མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པར་མཁས་པའི་མཁས་པ་ཆེན་པོ

————བོད་ཀྱི་བཙོན་མ“ཨང་ཉེར་བཞི་བ”

རྒྱ་གྲོལ།

དེ་རིང་བདག་ལ་གློ་བུར་བའི་བསམ་ཚུལ་ཞིག་བྱུང་བ་ནི་བོད་ཀྱི་མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པརམཁས་པའི་མཁས་པ་ཆེས་ཆེ་བ་དེ་སུ་རེད་ཅེས་པའི་དྲི་བ་འདི་ཡིན།ངས་དབང་མེད་དུ་དེ་ལ་བསམ་གཞིག་གཏོང་དགོས་བྱུང༌།དྲི་བ་འདིའི་མདུན་དང་རྒྱབ་ཏུ་བོད་ཀྱི་འཕོ་འགྱུར་གྱི་ལོ་རྒྱུས་གལ་ཆེན་ཞིག་བསྡུས་ཡོད།

མར་ལེའི་རིང་ལུགས་ནི་ཕུགས་བསམ་རིང་ལུགས་ཤིག་ཡིན་ལ།ལག་ལེན་རིང་ལུགས་ཤིག་ཀྱང་རེད།གུང་ཁྲན་རིང་ལུགས་ནི་ཁོའི་ཕུགས་བསམ་གྱི་བདེ་བ་ཅན་གྱི་ཞིང་ཁམས་འབའ་ཞིག་སྟེ།ཕུགས་བསམ་འདིའི་གཞུང་ལུགས་རྒྱ་ནག་པའི་མཁས་པ་ལེ་ཏ་ཀྲོའུ་སོགས་ཀྱིས༡༩༡༧ལོར་རྒྱ་ནང་ལ་གདན་འདྲེན་བྱས་ནས་ད་ལྟའི་བར་དུ་ལོ་དགུ་བཅུ་ལྷག་འདས།

དྲི་བ་འདི་བཏོན་མ་ཐག་ཏུ་མི་མང་བོ་ཞིག་གི་སེམས་ལ་དབང་མེད་དུ་ཕུན་ཚོགས་དབང་རྒྱལ་དྲན་ངེས།འོན་ཀྱང་ངས་བཤད་འདོད་པ་ནི་ཆེས་ལྐོག་གྱུར་གྱི་བཙོན་མ“ཨང་ཉེར་བཞི་བ”རེད།བཙོན་མ“ཨང་ཉེར་བཞི་བ”འདིའི་གནས་ཚུལ་ཤེས་མཁན་སྐབས་དེའི་བཙོན་ཁང་ནང་དུ་མེད་ལ།ལས་བྱེད་པའི་ཁྲོད་དུའང་ཉུང་བས་བཙོན་མ“ཨང་ཉེར་བཞི་བ”ཆེས་གསང་བ་ལྐོག་གྱུར་གྱི་བཙོན་མ་ཞིག་ཏུ་གྱུར་དོན་ཡང་དེ་རེད།

༡༩༥༨ལོའི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན།ལོ་སོ་གཉིས་ཅན་གྱི་བཙོན་མ་ཞིག་ལན་གྲུའི་བཙོན་ཁང་ཞིག་ཏུ་ཁྲིད་འོང༌།བཙོན་མ་འདིར་འཛིན་བཟུང་གི་ཡི་གེ་མེད་ལ་ཉེས་མིང་ཡང་མེད།ཐ་ན་མིང་ཡང་མི་ཤེས་པའི་བཙོན་མ་ཞིག་སྟེ།ཁོའི་མིང་ནི་ཁོའི་བྲང་ཁར་བཏགས་ཡོད་པའི་ཨང་གྲངས་ཉེར་བཞི་དེས་མི་བྱེད་ཀ་མེད་བྱུང༌།

