ནུབ་རྒྱ་མཚོའི་ཕར་ཁ་ཚུར་ཁ།

ཨ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་(སྟོད་ཆ་)བསྒྱུར་པའི་ཟིན་བྲིས།

མི་ལ་ཙི་ཙི། བརྒྱད། ཁ། སྲིད་ཀྱི་བློ་གྲོས།

ཝ་ཤེན་ཊིན་གྱི་རྒྱལ་དོན་བློན་ཆེ་འཁུར་དུས། རིམ་བཞིན་རྩིས་དཔོན་ཆེན་མོ་ཧ་མཱེར་ཊན་དང་མེ་ཆུ་ནང་འཕྲད་ལྟར་འགལ་རུང་། ཕྱིས་སུ་འོས་ཤོག་གཅིག་ཙམ་གྱི་བར་ཁྱད་ཕྱེ་སྟེ། སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བཞུགས་ཁྲི་དེ་ཐ་ཤལ་པའི་ལག་ཏུ་འཆོར་ཉེན་ཆེ་དུས། ཧ་མཱེར་ཊན་གྱིས་སྒེར་པའི་ཞེ་འཁོན་བསྐྱུངས་ཏེ། རང་གི་འོས་ཤོག་དེ་ཆེད་མངགས་རྗེ་ཧྥོ་སན་ལ་འཕངས། དོན་ལ་དེ་ནི་ཨ་རིའི་ལས་དབང་གཡང་ལས་བསྐྱབས་ཏེ་རེ་བ་ཅན་གྱི་ལག་ཏུ་སྟོབ་ཚུལ་རེད། དེ་བས། ཧ་མཱེར་ཊན་ནི་ངེས་པ་དོན་གྱི་རྒྱལ་གཅེས་པ་ཞིག་ཡིན་པའི་ཆ་ནས། ཕྱིས་སུ་སྲིད་འཛིན་ལྟ་བུའི་ཆབ་སྲིད་ཀྱི་ལྗིད་འགན་འཁུར་མཁན་ཞིག་ཏུ་ཡོང་རེ་ཅི་བས་ཆེ་རུང་། ཡིད་ཆེས་དཀའ་བ་ནི། ཡོ་རོབ་ཀྱི་སྐྱེས་པ་ཁྲག་ངར་ཅན་ཚོའི་སྲོལ་རྒྱུན་བཞིན། དགྲ་ཟླ་དང་ཁེར་ཐུག་བྱས་པའི་ཁྲོད་མེ་བུའུ་ཐེབས་ཏེ་སྲོག་ཤོར་ཅིང་། ཨ་ལོར་ཉི་ཤུའི་ངོས་ཀྱི་གཞོན་མདངས་དེ་ནས་དུས་གཏན་དུ་ལུས་སོང་བ་རེད། དེ་ཡང་ཨ་རིའི་ལོ་རྒྱུས་སྨྲ་བ་ཚོས། “རྡོ་དོན་བཤད་ན། ཨ་རིའི་སྲིད་གཞུང་གི་ལམ་ལུགས་ནི། ཆབ་སྲིད་ཀྱི་ལྟ་བ་མདུང་རྩེ་ལྟག་སྤྲོད་ཏུ་སོང་རུང་། ཤེས་རབ་དང་རྣམ་དཔྱོད་ཀྱི་ཆ་ནས་ཕན་ཚུན་ཁས་ལེན་པའི་སྐྱེས་ཕོ་འདི་གཉིས་ཀྱིས་བཙུགས་པ་རེད།” ཅེས་ངེས་དོན་དང་ཆ་མཐུན་པའི་ལོ་རྒྱུས་གདེང་འཇོག་རྣལ་མ་བྱེད།

དེ་བཞིན་འབངས་ཀྱི་མོས་པ་དང་། དེའི་སྟེང་ཧ་མཱེར་ཊན་གྱི་གནད་འགག་གི་འོས་ཤོག་དེ་ཐོབ་པ་བརྒྱུད། 1801ལོར། རྗེ་ཧྥོ་སན་ཨ་རིའི་སྲིད་འཛིན་གསུམ་པར་བསྡད། རྒྱས་སྤྲོས་འདོར་ལུགས། བབ་ཆགས་སྐྱོང་སྟངས། ཐ་ན་རང་གི་ལྭ་བ་དང་བཟོ་ལྟར་ཡང་དང་དོད་ཅ་ག་མི་གནང་བའི་ཆ་ནས། རྗེ་ཧྥོ་སན་ནི་ཕྱིས་སུ་བྱུང་བའི་ལཱིན་ཀེན་དང་ཧ་ཅང་ཆ་འདྲ་བ་ཞིག་ཏུ་མཐོང་། ཡང་ན་འདི་རྣམས་ཀུན་ཀྱང་ཁོའི“རང་བདག་སོ་ནམ་པའི”གཤིས་ཀ་ནས་ཡོང་བ་ཞིག་ཡིན་ཚོད། གང་ལྟར་སྲིད་འཛིན་གྱི་ཁྲི་མནན་པའི་ལོ་ངོ་བརྒྱད་དེའི་རིང་། ཁོའི་ཆེས་ཆེ་བའི་ལག་རྗེས་ལ་ཧ་ལམ་གསུམ་ཡོད་ཚོད། 

(༡) མངའ་སྡེ་ལཱོ་ཝེ་སི་ཨན་ནཱ་ཉོས་པ། 1803ལོར། མང་ཤོས་ཀྱིས་རྒྱས་སྤྲོས་རེད་ཅེས་དགག་པར་མ་བལྟས་པར། རྗེ་ཧྥོ་སན་གྱིས་དབང་ཆོད་སྒོས་ཁྱོན་བསྡོམས་ཨ་སྒོར་ཁྲི་ཆིག་སྟོང་ལྔ་པརྒྱ་སྤྲད་དེ། ནཱ་ཕོ་ལིན་གྱི་ལག་ནས་ཧྥ་རན་སིའི་མི་སེར་སྤེལ་ཡུལ་ལཱོ་ཝེ་སི་ཨན་ནཱ(Louisiana,路易斯安那)ཉོས། ཆ་སྙོམས་དབྱིན་མུའུ་གཅིག་ལ་ཨ་ལོར་སྐར་མ་བཞི་ཙམ་ཡིན་པར་བཤད། དེ་ལྟ་ན། ཧྥོར་ཀེ་ནེ་ཡཱའི་མི་ཕོ་སྙིང་གདོས་ཅན་འདིས། དབང་ཆེན་གསེར་གྱི་ས་གཞི་ཞིག་ཚོད་མ་མགོ་ལོག་གི་རིན་གོང་གིས་ཉོས་པ་བརྒྱུད། ཨ་རིའི་མངའ་ཁོངས་ལྡབ་གཅིག་གིས་རྒྱ་བསྐྱེད་པ་རེད། སོ་སོའི་མོས་པ་ལྟར། ཁོས་གནས་དེ་ལ“རང་དབང་གི་རྒྱལ་ཁམས”ཞེས་ཀྱང་འབོད།

