༄༅། །སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་དབང་༧སྐྱབས་མགོན་༧རྒྱལ་དབང་ཡིད་བཞིན་ནོར་བུའི་སྡེའི་ཞབས་པད་དགེ་ལེགས་གཟི་བྱིན་འབུམ་ཕྲག་འབར་བའི་ཁྲིའི་དྲུང་དུ།

 བོད་རྒྱལ་ལོ་༢༡༥༠། བོད་རབ་གནས་ཆུ་ཡོས་ལོའི་བཀྲ་ཤིས་རྫོགས་ལྡན་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་རྟེན་འབྲེལ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། འཛམ་གླིང་ཐུབ་པའི་རྒྱལ་ཚབ་ཆེན་པོ་གང་དེའི་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། རླབས་ཆེན་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་བདེ་བླག་མྱུར་འགྲུབ་འབྱུང་བའི་ཆེད་དུ་དམིགས། གནམ་ལོ་གསར་བ་འདིའི་ནང་སླར་ཡང་མཆོག་གསུམ་རྒྱལ་བ་སྲས་བཅས་ཀྱི་བྱིན་མཐུ་དང་། ཆོས་ཉིད་རྟེན་འབྱུང་བསླུ་བ་མེད་པ་སོགས་ཀྱི་བདེན་སྟོབས་ཀྱིས་གོང་དུ་ཇི་ལྟར་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག
ཤིས་ཚིག
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །
བསམ་བཞིན་ཞིང་འདིའི་གདུལ་བྱའི་མགོན་དཔུང་དུ། །
གསུམ་ལྡན་རྡོ་རྗེ་འཆང་གི་སྐུར་བཞེངས་པ། །
༸རྒྱལ་མཆོག་ཕྱག་ན་པདྨོ་ཞབས་བརྟན་ཤོག །

གངས་ཅན་ཞིང་གི་སྣོད་བཅུད་དཔལ་ཡོན་ཀུན། །
ཀུན་ཕན་དར་རྒྱས་དཔྱིད་ཀྱི་ལངས་ཚོའི་དཔལ། །
དཔལ་དང་འབྱོར་བའི་གཏེར་དུ་སྒྱུར་བའི་མགོན། །
མགོན་ཁྱོད་ཞབས་བརྟན་བཞེད་དོན་མྱུར་འགྲུབ་ཤོག །

ཆོས་ཚན་ཟུང་གིས་རྒྱལ་བསྟན་ཆེ་བ་སྤེལ། །
ཐབས་ཤེས་ཟུང་གིས་འཇིག་རྟེན་ཞི་བདེར་འགོད། །
དགག་བཞག་ཟུང་གིས་བླང་དོར་ལམ་བཟང་སྟོན། །
གནའ་དེང་ཟུང་གིས་འགྲོ་རྣམས་སྐྱོང་དེར་འདུད། །

ཀུན་ཕན་ཐུགས་བརྩེས་ཕྱི་ནང་འགལ་བ་བསལ། །
ཐེག་གསུམ་མཐར་ཐུག་ཐུབ་པའི་དགོངས་པར་སྒྲུབ། །
ཡང་དག་རིགས་པས་ཐུབ་བསྟན་ཕྱི་དོར་མཛད། །
འཛམ་གླིང་ཐུབ་པའི་རྒྱལ་ཚབ་རྟག་བརྟན་ཤོག །
ཅེས་བསླུ་མེད་གཏན་གྱི་སྐྱབས་གནས་འཕགས་མཆོག་སྤྱན་རས་གཟིགས་དབང་གང་གི་སྐྱབས་འོག་པ་གུས་དགའ་ཤར་སོག་པ་ཁང་ཚན་གྱི་གྲྭ་འབངས་སུ་གཏོགས་པའི་ཕྲན་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་ནས་སྒོ་གསུམ་རབ་གུས་ཀྱིས་མཇལ་དར་བཅས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།