ཁོ་མི་རིགས་གང་ཡིན་ནམ།རྒྱ་སྐད་གཅིག་ཀྱང་མི་ཤེས།ཁོས་ཐོག་མར་ཤེས་པ་ནི这叫什么东西(དངོས་པོ་འདིའི་མིང་ལ་ཅི་ཟེར)ཞེས་པའི་ཚིག་དེ་རེད།ཚིག་འདི་ཡང་ཁོ་ལ་འདྲི་རྟོག་བྱེད་དུས་ཤེས་པ་ཞིག་སྟེ།རྒྱ་མི་ཞིག་ལ་འཕྲད་དུས这叫什么东西ཞེས་རྒྱ་སྐད་དང་རྒྱ་ཡིག་སྦྱངས།ཁོང་གི་བརྩོན་པར་བཙོན་གྲོགས་ཀྱང་ཧ་ལས་ཏེ།རྒྱ་ཡིག་སྦྱོང་བ་གལ་ཆེ་མོད།དེ་བས་ཀྱང་ལུས་ཀྱི་བདེ་ཐང་གལ་ཆེ་ཞེས་བཤད།

ཅུང་མ་འགོར་བར་ཁོས་རྒྱ་ཡིག་གི་དཔེ་ཆ་ཀློག་པར་བྱང་བས་མའོ་ཙེ་ཏུང་གི་གསུང་བཏུས་མང་བོ་བཀླགས།ཁོས་མའོ་ཙེ་ཏུང་གི་གསུང་བཏུས་ཀློག་པ་ནི་རྒྱ་ཡིག་སྦྱོང་བའི་ཆེད་ཡིན་མོད།གློ་བུར་དུ་མར་ལེའི་གཞུང་ལུགས་ལ་སྤྲོ་བ་རྒྱས་ཏེ《འགལ་བའི་རྣམ་བཤད་དང》《ལག་ལེན་རྣམ་བཤད》སོགས་བཀླགས་ཤིང༌།དེ་ནས་རིམ་བཞིན་མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་གསུང་རྩོམ་ལག་ཏུ་ཡོང་ཚད་བཀླགས།

ཁོའི་རྒྱ་ཡིག་གི་ཟིན་བྲིས་ཤིག་ཏུ།བཙོན་ཁང་ཕྱི་ཡི་གནས་ཚུལ་ཐོས་པ་མེད།།བློ་སེམས་གཅིག་གིས་རྒྱ་ཡིག་བསྟན་བཅོས་བཀླགས།།ཞེས་པ་ལྟར་ཀློག་བཞིན་དུ་ཟིན་བྲིས་སུ་བཏབ་པ་མ་ཟད།མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་གནད་དོན་རེ་རེ་ལ་བསམ་གཞིག་བཏང༌།

ཉིན་ཞིག་བཙོན་སྲུང་བ་དག་གིས་བཙོན་ཁང་ནང་གློང་དུས།ཁོའི་ཟིན་བྲིས་མཐུག་པོ་དེ་མཐོང་ནས་ཧ་ལས།ཁོ་ཚོས་ཧ་ལས་བཞིན་བཀླགས་པས་འདི་ནི་མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཟིན་བྲིས་ཤིག་ཡིན་པ་མ་ཟད།དངོས་གཙོ་རྩོད་སྒྲུབ་རིག་པའི་ལྟ་བར་མཐའ་དཔྱད་གནང་བའི་བསྡོམས་ཚིག་ཅིག་ཀྱང་ཡིན་པ་མཐོང་བས་དེ་བས་ཀྱང་ཧ་ལས།

མར་ལེའི་རིང་ལུགས་ཁ་བཏོན་བྱེད་པའི་ལས་བྱེད་པ་འདི་དག་གིས་བཙོན་མ“ཨང་ཉེར་བཞི་བ”ནི་རང་འགའ་བའི་མི་ཞིག་མིན་པར་ཤེས་སོང༌།ཁོས་ཟིན་བྲིས་བཏབ་པའི་མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་གནད་དོན་དག་ལས་མང་བོ་ཞིག་ཁོ་ཚོས་ཀྱང་ཧ་མི་གོ་ཡང༌།ལེགས།ཤིན་ཏུ་ལེགས།མུ་མཐུད་དུ་སློབ་སྦྱོང་བྱོས་ཞེས་སྐུལ་མ་བྱས།

དེ་ནས་བཟུང༌།བཙོན་མ“ཨང་ཉེར་བཞི་བ”ཞེས་པའི་མཚན་སྙན་དེ་ལན་གྲུའི་བཙོན་ཁང་གྲགས་ཅན་འདིའི་ལས་བྱེད་པའི་ཁྲོད་དུ་ཁྱབ།ཉིན་ཞིག་བཙོན་ཁང་གི་དཔོན་པོ་ཞིག་ཡོང་ནས་ཁྱོད་ཀྱིས་བཙོན་རའི་ཚོགས་ཆེན་གྱི་སྟེང་དུ་གཏམ་བཤད་ཅིག་བྱ་དགོས་ཟེར་བས་ཁོང་གིས་དེ་མ་ཐག་ཏུ་གཏམ་བཤད་ཀྱི་ཟིན་བྲིས་ཤོག་བུ་དྲས་ཁ16ཅན་གྱི་ཤོག་ངོས་བཞི་བྲིས།

ཚོགས་ཆེན་སྟེང་དུ་འགོ་ཁྲིད་དག་གིས་གཏམ་བཤད་ཀྱི་རྗེས་ནས“ཨང་ཉེར་བཞི་བས”ཤོད་ཅེས་བསྒྲགས།ཁོང་མི་ཚོགས་ལས་ལངས་ཏེ་གཏམ་བཤད་སྤེལ་དུས་བོད་མི་དག་ཧ་ལས་ནས། “ཁོང་རིན་པོ་ཆེ་ཚང་རེད།རིན་པོ་ཆེ་རེད། ”ཅེས་ཤུབ་བུར་བརྗོད་བྱུང༌།

རིན་པོ་ཆེ་སུ་ཡིན་ནམ།སྐབས་དེའི་བོད་པའི་བཙོན་མ་དག་གིས་གསལ་བོར་ཤེས་ངེས།ཁོང་ཚོས་རིན་པོ་ཆེ་འདི་ཉིད་བཙོན་ཁང་དུ་ཡོད་པ་ཤེས་ཞིང༌། “ཨང་ཉེར་བཞི་བ”རིན་པོ་ཆེ་ཡིན་པའང་ད་བཟོད་ཤེས་སོང༌།སྐབས་འདིར་བོད་མི་དག་གིས་བསམ་བློའི་བརྟེན་ས་ཞིག་རྙེད་བྱུང༌།ཁོང་གི་གཏམ་བཤད་ལ་ཉན་བཞིན་བོད་པ་མང་བོ་ཞིག་གི་མིག་ལ་མཆི་མ་དབང་མེད་དུ་འཁྱིལ་བྱུང༌།

གཞུང་བཀའ་པོད་ལྔ་ལ་ནང་བྱན་ཆུད་པའི་རིན་པོ་ཆེ་འདིས་མར་ལེའི་རིང་ལུགས་ཀྱི་ལྟ་བ་གསུང་བཞིན་ཡོད་ནའང༌།ནང་བའི་ལྟ་སྤྱོད་དེ་མར་ལེའི་རིང་ལུགས་ནང་དུ་སྟོན་བཞིན་ཡོད་ལ།ནང་བསྟན་དང་མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཐུན་མོང་གི་དགེ་མཚན་ལྟ་བ་ནི་ཁོང་གི་གླེང་བྱ་ཉག་གཅིག་ཏུ་གྱུར།

ཡིན་ནའང་གཏམ་བཤད་འདི་དག་རྒྱ་སྐད་ཀྱིས་གསུང་བཞིན་ཡོད་པས།བོད་མི་དག་གིས་རིན་པོ་ཆེ“ཨང་ཉེར་བཞི་བ”འདིས་རྒྱ་སྐད་དང་རྒྱ་ཡིག་འདི་འདྲ་ཇི་ལྟར་ཤེས་པ་ཡིན་ནམ་ཞེས་ཧ་ལས།རྒྱ་མི་དག་གིས“ཨང་ཉེར་བཞི་བ”འདི་སུ་ཞིག་ཡིན་པ་གཏན་ནས་མི་ཤེས་ནའང་ཁོང་གི་མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པར་འཇུག་པའི་རྣམ་དཔྱོད་ལ་ངོ་མཚར་སྐྱེས།