དེ་མིན། ལོ་རྒྱུས་སྟེང་ཨ་རིས་ཡུལ་ལུང་ཉོས་པའི་གནས་ཚུལ་གཞན་ཡང་འདུག །1856ལོར། ཨ་རིའི་རྒྱལ་དོན་བློན་ཆེ་ཝེ་ལིན・སེ་ཝོ་ཏི(威廉・西沃德)ཟེར་བ་དེས། སོ་སོའི་མ་འོངས་མངོན་མཁྱེན་འདྲ་བའི་མིག་རྒྱང་ལ་བརྟེན་ཏེ། རྒྱལ་ནང་གི་ངོ་རྒོལ་དང་འཕྱ་སྨོད་གང་དྲག་རྣ་རྒྱབ་རླུང་དུ་བཏང་སྟེ། ཨུ་རུ་སིའི་ལག་ནས་སྤྱི་ལེ་གྲུ་བཞི་ཁ་གང་མ150ཡོད་པའི་ཨཱ་ལ་སི་ཀ(阿拉斯加)མངའ་སྡེར་ཨ་སྒོར་ཁྲི750སྤྲད་དེ་ཉོས། དེ་ཡང་ཆ་སྙོམས་ལྟར་ན་སྤྱི་ལེ་གྲུ་བཞི་ཁ་གང་མ་རེར་ཨ་སྒོར4ཙམ་ལས་གྲོན་མེད་པར་བཤད། དེ་མིན། ད་ལོར(2019)། ཁེ་པ་ཡིན་པའི་སྲིད་འཛིན་ཁྲོན་ཕུས་ཏེན་མག་གི་ཀི་རེན་གླིང་ཕྲན་ཉོ་བའི་ཁོག་རྩིས་སྣ་རྒུ་སྐོར། སྤྱི་ན་རྒྱལ་ཁབ་བཙུགས་ཚུན་དངུལ་སྤྲད་དེ་མངའ་ཁོངས་ཉོ་ལུགས་འདི་ཡང་། “མི་སེར་སྤེལ་ཚུལ”གཞན་ཞིག་རེད་མོད་ཀྱང་། དམག་རྒྱག་གིས་ཕོངས་པའི་ཧྥ་རན་སིའི་གོང་མ་ནཱ་ཕོ་ལིན་དང་། དབྱིན་ཇི་ལ་ཞེད་པའི་ཨུ་རུ་སིའི་གོང་མ་ཨེ་ལག་སན་རྡར་གཉིས་ཀྱིས་ནི། འཕྲལ་གྱི་དཀའ་གནད་མ་གཏོགས་ཕུགས་ཀྱི་ཁེ་བཟང་མ་མཐོང་བ་ཡིན་ཡང་སྲིད་ཀྱི། གང་ལྟར་རྩ་བ་བཤད་ན། རྒྱལ་ཁབ་སོ་སོའི་གཙོ་འཛིན་གྱི་ཆབ་སྲིད་མཁྱེན་མཛངས་ཀྱི་ཧང་ཟོམ་ལས་བྱུང་བ་ཞིག་ཀྱང་རེད་པས་ཁག་འདེད་སུ་ལ་བྱེད།

(༢) ནུབ་ཁུལ་ས་དཔྱད། སྤྱིའི་ཆ་ནས། རྗེ་ཧྥོ་སན་གྱི་འདུན་མའི་ལམ་བུ་ནི་རླུང་རྟ་དཀར་པོས་ཡར་ཡར་བཏེགས་ཏེ་འགྲོ་བ་ཞིག་ཏུ་མཐོང་། དེ་ནི་ཁོས་སོ་སོའི“མི་ཚེའི་སྲོག་ཤིང་ཆ་གཅིག”ཏུ་འབོད་པའི་མི་ཕོ་གཉིས་དང་འབྲེལ་བ་ཧ་ཅང་ཆེ། དེ་གཉིས་ལས་གཅིག་ནི། ཨ་རིའི་དབྱིན་རྒོལ་དམག་འཁྲུག་ནས་བཟུང་། མི་ཚེ་གང་བོར་ཁ་ཞེ་གཉིས་མེད་ངང་ཁོའི་རྗེས་སུ་འབྲང་མཁན་རྗེམ་སི・མཱེ་ཏི་སན(སྲིད་འཛིན་བཞི་པ)རེད། གཞན་དེ་ནི་རྗེམ་སི・མཱེན་ལོ(སྲིད་འཛིན་ལྔ་པ)རེད། རྗེ་ཧྥོ་སན་གྱིས་ཕོ་ལོ33སྟེང《རང་བཙན་བསྒྲགས་གཏམ》རྩོམ་དུས་ཁོང་ཚོས་ཕན་ཚུན་ངོ་ཤེས་པར་གྱུར། དེ་དུས། མཱེ་ཏི་སན་ནི་ཕོ་ལོ25ཅན་གྱི་རང་དབང་སྨྲ་བའི་ཁྲིམས་རྩོད་པ་གྲགས་ཅན་ཞིག་རེད། མཱེན་ལོ་ནི་སྦྱང་འབྲས་རྩེར་སོན་ནས་མཐར་ཕྱིན་པའི་ཕོ་ལོ18ཅན་གྱི་སློབ་ཆེན་སློབ་མ་ཞིག་རེད། ཁོ་གཉིས་ཀ་རང་བཙན་དམག་འཁྲུག་ཏུ་ཞུགས་ཏེ་ཝ་ཤེན་ཊིན་གྱི་དམག་དཔོན་སྐུ་གཞོན་དུ་བསྡད་མྱོང་། ཕྱིས་སུ་མཱེན་ལོས་ཨ་རིའི་རྩ་ཁྲིམས་ཀྱི་ཕ་ཡབ་མཱེ་ཏི་སན་སློབ་དཔོན་དུ་བསྟེན་ཏེ་ཁྲིམས་སྦྱངས་ཤིང་། བློ་ཁ་མཐུན་པའི་སྟེང་ནས་ཕན་ཚུན་བློས་ཐུབ་ཀྱི་གྲོགས་པོ་ཡང་ཆགས་ཏེ། ལྷན་ཅིག་ཨ་རིའི་དམངས་གཙོ་བསམ་བློའི་ཡབ་ཆེན་དེའི་ལག་པ་གཡས་གཡོན་དུ་གྱུར་སོང་བ་རེད། འདི་རུ་གླེང་འདོད་པ་ནི། དེའི་ཕྱིས། རྗེ་ཧྥོ་སན་ལ་ས་ཆེན་འདོམ་དུ་འཇལ་མཁན་རྐང་པ་སྟོབས་ཆེན་གཉིས་ཀྱང་བྱུང་། དེ་གཉིས་ནི་སོ་སོར་རྗེ་ཧྥོ་སན་སྲིད་འཛིན་དུ་སྡོད་རིང་གི་སྐུ་སྒེར་དྲུང་ཆེ་ལི་ཝེ་སི(刘易斯)དང་ས་རིས་མཁས་པ་ཀེ་ལ་ཁི(克拉克)རེད། ཨ་རི་བ་ཞིག་ཡིན་ཕྱིན་སྐྱེས་ཕོ་འདི་གཉིས་ཀྱི་གཏམ་རྒྱུད་ཤེས་ཀྱི་ཡོད་སྐད། དེ་ནི་ཁོ་གཉིས་སྲིད་འཛིན་རྗེ་ཧྥོན་སན་གྱི་མངགས་ཆ་ལྟར། ཨ་རིའི་མི་རབས་སྔོན་མ་དག་ལ་མཚོན་ན། བར་སྣང་ཟླ་བའི་གོ་ལ་ལྟར་ལྐོག་གྱུར་ཡིན་པའི་ནུབ་ཁུལ་གྱི་ས་གཞི་རྒྱ་ཆེན་དེར་དཔྱད་ཞིབ་བྱེད་དུ་ཆས་པས་མི་ཚད། ཨ་རིའི་མ་འོངས་་ཕན་པའི་འབྲས་བུ་ལག་ཏུ་ལོན་སོང་བས་རེད།

1804ལོར། རྗེ་ཧྥོ་སན་གྱི་མངག་གཞུག་འདི་གཉིས་ཀྱིས་རྒྱང་སྐྱོད་འཚོལ་དཔྱོད་རུ་ཁག་ཁྲིད་དེ་ཤར་ཕྱོགས་ནས་ལམ་དུ་ཆས་ཤིང་། 1806ལོར། ནུབ་ཁུལ་གྱི་བས་མཐའ་སྟེ། ཨ་རི་བའི་ལྷམ་མཐིལ་དཔར་མྱོང་མེད་སའི་ཞི་བདེ་རྒྱ་མཚོའི་བྱེ་མའི་ངོགས་སུ་ཐེབས། དབྱིན་ལེ8000ལྷག་ཡོད་པའི་འགྲོ་འོང་གི་ལམ་བར་ནས། ཁོ་ཚོས་དབྱིན་ཏེ་ཨན་པའི་སྤྱི་ཚོགས། ས་གཤིས། ཆུ་ཁམས། སྐྱེ་དངོས། ནམ་ཟླ། སྲོག་ཆགས་སོགས་སྣོད་བཅུད་ཀྱི་གནས་སྟངས་གྲངས་སུ་རྫོགས་པར་ཟིན་འགོད་དང་ཐིག་འདེབས། དཔེ་བཤུ་སོགས་བྱས། ཐ་ན་རིང་ཁྱད་དུ་གོམ་པ13ཡོད་པའི་གནའ་འབྲུག་གི་རུས་རྡོ་ཆ་ཚང་གཅིག་བརྐོས་ཏེ་ཁྱེར་ཡོང་། མདོར་ན། རེབ་དེའི་འཚོལ་དཔྱོད་ནི། ཕྱིས་ཀྱི་ཨ་རིའི་ནུབ་ཁུལ་གསར་སྤེལ་གྱི་རྨང་གཞི་དང་ལམ་སྟོན་དུ་གྱུར་པའི་ཆ་ནས། རྗེ་ཧྥོ་སན་གྱིས་ཡང་བསྐྱར་ཨ་རི་མི་དམངས་ལ་གནམ་གྱི་ཁ་ཞེང་འདྲ་བའི་མཚེར་ས་གསར་པ་ཞིག་སྔ་ཙམ་དུ་ངོ་སྤྲོད་བྱས་པ་རེད།

(༣) 《བྲན་གཡོག་ཉོ་ཚོང་མཚམས་འཇོག་གི་ཁྲིམས་ཡིག》 གོང་ནས་གླེང་སོང་བ་ལྟར། བསམ་བློ་བ་ཡིན་པའི་ཨ་རིའི་གཙོ་འཛིན་རྗེ་ཧྥོ་སན་གྱིས་ཀྱང་བྲན་གཡོག་ཉར་ཡོད་པ་རེད། ཡང་ཐོག་མར་ཤེས་དགོས་པ་གཅིག་ལ། དེ་དུས་བྱང་ཨ་རི་བྲན་གཡོག་སྤྱི་ཚོགས་ཀྱི་འཕེལ་རིམ་ན་ཡོད་པ་དེ་རེད། སོ་སོའི་ངོས་ནས་བཤད་ན། རྗེ་ཧྥོ་སན་གྱིས་མཐའ་གཅིག་ཏུ་བྲན་གཡོག་ལམ་ལུགས་ལ་རྒོལ། “མི་གཤིས་ཀྱི་སྟེང་ཕབ་པའི་ཡ་ང་བའི་དམག་འཁྲུག” “སྲིད་པ་ལས་ཀྱི་བཀོད་ཐང་ལྟར། སྐྱེ་བོ་འདི་རྣམས་ལ་ཅིས་ཀྱང་རང་དབང་འཐོབ་གི་རེད།” བྲན་གཡོག་ལམ་ལུགས་ཀྱི་ཐད། རྗེ་ཧྥོ་སན་གྱིས་འདི་ལྟའི་དྲན་ཚུལ་གང་མང་བཏོན་མྱོང་། 1776ལོར། ཁོས《རང་བཙན་བསྒྲགས་གཏམ》ནང་ཁ་ཚ་དགོས་གཏུག་ཏུ་བྲན་གཡོག་ལམ་ལུགས་མེད་པར་བཟོ་དགོས་པ་བྲིས་བཞག །འོན་ཀྱང་། དེ་ལྟ་ན་དཔལ་འབྱོར་སྒྲིག་གཞིའི་དབང་གིས་བྲན་གཡོག་མོད་པོ་ཉར་མཁན་ལྷོ་ཕྱོགས་མངའ་སྡེ་མི་འཐད་པས། མཐར་ཐུག“རང་བཙན་བསྒྲགས་གཏམ”ལ་གྲོས་མི་འགྲིག་ལ། ཧྥི་རན་ཁི་ལིན་གྱིས་འབད་པས་བསྒྲུབས་པའི་མངའ་སྡེ13པོའི་མཉམ་འབྲེལ་ཡང་འཐོར་འགྲོ་བ་དེ་རེད། དེ་ལྟ་ན་བྱང་ཨ་རི་ཧྲིལ་པོས་སྔར་བཞིན་དབྱིན་ཇིའི་མགོ་ལྕག་ཁུར་ཏེ་སྡོད་རྒྱུ་ལས་འོས་མེད། དེ་བས། འཕྲལ་ཕུགས་ཀྱི་ཁེ་ཕན་སྲང་ལ་ཚད་ཅིང་ཚད་པའི་འཕྲོར། བསྒྲགས་གཏམ་ཁྲོད་ཀྱི་མེ་སྟག་འཕྲོ་བའི་ཡི་གེ་དེ་དག་བླངས་པ་རེད་ལ། བསྒྲགས་གཏམ་ཡང་བདེ་བླག་ངང་གྲོས་ཐོག་གཅིག་ཏུ་བབས། བསྒྲགས་གཏམ་ལས“མི་རེ་རེ་བཞིན་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན”ཟེར་བའི་ནང་གི“མི་རེ་རེ”ཡི་ནང་དུ་། རྗེ་ཧྥོ་སན་གྱི་ཤེས་བྱའི་མཁྱེན་རྒྱ་དང་བསམ་བློའི་མཐོ་ཚད་ལྟར་དཔྱད་ན། ཧ་ལམ་མི་དཀར། མི་ནག །བུད་མེད། དེ་བཞིན་དབྱིན་ཏེ་ཨན་པ་བཅས། སྐམ་ས་ཆེན་མོར་འཚོ་བའི་ཨ་མེ་རི་ཀའི་སྐྱེ་བོ་ཡོད་རྒུ་ཅོག་འདུ་བར་ཐེ་ཚོམ་འཛིན་མི་དགོས་པའི་ཚོད་རེད། འོན་ཀྱང་། བྲན་གཡོག་ཉར་མཁན་ལ་ལས། བྲན་གཡོག་ནི་མི་མིན་པར་བྲན་བདག་གི་རྒྱུ་ནོམ་ཡིན་ཞེས་གཅུ་རུ་ཚ་པོའི་ཐོ་ཅོ་ཡང་བར་མེད་སྨྲ། དེ་ལྟ་མོད་ཀྱི། ཕྱིས་སུ“ལུང་གིས་ཟིན་པའི”སྐྱེས་བུ་ལཱིན་ཀེན་བྱོན་པས། ད་གཟོད་རྗེ་ཧྥོ་སན་གྱི་དུས་ལ་མ་བབས་པའི“གསང་གཏེར”དེ་གཞི་ནས་བཏོན་པ་རེད་ལ། རིམ་བཞིན“མི་རེ་རེ”ཞེས་པ་རྩ་བའི་ཆ་ནས་ཁ་ཚང་དོན་འགྲིག་གི་ངོ་བོར་གྲུབ་སོང་བ་རེད། ཕྲན་གྱིས་འདི་སྙམ་དུ་ཡང་སེམས་ཏེ། ཨ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་ནི། དེའི་རང་བཙན་དམག་འཁྲུག་དང་ལྷོ་བྱང་དམག་འཁྲུག་གཉིས་ཀྱིས་གྲུབ་པ་རེད་ལ། དེ་གཉིས་ཉིང་དུ་བསྡུས་ན་ཏག་ཏག་རྗེ་ཧྥོ་སན་གྱི《རང་བཙན་བསྒྲགས་གཏམ》དང་། དེ་བཞིན་ལཱིན་ཀེན་གྱི《བྲན་ནག་བཅིངས་འགྲོལ་བསྒྲགས་གཏམ》གཉིས་རེད།

