དང་དབང་ཤེད་ལས་བྱུང་བ༽། ཡིན་ཞིང་། སྒྲིག་གཞི་སྨྲ་བ་དང་། རྒྱུད་རྒྱུ་སྒྲིག་གཞི་སྨྲ་བ། དགག་སྒྲུབ་སྤྱི་ཚོགས་རིག་པ་བཅས་ཀྱི་གྲུབ་མཐར་གཏོགས།
སྤྱི་ཚོགས་རིག་པའི་ནང་གསར་དུ་བཏོད་པའི་རིགས་པའི་རྣམ་གཞག་གྲགས་ཅན་ནི། སྤྱི་ཚོགས་གོམས་གཤིས་༼Habitus༽་ཞེས་པ་ཡིན་ཞིང་། གང་ཟག་གང་ཞིག་དེ་སྤྱི་ཚོགས་ཤིག་གི་ནང་མི་མང་པོ་དང་འབྲེལ། གནས་བབ་འདྲ་ཞིང་། དད་པ་དང་། མི་རིགས། རིགས་རྒྱུད། སློབ་གསོ་མྱོང་རིམ་བཅས་གཅིག་པའི་སྤྱི་ཚོགས་ཁོར་ཡུག་ཅིག་གི་ནང་རིམ་གྱིས་གོམས་ཤིང་འདྲིས་ཏེ་ཆགས་པའི་བྱ་སྤྱོད་འདོམས་བྱེད་ཀྱི་ལུགས་སྲོལ། དེས་མི་རིགས་ཤིག་གམ་མི་ཚོགས་ཤིག་གི་རིག་གནས་མཚོན་ཞིང་། མི་སྒེར་བའི་མི་ཚེ་ལོ་རྒྱུས་བརྒྱུད་རིམ་ཀྱང་མཚོན། དེ་འདྲའི་གོམས་འདྲིས་ཁོར་ཡུག་གིས་སེམས་དང་ལུས་གཉིས་ཀྱི་ཆགས་གྲུབ་གཞི་དབྱིབས་འཛིན་པས། གང་ཟག་གི་ད་ལྟའི་སྤྱི་ཚོགས་བྱ་སྤྱོད་ཀྱི་ཁྱད་འབྱེད། རིག་གནས་མ་རྩ་(Cultural capital)། ཞེས་པའི་གོ་དོན་ལ། རིགས་གསུམ་མཆིས་ཏེ། ལྷན་སྐྱེས་མ་རྩ (embodied capital) དང་། ཟིན་པ་ལས་བྱུང་བའི་མ་རྩ(objectified capital)། སྒྲིག་འཛུགས་ཀྱིས་ཆགས་པའི་མ་རྩའོ(institutionalized capital)། ཤུགས་རྐྱེན་ཐེབས་པའི་ཕྱིས་ཀྱི་སྤྱི་ཚོགས་རིག་པ་བའི་གྲལ་ཁོངས་སུ། སྐུ་ཞབས་Loïc Wacquant ་དང་། སྐུ་ཞབས་Anthony Giddens། སྐུ་ཞབས་Édouard Louis། སྐུ་ཞབས་Antanas Mockus་དང་། སྐུ་ཞབས་Didier Eribon། སྐུ་ཞབས་Béatrice Galinon-Mélénec་བཅས་མཆིས། སྐུ་ཞབས་Anthony Giddens་ལགས༼༡༩༣༨-ད་ལྟ་བཞུགས༽། འདི་བ་དུས་རབས་ཉི་ཤུ་བའི་སྨད་ཙམ་ནས་ད་ལྟའི་བར་འཛམ་གླིང་ཤར་ནུབ་ཀྱི་དེང་རབས་སྤྱི་ཚོགས་ཚན་རིག་གི་གཞུང་ལུགས་ངར་ཤུགས་བཙན་ཞིང་སྣེ་ཁྲིད་དེད་དཔོན་ཞིག་ཏུ་གྱུར་ཅིང་། ལྷག་དོན་ཏུ། ནུབ་ཕྱོགས་སྤྱི་ཚོགས་རིག་པའི་གྲུབ་མཐའ་ཆེན་མོ་གཉིས་ཏེ། ཕྱོད་བྲིན་སྨྲ་བ་དང་སྒྲིག་གཞི་སྨྲ་བ་གཉིས་གཞི་གཅིག་