གསེར་སྟོད་མགོན་པོ་འབྲོང་རི་སྨུག་པོ།


དབལ་ཤུལ་རང་བྱུང་།

དེ་ཡང་དཔལ་ཨོ་རྒྱན་ཆེན་པོས་ལུང་གིས་བསྔགས་པའི་གངས་ཅན་གནས་ཀྱི་མཆོག་གྱུར་མགོན་པོ་འབྲོང་རི་སྨུག་པོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་གི་བྱང་ཕྱོགས་ལེ་བར་ཉི་ཤུའི་མཚམས་སུ་གནས་ཤིང་། མཚོ་འཕགས་4961ཟིན་ཅིང་། མདོ་སྨད་གསེར་རྟ་ཡུལ་གྱི་སྡེ་མི་ཡོངས་ཀྱི་བླ་རི་སྟེ། ཨོ་རྒྱན་ཆེན་པོས་ཀྱང་སྒང་དྲུག་གཞི་བདག་བཅུ་གཉིས་ཀྱི་ཡ་གྱལ། གསེར་ཟླ་སྒང་ལ་དབང་བསྒྱུར་བ་ཞེས་ལུང་གིས་བསྔགས་ཡོད། གནས་འདིའི་ཉེ་འཁོར་དུའང་གནས་ཆེན་གནས་ཕྲན་མང་པོས་བསྐོར་ཡོད་ཅིང་། ཟངས་མདོག་དཔལ་རིའི་གནས་ལྷ་ལུང་གདོང་ར་དཀར་པོ། སེང་གདོང་མ་ཡི་གནས་བཙུན་མོའི་རི། རྒྱལ་བ་མི་འཁྲུག་པའི་གནས་བློན་པོའི་རི། གེ་སར་རྒྱལ་པོའི་གནས་དམག་དཔོན་རི། གཞན་ཡང་སྒྲོལ་མ་ཉེར་གཅིག་གི་གནས་དང་དགྲ་བླ་ཟངས་ཁྲབ་ཅན་གྱི་གནས་སོགས་གྲངས་མང་བ་ཡོད། གནས་འདི་ནི་སྔར་སྟོད་གླིང་གསེར་བ་མཆེད་བརྒྱད་ཀྱི་གནས་ཡིན་ལ། ཁྲ་བ་བོའི་རི་རྩིས་ལས་ཙིཏྟ་ཡོལ་བ་རྒྱས་འདྲ་བོ། །རི་བོ་དགེ་བསྙེན་འབྲོང་རི་རེད། །གསེར་བ་མཆེད་བརྒྱད་བླ་རི་རེད་ཅེས་འཁོད་ཡོད།གནས་འདིར་རི་རྒྱུད་གཅིག་ལ་རི་རྩེ་གསུམ་དུ་གྲགས་ཤིང་། དེ་དག་ཀྱང་རི་རྩེ་དང་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་གནས། གནས་སྲུང་རྡོ་རྗེ་བྲག་ལྷ་མགོན་པོ། རི་རྩེ་གཉིས་པ་འཇམ་དཔལ་གཞོན་ནུའི་གནས། གནས་སྲུང་རྡོ་རྗེ་གངས་ལྷ་རྩལ། རི་རྩེ་གསུམ་པ་གསང་བདག་ཕྱག་ན་རྡོ་རྗེའི་གནས། གནས་སྲུང་གཡུང་དྲུང་དགྲ་འདུལ་དབང་ཕྱུག་རྩལ། དེ་འདྲའི་གནས་ཁྱད་པར་བ་ཞིག་སྟེ། ཕྱི་ནང་གསང་གསུམ་གྱི་བཀོད་པ་ངོ་མཚར་ཁྱད་དུ་འཕགས་པ། འོག་མིན་ཞིང་དང་མཚུངས་པ་དཀར་ཆག་ཏུ་གསལ་ལ། ཕྱི་ལྟར་རིགས་གསུམ་མགོན་པོའི་གནས། ནང་ལྟར་ལྷ་ཚོགས་བཞུགས་པའི་དག་ཞིང་། འདི་ལ་ཕྱག་སྐོར་སྒྲིབ་སྦྱངས་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གནས་རིའི་དཀར་ཆག་ཏུ་གསལ་བར་འཁོད་ཡོད།མགོན་པོ་འབྲོང་རི་ནི་གསེར་རྟ་ཡུལ་གྱི་གནའ་ནས་ད་བར་ཀུན་གྱི་མཆོད་བསྟོད་རྒྱུན་མི་ཆད་པའི་གནས་མཆོག་ཅིག་ཡིན་ལ། དཔལ་མ་ཧཱ་ཀ་ལ་སྒྲུབ་པར་མཆོག་དང་ཐུན་མོང་གི་དངོས་གྲུབ་དང་ཞལ་གཟིགས་ལུང་བསྟན་སོགས་གྲུབ་རྟགས་མྱུར་དུ་ཐོན་སྲིད་པའི་གནས་ཁྱད་པར་བ་ཞིག་སྟེ། སྔར་ནས་དབལ་ཤུལ་གསེར་རྟའི་དབལ་ཤུལ་དཔོན་རིགས་ཡོངས་ཀྱི་མཆོད་གནས་གལ་ཆེན་ཞིག་ཡིན་ལ། ལོ་རྒྱུས་སུ་དབལ་ཤུལ་དཔོན་གྱི་དཔོན་རྒྱུད་ཚང་མར་མགོན་པོ་འབྲོང་རིས་ཞལ་གཟིགས་ལུང་བསྟན་མཛད་ཅིང་མི་དང་མི་བཞིན་གྱི་སྡོང་གྲོགས་མཛད་པར་གྲགས། དུས་ད་ལྟའང་ལོ་རེ་བཞིན་གྱི་གསེར་རྟ་ཡུལ་གྱི་རོང་འབྲོག་ཚང་མས་རྒྱུན་མི་ཆད་པར་མཆོད་བསྟོད་བྱེད་བཞིན་ཡོད་ལ། སྐྱ་སེར་ཕོ་མོ་ཚང་མས་ཕྱག་དང་བསྐོར་བའང་རྒྱུན་མི་ཆད་པར་བྱེད་བཞིན་ཡོད།གནས་འདིའི་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་ལ། དབྱར་གསུམ་མེ་ཏོག་གི་གུར་ཁང་ལྟ་བུ། སྔོ་ལྗང་གི་རྩྭ་ཐང་དུ་འབྲོག་སྡེའི་དུ་སྨུག་འཁྱིལ་ཞིང་། རྟ་ནོར་བག་ཡངས་རྒྱུ་བ། ཆུ་མོ་ཤང་ཤང་རྒྱུག་པ། བྱ་བྱེའུ་སྐད་སྙན་སྒྲོག་པས་ཀུན་ལ་སྤྲོ་སྣང་བྱིན་ཡོང་། དགུན་གསུམ་ཁ་བའི་འདབ་མས་ཡོངས་སུ་གཡོགས་པའང་མཐོ་སྒང་གི་མུ་ཏིག་དཀར་པོ་ཞིག་དང་གཉིས་སུ་མེད་པ་ལྟར་དུང་མདོག་འོད་དུ་འཚེར་བས་གོ་ལའི་སྒལ་སྟེང་གི་མཐོ་སྒང་གངས་ཀྱི་ལང་ཚོ་ཀུན་ནས་ངོམས་ཡོད། ། 

རྩོམ་ཡོང་ཁུངས། གངས་ལྗོངས་ཉི་གཞོན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།