དེ་ལྟར། 《རང་བཙན་བསྒྲགས་གཏམ》ལ་གྲོས་འགྲིག་ཡོང་ཕྱིར། བྲན་གཡོག་ལམ་ལུགས་མེད་པར་བཟོ་བའི་རེ་བ་བཏང་སྟེ་ལོ་ངོ11ཕྱིན་པའི1787ལོར། གཅིག་མཚུངས་གསར་དུ་གཏན་ལ་ཕབ་པའི《རྩ་ཁྲིམས》ལ་གྲོས་འགྲིག་ཡོང་ཕྱིར་ཡང་བསྐྱར་རེ་བ་དེ་བློས་བཏང་། འོན་ཀྱང་། ཧྥ་སྡོད་བཀའ་བློན་གྱི་ལས་ཀས་རྗེ་ཧྥོ་སན་ཡོ་རོབ་ཏུ་ཡོད་རུང་། ཨ་ཊམ་སི་དང་ཧྥི་རན་ཁི་ལིན། མཱེ་ཏི་སན་སོགས་ཀྱི་ཧུར་བརྩོན་འོག །1878ལོ་ནས1808ལོའི་ལོ་ངོ་ཉི་ཤུའི་རིང་བྲན་གཡོག་ཉོ་ཚོང་གནས་ཆོག་པའི་གནང་བ་གཏའ་མར་བཞག་སྟེ། ད་གཟོད་ནད་བུ་ཁོག་ནས་ཞིག་པ་ལྟར་ཚར་ལ་ཉེ་བའི《རྩ་ཁྲིམས》སླར་བསྐྱབས་པ་རེད། འོས་མིན་གྱི་མཐུན་ལམ་དེ་བརྒྱུད་ནས། གཅིག་མཚུངས་རྒྱལ་ཁབ་གསར་པའི་སྲོག་ཤིང་དུ་སོང་བའི《རྩ་ཁྲིམས》ཀྱང་དེ་ལྟར་ལྷོ་བྱང་གཉིས་ཀའི་གྲོས་ཐོག་གཅིག་ཏུ་བབས། འདི་ཡང་འཕྲལ་ཕུགས་གཉིས་ཀའི་ཁེ་ཕན་གྱི་ལྕི་ཡང་སྲང་ལ་བཅལ་ཏེ་གྲོས་ཐག་བཅད་ཞིག་རེད། འོན་ཀྱང་འདི་ན་གནད་ཅིག་ཡོད། བྲན་གཡོག་ལམ་ལུགས་ལ་རྒོལ་མཁན་ཚོའི་སེམས་ལ། 《རྩ་ཁྲིམས》ཀྱིས་བྲན་གཡོག་ལམ་ལུགས་མེད་པར་བཟོ་དགོས་པའི་ས་བོན་བཞག་ཟིན་པས། ཉི་མ་ནམ་ཞིག་ལ། ལམ་ལུགས་དེ་ངང་གིས་ཡལ་འགྲོ་སྙམ་གྱིན་ཡོད། འོན་ཀྱང་། ཁོ་ཚོས་ཁོག་རྩིས་བརྒྱབ་པ་རྦད་དེ་ནོར་སོང་། མི་ལོ20འགོར་ལ་ཉེ་རུང་། བྲན་གཡོག་གི་ཉོ་ཚོང་སྔར་ལས་བྲིན་ཞིང་དམར་ཏེ་ཡོད་པས། རྗེ་ཧྥོ་སན་གྱིས་ལོ3གྱི་སྔོན་ཏེ། 1805ལོར། སྲིད་འགན་འཁུར་ཐེངས་གཉིས་པའི་ནང་། 《རྩ་ཁྲིམས》ཀྱི་སྲུང་སྐྱོབ་འོག །《བྲན་གཡོག་ཉོ་ཚོང་མཚམས་འཇོག་གི་ཁྲིམས་ཡིག》བཀྲམ་སྟེ། ཨ་རིའི་ལོ་རྒྱུས་སྟེང་བྲན་གཡོག་བཅིངས་འགྲོལ་ལ་ལམ་ཆེན་བསྟན། འོན་ཀྱང་། ཨ་རིའི་རྩ་ཁྲིམས་ཀྱི་ངོས་ནས་སྐྱེ་བོ་སྒེར་གྱི་རྒྱུ་ནོར་ལ་ཁྲིམས་ཀྱིས་སྲུང་ཞིང་། བྲན་གཡོག་ནི་བྲན་བདག་གི་རྒྱུ་ནོར་ཡིན་ཞེས་པའི་ཆ་ནས་རྩ་ཁྲིམས་ཀྱིས་བསྲུང་དགོས་ཡོད་པ་འདྲ་ཞིག་ཆགས་ཡོད། དེ་བས་སྤྱི་ཚོགས་སྨྲ་བརྗོད་ཕྱོགས་ཡོངས་ནས་འགལ་བར་ཆད་དེ། མཐར་ཐུག་བྲན་གཡོག་བཅིངས་འགྲོལ་རྩོད་གཞིར་གྱུར་པའི་ཨ་རིའི་ནང་འཁྲུག་གམ་ལྷོ་བྱང་དམག་འཁྲུག་ལངས་པ་རེད།