ཏུ་བཀྲལ་ཏེ། དགག་སྒྲུབ་བླང་དོར་དང་། མཚན་ཉིད་རིག་པའི་དོན་སྤྱི་མང་པོ་དྲངས་ཤིང་། འབྲེལ་ཡོད་རིག་ཚན་གཞན་ལས་རིགས་པའི་རྣམ་གཞག་མང་པོའང་དྲངས་ཏེ། སྒྲིག་གཞིའི་འབྱུང་རྒྱུན་སྨྲ་བའི་གྲུབ་མཐའ་གསར་ཏུ་བཙུགས། གཞུང་འདི་སྤྱི་ཚོགས་རིག་པ་ཁོ་ན་ཙམ་མ་ཡིན་པར་སྤྱི་ཚོགས་ཚན་རིག་ཡོངས་ཀྱི་གཞུང་ལུགས་ཤིག་ཏུ་གྱུར་དང་འགྱུར་མུས་སུ་མཆིས། ལོ་རབས་དགུ་བཅུ་བའི་ནང་ནུབ་ཕྱོགས་སྟོབས་ཅན་རྒྱལ་ཁབ་དག་སྲིད་འཛིན་བློ་འདོན་པ་ཡང་བཞེས་མྱོང་། ཉེ་ཆར། homeless billionaire ཞེས་པའི་བརྗོད་གཞིའི་སྒང་རང་གི་ལྟ་བ་མཐར་ཆགས་སུ་བཀྲལ་ཏེ། དངོས་གཙོ་སྨྲ་བའི་ལྟ་གྲུབ་ལ་དོགས་སློང་བྱེད་བཞིན་གདའ། ཡང་། རང་རེའི་ནང་པའི་མཚན་ཉིད་རིག་པ་དང་ནུབ་ཕྱོགས་རྩེ་ཕུད་ཚན་རིག་པ་མང་པོ་དང་ལྷན་བགྲོ་གླེང་ཕྱོགས་སྣ་ཚོགས་ནས་བྱས་ཤིང་། མི་ལོ་སུམ་ཅུ་ལ་ཉེ་བའི་བགྲོ་གླེང་བརྒྱུད་དེ། དེང་རབས་ཚན་རིག་དང་ནང་པའི་རྟེན་འབྱུང་ལྟ་གྲུབ་དབར་གྱི་གཞི་མཐུན་མང་པོ་རྙེད་ཅིང་། ལྷག་དོན་ཏུ་སེམས་ཁམས་རིག་པ་དང་རྡུལ་ཕྲན་དངོས་ཁམས་རིག་པའི་བར་གཉིས་ཕན་གྱི་ལྟ་གྲུབ་མང་པོ་ཆགས་པར་མ་ཟད། དབང་རྩའི་བརྟག་དབྱེ་རིག་པར་༼Neuroscience༽་སྒོམ་གྱི་རྣམ་གཞག་གིས་ལམ་སྟོན་ལྟ་བུའི་དགེ་མཚན་ཐོན་ཚུལ་གྱི་ཞིབ་འཇུག་འབྲས་བུ་བསླེབས་ཤིང་། མགོན་པོ་གང་ཉིད་བགྲོ་གླེང་དབུ་བཞུགས་གནང་སྟེ། སེམས་ཀྱི་རྣམ་གཞག་སྐོར་ནུབ་ཕྱོགས་ཚན་རིག་པ་ཚོ་ལས་དང་པོ་བར་ཆགས་འདུག་ལ། ཕྱིའི་དངོས་ཁམས་ཀྱི་རྣམ་གཞག་སྐོར་རང་རེའི་རིག་པ་སྨྲ་བ་རྣམས་ལས་དང་པོ་བར་ཆགས་འདུག ཅེས་ཀུ་རེ་གནང་བ་དེར་ནུབ་ཕྱོགས་ཚོགས་ཞུགས་ཚན་རིག་པས་མོས་མཐུན་ཁས་ལེན་བྱས་ཤིང་། ད་ལྟ་ཨ་རིར། སེམས་དང་སྲོག་གི་ཞིབ་འཇུག་ལྟེ་གནས། ཞེས་པའི་སྒྲིག་འཛུགས་བཙུགས་ཏེ། ཚན་རིག་གི་ནང་ཚན་གཞན་མང་པོའང་མཉམ་ཞུགས་གནང་བས། བོད་ཀྱི་ནང་པའི་མཚན་ཉིད་སྨྲ་བའི་ལྟ་གྲུབ་ཀྱིས་འགྲོ་བ་མིའི་རིགས་ལ་བྱས་རྗེས་གལ་ཆེན་འཇོག་ཐུབ་པར་ངོས་ལེན་ཇེ་མང་དུ་འགྲོ་བཞིན་པ་དང་ལྷན། ནང་པའི་མཚན་ཉིད་རིག་པའི་ལྟ་གྲུབ་དང་དེང་རབས་ཚན་རིག་བར་གྱི་གཞི་མཐུན་མུ་མཐུད་དེ་བསྔོགས་པས། གཞི་མཐུན་གྱི་རྒྱ་ཇེ་ཆེར་འཕེལ་བཞིན་པའི་གནས་ཚུལ་འདི། རང་རེའི་སྲོལ་རྒྱུན་རིག་གནས་རྗེས་ལུས་སུ་འདོད་དེ་འདོར་དགོས་པར་དགོངས་མཁན་ཚོས། རང་གི་བསམ་བློ་དེ་འགྲིག་ཡོད་མེད་བསྐྱར་ཞིབ་ཅིག་གལ་ཆེ་སྙམ་པའང་ཤུགས་ཀྱིས་འཆར། ཞིབ་འཇུག་གི་འབྲས་བུ་དེ་དག་ལས་སྤྱི་ཚོགས་རིག་པའི་ནང་འདྲེན་དགོས་ས་མང་པོ་མཆིས། སྤྱི་ཚོགས་རིག་པའི་ནང་སེམས་དང་འབྲེལ་བའི་སྐོར་ལོགས་སུ་བཞག་ཏེ་ཞིབ་འཇུག་བྱས་པས། ནུབ་ཕྱོགས་པའི་སྤྱི་ཚོགས་གནད་དོན་གྱི་རྩ་བ་མ་ཟིན་པའི་གནས་ཚུལ་མང་པོ་མཐོང་། ལྷག་པར་དུ་སྐུ་ཞབས་Anthony Giddens་ལགས་ཀྱིས། ལག་ལེན་ཀྱི་འདུ་ཤེས་དེ་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་སྦྲེལ་བས། སེམས་དང་སེམས་བྱུང་གི་རྣམ་གཞག་སྤྱི་ཚོགས་རིག་པའི་ནང་གནད་ཆེན་པོ་ཟིན། འདི་བོད་ཀྱི་སྤྱི་ཚོགས་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་འགྱུར་སྲིད། སྤྱི་ཚོགས་རིག་པ་ལས་ཆབ་སྲིད་སྤྱི་ཚོགས་རིག་པའི་གྲུབ་མཐའ་སྨྲ་བ་དང་། སྤྱི་ཚོགས་གཞུང་ལུགས་པར་གཏོགས། ༡༩༨༤ལོར། སྤྱི་ཚོགས་ཀྱི་གྲུབ་ཚུལ། ཞེས་པའི་གཞུང་བརྩམས་ཤིང་། ༡༩༩༨ལོར། ལམ་གསུམ་པ། ཞེས་པའི་གཞུང་བརྩམས། བསམ་བློ་གལ་ཆེན་ཁག་ལ། ༡༽འགྲེལ་རིམ་ཉིས་ལྡབ༼Double hermeneutic༽ འདི་གཙོ་ཆེར་སྒྲིག་གཞི་དང་འབྲེལ་བའི་མི་སྒེར་བ་དང་ཚོགས་གཉིས་ཐད་ནས་འགྲེལ་སྟངས་ཤིག་ཡོད་པ་དེར་གོ་དགོས་པ་ལས། དྲང་ངེས་འབྱེད་དགོས་པ་ལྟ་བུའི་གོ་བ་ཞིག་མ་ཡིན་པ་ཤེས་དགོས༽། ༢༽སྒྲིག་གཞི་རིམ་གཉིས༼duality of structure༽། ༣༽སྒྲིག་གཞིའི་འབྱུང་རྒྱུན་གཞུང་ལུགས་༼structuration theory༽། ༤༽ལམ་གསུམ་པ་༼third way༽། འདི་དག་ཞིབ་ཏུ་གཞུང་དངོས་ཀྱི་སྐབས་སུ་ཤེས་པར་བྱའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།