འགོ་ཁྲིད་དག་ཀྱང་ཁོང་གི་གསུང་བཤད་ཀྱིས་བཀུགས་པས་དེ་ནས་བཟུང་ཁོང་ཉིད་བཙོན་མ་རྣམས་ལ་བློ་བསམ་བསྒྱུར་བཀོད་བྱེད་པའི་སློབ་གསོ་གནང་མཁན་དུ་གདན་དྲངས།མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་ཡོད་ཚད་བཀླགས་ཤིང༌།ཁོང་གི་མདུན་ཅོག་དང་མལ་ཁྲི་སོགས་སུ་མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་དཔེ་ཆས་གང་འདུག

དེ་ནས་ཐེངས་མང་བོར་བཙོན་མ་དག་ལ་གཏམ་བཤད་གནང་ཞིང༌།ཐོག་མར་ཟིན་བྲིས་བྲིས་ཏེ་གཏམ་བཤད་གནང༌།ཁོང་གིས་སྔ་རྗེས་སུ་གཏམ་བཤད་ཟིན་བྲིས་ཡིག་འབྲུ་ཁྲི་ཉི་ཤུ་བྲིས།རིམ་གྱིས་བྲག་ཐོག་ནས་ཆུ་འབབ་པ་ལྟ་བུའི་གཏམ་བཤད་གང་འདོད་དུ་གནང༌།

དེ་ལྟར་ཁོང་ནི་བཙོན་ར་དེའི་མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་སློབ་དཔོན་དུ་གྱུར།ཁོང་གིས་སྔ་རྗེས་སུ་ཐེངས་ལྔ་བཅུ་ལྷག་ལ་བཙོན་མ་རྣམས་ལ་གཏམ་བཤད་གནང༌།ཁོང་གི་གཏམ་བཤད་དག་ནི་ཕྱིའི་ཚུལ་ནས་མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་གཏམ་བཤད་ཡིན་ནའང་དོན་དམ་དུ་གདུལ་བྱ་གསོ་བའི་བདུད་རྩིའི་ཆར་བར་གྱུར།

མ་རུངས་དམུ་རྒོད་པ་དག་ཀྱང་ཁོང་གི་གསུང་བཤད་ཀྱིས་ཡིད་དྲངས་ནས་ཚུལ་དང་མཐུན་པའི་ལམ་དུ་ཞུགས།དཔོན་པོ་དག་ཀྱང་ཁོང་གི་གསུང་བཤད་ཀྱིས་བྱིན་གྱིས་བརླབས།ཁོང་གི་གསུང་བཤད་ཀྱིས་མར་ལེའི་རིང་ལུགས་ཀྱི་ལྭ་བ་གྱོན་ནས་དམ་པའི་ཆོས་ཀྱི་བདུད་རྩི་རུ་གྱུར་ཡོད།

དེ་ནས་ཁོང་གིས་ནང་བསྟན་དང་མར་ལེའི་རིང་ལུགས་གཤིབ་བསྡུར་ཡ་མཚན་པ་ཞིག་བྱས་ཤིང༌།དེ་ནི་དེང་རབས་ཀྱི་བོད་མི་སུས་ཀྱང་ནུས་མེད་པའི་རྣམ་དཔྱོད་ཀྱི་གསང་བ་ཞིག་ཀྱང་ཡིན།ཁོང་གིས་མར་ལེའི་རིང་ལུགས་དང་ནང་བསྟན་ཟུང་དུ་སྦྲེལ་བའི་གཏམ་བཤད་དེ་དག་གིས་འགོ་ཁྲིད་རྣམ་པས་ཁོང་མར་ལེའི་རིང་ལུགས་ཀྱི་སློབ་དཔོན་གསོན་པོ་ཞིག་ཏུ་བཟུང་ཡོད་ནའང་དོན་ངོ་མར་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་པ་གསོན་པོ་ཞིག་ཡིན་པ་སུས་ཤེས།