མདོར་ན། ཐཱོམ་སི・རྗེ་ཧྥོ་སན་ནི་སྐྱེ་བོ་ལས་འགྲུབ་ཅིག་རེད། ཡང་ཁོ་ལྟ་བུའི་བུ་ཕོ་ཞིག་ཐོབ་པའི་སྐལ་བ་ལྡན་སོང་བ་ར་བལྟས་ན། ཨ་མེ་རི་ཀ་ཡང་ལས་འགྲུབ་ཅིག་རེད། ཐ་ན། 1826ལོའི་ཟླ7པའི་ཚེས4སྟེ། ཨ་རིའི་སྲིད་གཞུང་གི་རྒྱལ་སྟོན་དུས་ཆེན་ཉིན་མོར། རླབས་ཆེ་བའི《རང་བཙན་བསྒྲགས་གཏམ》སྤེལ་ཏེ་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ་སྤེལ་དུས། བླ་མེད་སྲིད་པའི་བདག་པོ་གང་ཞིག་གི་ཞལ་བཀོད་ལྟར། བགྲེས་ལོ93ཅན་གྱི“རང་བདག་སོ་ནམ་པ”དེ་གཞི་ནས་དལ་ཅག་གེར་ཕེབས་སོང་བ་རེད་དོ། ། 

༢ པེན་རྗི་མིནཧྥུ་རན་ཁི་ལིན།

“ཁ་མི་གྲགས་པའི་བུ་མོ།”

རྒྱལ་སྤྱིའི་དངུལ་རྩ་མ་ལག་སྒྲིག་ཁོངས་ཀྱི་སྲོག་ཤིང་ནི་ཨ་སྒོར་རེད་ལ། ཨ་སྒོར་གྱི་ངོ་གྲངས་མཐོ་ཤོས་ཏེ་བརྒྱ་ལོར་ཅན་རེད། ཨ་སྒོར་བརྒྱ་ལོར་མའི་མདུན་ངོས་སུ་འཁོད་ཡོད་པ། ཏག་ཏག་པེན་རྗི་མིན・ཧྥུ་རན་ཁི་ལིན་རེད། ཅི་མི་སྙམ་པའི་བཟོ་དང་འདྲ་བའི་སྣང་ཚུལ་འདིས་དོན་ལ་ཕྱོགས་ཆ་གཉིས་སྟོན་ཟེར། གཅིག་ནས་ཨ་མེ་རི་ཀས་སོ་སོའི་ཚན་རིག་པ་གཙུག་ཏུ་བཀུར་ལུགས་སྟོན་ཟེར། གཉིས་ནས་ཨ་མེ་རི་ཀས་ཧྥུ་རན་ཁི་ལིན་གྱི“མ་རྩ་རིང་ལུགས་སྙིང་སྟོབས”ལ་ཡིད་རྟོན་པ་མཚོན་ཟེར། དེར་མ་ཟད། ཨ་རིའི་ལོ་རྒྱུས་སྨྲ་མཁན་འགའ་རེས་ཧྥུ་རན་ཁི་ལིན་ལ—ཨ་རིའི“མི་མངོན་པའི་རྒྱལ་ཡབ”ཅེས་ཀྱང་འབོད་སྐད།

དེ་ལྟར། ནུབ་གླིང་ཚན་རིག་དང་མ་རྩ་རིང་ལུགས་སྙིང་སྟོབས་གཉིས་ཀ །ཏག་ཏག་ཧྥུ་རན་ཁི་ལིན་གྱི་ལུས་སྟེང་ན་ངོ་བོ་གཅིག་ཏུ་གྲུབ་སྟེ་འདུག །འདི་ལ་འཕྲོད་པའི་སྐད་ཆ་ཞིག་མཱ་ཀེ་སི・ཝེ་པིར་ལ་འདུག །“ཚན་རིག་གིས་ནུབ་ཕྱོགས་མ་རྩ་རིང་ལུགས་ལ་ཁེ་ཕན་རྒྱ་ཆེར་བསྐྲུན། ནང་སྒོས། གྲངས་རིག་དང་ཚན་རིག་ཚོད་ལྟའི་རྨང་གཞིའི་སྟེང་བྱུང་བའི་ཞིབ་ཏིག་དང་དཔྱོད་ཤེས་ཀྱི་རང་བྱུང་ཚན་རིག་ལ་མཚོན་ན་དེ་འདྲ་རེད། ལྡོག་སྟེ་བཤད་ན། ཚན་རིག་གི་དར་རྒྱས་དང་། ཚན་རིག་དར་རྒྱས་ཀྱི་རྨང་གཞིར་སོང་བའི་སྔོན་ཐོན་ལག་རྩལ་ཅི་རིགས་དཔལ་འབྱོར་ལག་ལེན་ཁྲོད་བཀོལ་ཅིང་། དཔལ་འབྱོར་ལ་འབྲས་བུ་སྨིན་རྗེས་ཕྱིར་ཚན་རིག་ལ་དྲིན་གཟོའི་འོ་མ་སྣུན་ལ། དེས་ནི་ཡང་བསྐྱར་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་།” ཟུར་ངོས་འདི་ནས་བལྟས་ན། མ་རྩ་རིང་ལུགས་སྙིང་སྟོབས་མ་ཟད། པེན་རྗི་མཱེན・ཧྥུ་རན་ཁི་ལིན་ཁོང་སྤྱིར་ཨ་མེ་རི་ཀའི་གཅིག་སྡུད་སྙིང་སྟོབས་སུ་གྱུར་མེད་ལས་ཆེ།

དེ་བཞིན། འདྲ་འདྲར་རྒྱལ་ཁབ་ཀྱི་སྲོལ་འབྱེད་ཤིང་རྟ་ཡིན་ན་ཡང་། ཝ་ཤེན་ཊིན་གྱིས་དཔའ་བོའི་མེ་མདའ་ཁུར་ཏེ་རང་བཙན་དམག་འཁྲུག་བརྒྱབ་ཅིང་། རྗེ་ཧྥོན་སན་གྱིས་ཡོན་ཏན་པའི་སྨྱུ་གུ་ཐོགས་ཏེ“རང་བཙན་བསྒྲགས་གཏམ”བརྩམས་རྗེས། གཟོད་ཡོ་རོབ་དང་འཛམ་གླིང་གིས་ཁོང་རྣམ་པ་གཉིས་ངོ་ཤེས་པ་རེད། འུ་ཚོའི་ལེགས་བཤད་དུ། “རྒྱལ་པོ་རང་གི་ཡུལ་ན་བཀུར། །ཡོན་ཏན་ལྡན་པ་ཀུན་ཏུ་འཁུར། །”ཟེར་བ་ལྟར། ཧྥུ་རན་ཁི་ལིན་ནི་ཨ་རིའི་རང་བཙན་ལས་འགུལ་གྱི་ཡར་སྔོན་ནས་བཟུང་། ནུབ་ཕྱོགས་རྒྱལ་ཁམས་ལ་གྲགས་གཡེར་ཆེ་བ་ཞིག་ཏུ་གདའ། དེ་ནི་་དེང་རབས་དཔལ་ཡོན་གྱི་ཆུ་འགོ་ལྟ་བུའི་ཡོ་རོབ་ཀྱིས་ཁོང་མེ་གླིང་བྱང་མའི་ཚན་རིག་པ་ཐོག་མ་དང་། དེ་བཞིན་བློ་འབྱེད་བསམ་བློ་སྨྲ་བའི་མཚན་ཉིད་རིག་པ་བ་ཐོག་མར་ཁས་ལེན་པས་རེད།

དེ་ཡང་། ཨ་རིའི་མཚན་ཉིད་རིག་པའི་ཚོགས་པ་གསར་འཛུགས་མཁན་དང་གཙོ་སྐྱོང་དབུ་མཛད། དབྱིན་ཇིའི་གོང་མ་ཚང་གིས་གཉེར་སྒྲུབ་གནང་བའི་རིགས་གཞུང་ཞིབ་འཇུག་གླིང་གི་ཁོངས་མི། ཧྥ་རན་སི་གཙུག་ལག་སློབ་ཆེན་གྱི་མཚན་བཏགས་འབུམ་རམས་པ་ཆེན་མོ། ཨུ་རུ་སི་ཚན་རིག་ཞིབ་འཇུག་ཁང་གིས་སློབ་དཔོན་དུ་ཞུས་པའི་ཨ་རིའི་མཁས་དབང་ཐོག་མ། མཚན་བཏགས་འདི་རྣམས་ཀུན་ནི་ཧྥུ་རན་ཁི་ལིན་གྱིས་ཚན་རིག་དང་མཚན་ཉིད་རིག་པར་བཞག་པའི་ལག་རྗེས་ཇི་སྙེད་ལ། ནུབ་ཕྱོགས་རྒྱལ་ཁམས་ཀྱིས་གདེང་འཇོག་དང་ཁས་ལེན་འབུལ་སྟངས་ཡིན་པ་ཅི་ལ་བསྙོན། དེ་བས་ཀྱང་། གཡུར་དུ་ཟ་བའི་སྨིན་འབྲས་འདི་དག་གི་རྩ་བའི་རྒྱུ་དང་རྐྱེན་ཏེ། ཁོང་གི་མི་ཚེ་རིང་མོའི་སློབ་སྦྱོང་དང་ཞིབ་འཇུག་གི་དཀའ་སྤྱད་སྡུག་རུས་ལ་དོ་སྣང་ཅུང་ཙམ་བྱས་པ་ཡིན་ན། ཐོས་པ་འཚོལ་རྒྱུར་མོས་མཁན་དག་གི་རིག་པའི་རྟ་ཕོར་སྐུལ་ལྕག་ཅི་དགའ་ཐེབས་ཡོང་བར་གདོན་ཡང་ཅི་ཟ།

ཧྥུ་རན་ཁི་ལིན་རང་གིས་བརྩམས་པའི《ཧྥུ་རན་ཁི་ལིན་གྱི་མི་ཚེའི་ལོ་རྒྱུས》ནང་བཀོད་པ་ལྟར། ཧྥུ་རན་ཁི་ལིན་ནི་སོ་སོའི་ཁྱིམ་རྒྱུད་ལོ་རྒྱུས་དང་། དེ་མཚུངས་རིགས་རུས་ཆོ་འབྲང་གི་ཁུངས་འདེད་ལ་སྤྲོ་མོས་མི་དམན་པ་ཡོད་མཁན་ཞིག་རེད། “ཟླ་ལྔ་པའི་མེ་ཏོག་རྟགས་ཅན”གྱི་དད་ལྡན་ཚོའམ། རྗེ་ཧྥོ་སན་གྱི་མེས་པོ་ལྟ་བུའི“རང་བདག་སོ་ནམ་པ”རྣམས་དང་འདྲ་བར། དུས་རབས16པ་ནས་བཟུང་། ཡེ་ཤུ་གནམ་བདག་གྲུབ་མཐས་ཡེ་ཤུ་གསར་མ་ལ་གནོད་འཚེ་ཚོད་མེད་བཏང་བས། ཧྥུ་རན་ཁི་ལིན་གྱི་ཕ་རྒན་ཡང་སོ་སོའི་དད་མོས་རང་དབང་གཏན་སྲུང་གི་ཕྱིར། མེས་རྒྱལ་དབྱིན་ཇིའི་འཚོ་ཚིས་སྣུམ་པོ་རྒྱབ་ལ་བོར་ཏེ་བྱང་ཨ་རིའི་སྐམ་ས་ཆེན་པོར་འབྱོར་མཁན་ཞིག་རེད། འོན་ཀྱང་དེ་གར་རིམ་བཞིན་ཁྱིམ་ཚང་གི་འཁོས་ཀ་རྒུད་པར་གྱུར། དེའི་ཁར་ཧྥུ་རན་ཁི་ལིན་ལ་མིང་སྲིང་བཅུ་ཡོད་པས། ཕྱིས་ཀྱི་ཨེ་པིར་ཧམ・ལིན་ཀེན་ཇི་བཞིན། ཁོ་ཡང་ལོ་གཉིས་ཙམ་གྱི་འཕྲོ་ནས་སློབ་གྲྭ་ལས་ཕྱིར་བུད་དེ། ཁོའི་ཕུ་བོ་རྗེམ་སི・ཧྥུ་རན་ཁི་ལིན་གྱི་ཚགས་པར་དཔར་ཁང་གི་གླ་གཡོག་ཏུ་རྒྱུག་འགོ་བརྩམས། འོན་ཀྱང་སྐོམ་པ་ཆུ་འདོད་བཞིན། དེའི་རིང་ཡང་ཁོས་དཔེ་ཀློག་མཚམས་བཞག་མི་འདུག །ཁོས་ཐ་ན་ལྟོ་རིན་གྱིས་ཀྱང་དེབ་ཉོས་ཏེ་ཀློག་པར་བྱེད། སོ་སོའི་མི་ཚེའི་ལོ་རྒྱུས་ནང་ཁོས། “ངས་ངོ་མ་རང་གིས་དུས་ནམ་ཞིག་ལ་དཔེ་ཆ་ཀློག་གིན་མེད་པ་དྲན་མི་ཐུབ”ཅེས་བྲིས་འདུག །དེ་ལྟར1721ལོར། སྲིད་གཞུང་གི་ཆོག་འཐུས་མེད་པའི་འོག །ཕུ་བོ་རྗེམ་སིས་པཱོ་སི་ཊོན་གྲོང་ཁྱེར་ནས། ཨ་རིའི་ལོ་རྒྱུས་སྟེང་གི་ཁེར་ཚུགས་ཅན་གྱི་དམངས་སྒྲུབ་ཚགས་པར་ཐོག་མ— 《དབྱིན་ཀི་ལིང་གསར་པའི་ཉིན་རེའི་ཚགས་པར》གསར་འདོན་བྱས། ཚགས་པར་འདིའི་རྩ་དོན་ནི་སྤྱི་ཚོགས་དགག་སྒྲུབ་ཡིན་པས། བརྟེན་ཅིང་འབྲེལ་ཏེ། ཧྥུ་རན་ཁི་ལིན་གྱིས་རང་དབང་བསམ་བློ་ཅན་གྱི་རྩོམ་པ་པོ་སྐོར་ཅིག་ངོ་ཤེས། མ་ཟད། དྭངས་གཙང་གི་བྱིས་བློའི་བག་ལ་ཡང་རང་དབང་ཞེས་པའི་ས་བོན་ཡག་པོ་དེ་ཐེབས། ཕྱི་ལོ་ནས་བཟུང་། ལོ་ན16ཅན་གྱི་གཞོན་ནུ་ཧྥུ་རན་ཁི་ལིན་གྱིས“ཁ་མི་གྲགས་པའི་བུ་མོ”ཞེས་པའི་སྙུག་མིང་ཐོག །ཕུ་བོར་ཡང་གསང་རྒྱ་བྱས་ཏེ《དབྱིན་ཀི་ལིང་གསར་པའི་ཉིན་རེའི་ཚགས་པར》སྟེང་། ཆོས་ཚོགས་དང་སྲིད་གཞུང་གི་སྒེར་གཅོད་ལ་མཚང་འབྱིན་བྱེད་པའི་དགག་རྩོམ14འཕྲོ་རིམ་འཕྲོར་སྤེལ།