༡༩༧༩ལོར་ཁོང་བཙོན་ཁང་དུ་བསྡད་ནས་ལོ་ངོ་ཉེར་གཅིག་འགོར་སོང༌།ལོ་ངོ་ཉེར་གཅིག་འདི་མར་ལེའི་རིང་ལུགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པའི་ལོ་ངོ་ཉེར་གཅིག་ཡིན་ལ།ཁོང་གིས་མར་ལེའི་རིང་ལུགས་ལ་བརྟེན་ནས་གདུལ་བྱ་བསྐྱངས་པའི་ལོ་ངོ་ཉེར་གཅིག་ཀྱང་རེད།ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་ཁོང་ལ་བཙོན་གྲོལ་གྱི་ཡི་གེ་འབྱོར་སོང༌།སྤྱིར་ཡི་གེ་དེའི་ནང་དུ་ཉེས་པ་ག་འདྲ་ཡིན་པ་འབྲི་དགོས་མོད་ཁོང་བཙོན་གྲོལ་ཐོབ་པའི་ཡི་གེར་ཡུན་རིང་བོར་བཙོན་ཁང་དུ་བསྡད་ཅེས་པ་མ་གཏོགས་བྲིས་མི་འདུག

ཞོགས་པར་བཙོན་མ“ཨང་ཉེར་བཞི་བ”བཙོན་གྲོལ་ཐོབ་པའི་གཏམ་བཙོན་ར་ཡོངས་སུ་ཁྱབ།སྐབས་འདིར་བོད་ཀྱི་སྤྲུལ་སྐུ་ཞིག་བཙོན་ལས་གཏོང་བ་ཐོས་རྗེས་ཡ་མཚན་ཅན་གྱི་བཙོན་མ“ཨང་ཉེར་བཞི་བ”འདི་ག་འདྲ་ཡིན་སྙམ་ནས་བཙོན་ར་དེའི་ལས་བྱེད་པའི་ཁྱིམ་མི་དག་ཀྱང་བལྟ་རུ་ཡོང༌།

ཁོང་གིས་ལོ་ངོ་ཉི་ཤུ་ལ་མར་ལེའི་རིང་ལུགས་བལ་བསེད་བསེད་བྱས་ནའང་ཁོང་ལ་སྤྱི་ཚོགས་རིང་ལུགས་ཀྱི་དྲི་མ་ཙམ་ཡང་གོས་མེད།ཁོང་གིས་ལོ་ངོ་ཉི་ཤུའི་རིང་གི་བཙོན་ཁང་གི་འཚོ་བ་ནི་མར་ལེའི་རིང་ལུགས་ཁོང་དུ་ཆུད་ནའང་བཙོན་གྲོལ་ཐོབ་རྗེས་སུ་ཞིག་གིས་ཀྱང་ཁོང་བོད་ཀྱི་མར་ལེའི་རིང་ལུགས་ལ་ཆེས་མཁས་པའི་མཁས་པ་དེ་ཡིན་པ་ཤེས་མེད།

སྐབས་འདིར་བཙོན་མ“ཨང་ཉེར་བཞི་བ”བོད་ཀྱི་སྤྲུལ་སྐུ་ཞིག་ཡིན་པ་ཀུན་གྱིས་ཤེས་ཡོད།གཙོས་ནས་ལེན་དུ་ཡོང་བའི་རླངས་འཁོར་ཆུང་བ་དེ་ལན་གྲུ་ནས་གཙོས་ལ་སྙེག་པའི་གཞུང་ལམ་དུ་ཤར་མར་གཏོང་བཞིན་ཡོད།སྐབས་འདིར་གཙོས་ས་ཁུལ་ལ་གཏམ་བཟང་ཞིག་ཁྱབ་པ་ནི་ཉིན་འདིར་གུང་ཐང་བསྟན་པའི་དབང་ཕྱུག་བཙོན་གྲོལ་བཏང་བ་དེ་རེད།

གཙོས་ཕྱོགས་སུ་ལོ་ངོ་ཉི་ཤུར་སེམས་ཁྲལ་བྱས་པའི་མི་རྣམས་ཀྱིས་དགའ་སྐྱོའི་མཆི་མ་འབྱིན་བཞིན་རེ་བ་ཆེན་པོས་སྒུག་འདུ

2014ལོའི་སྤྱི་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་ཤེས་རིག་ནོར་བུའི་གླིང་ནས་བྲིས། ཚེས་བཅུ་བཞིའི་དགུང་མོར་ཞུ་དག་བྱས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།