“ང་ནི་སྲོལ་རྒྱུན་ངན་པའི་དགྲ་བོ་དང་ཡ་རབས་སྤྱོད་པའི་གྲོགས་པོ་ཡིན།” “ང་ནི་སྒེར་གཅོད་སྲིད་གཞུང་དང་ཆོས་ལུགས་དབང་འཛིན་མཁན་གྱི་གཤེད་མ་ཡིན།” “རང་ཉིད་བགྲོད་དགོས་སའི་ལམ་བུར་སྙེག་སྟེ་འགྲོ་དུས། མི་རིགས་ཀྱི་ཁེ་ཕན་ཡོད་ཚད་ལ་སྲི་ཞུ་བསྒྲུབ་རྒྱུའི་ཆོད་སེམས་ཀྱིས་ཏག་ཏག་ངའི་བློ་ཁོག་ཡོངས་སུ་བརྟས་ནས་ཡོད།” འདི་ནི《དབྱིན་ཀི་ལིང་གསར་པའི་ཉིན་རེའི་ཚགས་པར》སྟེང་བཀོད་པའི“ཁ་མི་གྲགས་པའི་བུ་མོ”དེའི་འབོལ་རྩོམ་ཁྲོད་ཀྱི་སྐད་ཆ་རྣོ་ངར་ཅན་དག་རེད། ལོ་ན16ཅན་གྱི་བྱིས་པ་ཞིག་གི་རྩོམ་གཤིས་རེད་ཅེ་ན་སུ་ཞིག་ཡིད་ཆེས། འོན་ཀྱང་། བསམ་བློ་ནར་སོན་སྔ་བ་ནི་ཏག་ཏག་བསམ་བློའི་མི་བོ་ཆེ་དག་གི་ཁྱད་ཆོས་མིན་པ་ཡང་མ་རེད། ལོ་གཅིག་གི་འཕྲོར། “ཆོས་ལུགས་ལ་འཕྱ་སྨོད་དང་། དེ་བཞིན་གོང་མའི་སྲིད་གཞུང་ལ་མཚང་འབྱིན་བྱས་པའི”ཉེས་མིང་ཐོག་ནས། དབྱིན་ཇིའི་བཀའ་སྡོད་སྲིད་གཞུང་གིས་ཧྥུ་རན་ཁི་ལིན་གྱི་ཕུ་བོ་བཙོན་དུ་བཟུང་། མ་ཟད། ཕྱིན་ཆད་གཞུང་གི་མཆན་བཀོད་མ་ཐོབ་ན། ཁོའི་ཕུ་བོའི་མིང་ཐོག་ནས་དཔར་དངོས་ཅི་ཡང་གདོན་མི་ཆོག་པའི་དམ་ཁྲ་བཅད། དེ་བས་དུས་དེ་ནས་བཟུང་། ལག་བསྟར་རྩོམ་སྒྲིག་པ། རྩོམ་པ་པོ། ཞུ་དག་མཁན་བཅས་ཀྱི་འགན་གཅིག་ལྕོགས་ཐོག །ཧྥུ་རན་ཁི་ལིན་གྱིས་མུ་མཐུད་དུ《དབྱིན་ཀི་ལིང་གསར་པའི་ཉིན་རེའི་ཚགས་པར》པར་འགྲེམ་བྱས། མ་ཟད་མི་སེར་སྤེལ་ཡུལ་འབངས་མི་ཁྱོན་གྱི་དགའ་བསུ་ཐོབ། “དགའ་བསུ་ཐོབ”ཅེས་པ་འདི་ཡང་། དེ་རིང་གི་འུ་ཚོའི་བག་ཆགས་ཁྲོད་ཀྱི“གསར་འགྱུར”དང་གཏན་ནས་མི་འདྲ། དེ་ཡང་སྐབས་དེའི་གཞུང་གི་ཚགས་དེབ་གཞན་དག་ནི། ཏག་ཏག་དབང་འཛིན་མཁན་གྱི་མགྲིན་ཚབ་པའམ་སྐད་སྒྲའི་བྲག་ཆ་ཙམ་ཡིན་རུང་། ཚགས་པར་འདི་ཁོ་ན། ཇི་སྟེ་གླང་ཕྲུག་སྨྱོན་པ་གཅིག་གིས་འགྱིག་གི་ལྡུམ་ཚལ་དཀྲུག་དང་འདྲ་བས་ཨ་མཚར་ལྟད་མོ་ཅིས་མི་ཆེ།

ཕྱི་ལོར། སྲིད་གཞུང་གིས་ཕུ་བོ་རྗེམ་སི་བཙོན་ནས་ཕུད་འདུག །ད་རུང་ཁོའི་ཚགས་པར་ནུ་བོ་ཧྥུ་རན་ཁི་ལིན་གྱི་མིང་ཐོག་ནས་སོར་འཇོག་བྱས་པ་རེད། ལར་མི་ལོ་སུམ་བརྒྱའི་ཡར་སྔོན་ཡིན་རུང་། དབྱིན་བཙན་རྒྱལ་རིང་ལུགས་པས་སྒེར་གཅོད་ཀྱི་བཤན་གྲི་སྐོར་ཐེངས་གཅིག་གིས། རྭ་ཅོ་འཕྲེད་དུ་སྐྱེས་པའི་གླང་ཕྲུག་གཟའ་རོ་དེའི་མགོ་སྐེ་ལིང་སེ་མ་བཅད་པ་ནི་ཇི་འདྲའི་ཡ་མཚན་ཞིག་རེད་ཨང་། དེ་ལྟར། ཁ་རུབ་ཁོང་རྡུགས་སུ་སོང་བའི་དེ་རིང་གི་ལུང་པ་གང་མང་གི་མི་རྣམས། ཏན་ཏན་གནའ་བོའི་རྗོར་ཊི་སྐུ་རབས་གསུམ་པའི“སྒམ་དཀྱེལ”དེ་འདྲར་ཡིད་སྨོན་འཆོར་དགོས་པའི་བཟོ་ཞིག་འདུག་ལ། འདི་ཡང་ཁ་མཚར་ནག་པོ་མ་རེད་ཟེར་རྒྱུ་ཅི་ཡོད།“སྤྲང་པོ་ལི་ཆཱ།”

ཧ་ལམ་ཕོ་ལོ་སུམ་ཅུའི་སྔུན་ལ། ཧྥུ་རན་ཁི་ལིན་གྱིས་བྱང་ཨ་རིའི་མི་སེར་སྤེལ་ཡུལ་གྲོང་ཁྱེར་དག་ནས། སྔ་ཕྱིར་རྩོམ་སྒྲིག་དང་པར་སྐྲུན་གྱི་ལས་རིགས་ཁོ་ན་གཉེར་ཏེ། མི་ཚེ་མཁས་པར་བསླབ་པའི་སྦྱོང་རྡར་ཐོག་མ་དང་ལེན་བྱས་འདུག །དེའི་རིང་གི་སྨིན་འབྲས་ཡག་ཤོས་ནི། 《སྤྲང་པོ་ལི་ཆཱ》ཡི་དེབ་ཕྲེང་པར་འགྲེམ་བྱས་པ་དེ་ཡིན་པར་བཤད། 1732ལོ་ནས་འགོ་བརྩམས་ཏེ། དེབ་འདི་མི་ལོ25ལ་མུ་འགོད་བྱས་ཏེ་ཀློག་པ་པོ་ཁྲི་སྟོང་བསགས་ཤིང་ལོ་རེར་དཔར་གྲངས10,000ལ་བསླེབ་ཐུབ་སྐད། དོན་ལ“སྤྲང་པོ་ལི་ཆཱ”ཡི་སྟེང་ནས། ང་ཚོས་ཆུང་དུས་ནས་བཟུང་འཚོ་བའི་དཀའ་ངལ་ཁུར་ཏེ་སློབ་སྦྱོང་ལྷུར་ལེན་གནང་མཁན་རྩོམ་པ་པོ་རང་ཉིད་རྙེད་ཐུབ་པ་ཞིག་རེད། མ་ཟད། “ཧྥུ་རན་ཁི་ལིན་གྱི་མི་ཚེའི་གདམས་ངག13”ཟེར་བ་དང་། དེ་བས་ཀྱང་། ཁོའི་གཉུག་ལྷ་སྨྲ་བའི་བསམ་བློ་གཞིར་བཟུང་ཐོག་ཆོས་ལུགས་དགག་སྒྲུབ་ཀྱི་ལྟ་བ་ཡང་། ཏག་ཏག་སྤྲང་པོ་ལི་ཆཱའི་ངག་ལས་གསལ་ལྷང་ལྷང་ཐོས་ཐུབ། དཔེར་ན། “རང་གིས་རང་ཉིད་སྐྱོབ་མཁན་ལྷས་ཀྱང་སྐྱོབ། །” “དད་པ་ཁོ་ནས་མི་རྣམས་ལྡོང་པར་བཟོ། །” “བརྩོན་འགྲུས་ཅན་གྱིས་བྱ་བ་ཅི་ཡང་འགྲུབ། །ངལ་རྩོལ་མཁན་ལ་ལྷ་ཡིས་དངོས་གྲུབ་གནང་། །” “ཡ་རབས་གོང་ན་ལྷ་ལ་མཆོད་ལུགས་མེད”ལྟ་བུ་གྲངས་ཀྱིས་རྫོགས། ཧྥུ་རན་ཁི་ལིན་སྔོན་ཆད་དབྱིན་ཇིར་སྡོད་རིང་རྗོན・ལཱོ་ཁིའི་སློབ་མར་གྱུར་མྱོང་ལ། དེ་ལས་དངོས་གཙོ་སྨྲ་བའི་མཚན་ཉིད་རིག་པའི་ལྟ་བ་ཆགས་པར་བཤད། དེའི་ཕྱིས་སུ་བྱུང་བའི《སྤྲང་པོ་ལི་ཆཱ》སོགས་བརྩམས་ཆོས་ཀྱིས་མཚོན་ཏེ། ཧྥུ་རན་ཁི་ལིན་མེ་གླིང་ལོ་རྒྱུས་ཁྲོད་ཆོས་ལུགས་དབང་ཤེད་ལ་རྒོལ་བའི་རྩོམ་རིག་གྲུབ་མཐའ་གསར་གཏོད་མཁན་དུ་ཆགས་ཤིང་། དུས་རབས18པའི་རྗེ་ཧྥོ་སན་དང་ཐཱོམ་སི・ཕེན(འདི་འགབ་ནས་གླེང་དགོས)སོགས། བྱང་ཨ་རིའི་བློ་འབྱེད་བསམ་བློ་བ་ཡོངས་སུ་ཁོང་གི་བུ་སློབ་ཏུ་གྱུར་ཡོད་པ་རེད། ཡང་གོ་འཛོལ་བྱུང་མི་རུང་བ་གཅིག་ནི། ཆོས་ལུགས་ཀྱི་དཀྱེལ་ཡངས་དང་རང་དབང་། ལྷག་དོན་མིའི་གཤིས་རྒྱུད་ཡ་རབས་སུ་སྦྱང་ལ་སྨན་པའི་ཆོས་ལུགས་ཀྱི་སྤྱི་ཚོགས་བེད་ནུས་ལ་ཧྥུ་རན་ཁི་ལིན་གྱིས་མཐའ་གཅིག་ཏུ་ཡར་གཏོག་རྒྱག །དེ་རྣམས་ཁོས《རང་བཙན་བསྒྲགས་གཏམ》དང《རྩ་ཁྲིམས》ནང་བཅུག་ཡོད་ལ། ད་རུང་དེ་རིང་བར་རྒྱུན་སྐྱོང་བའི་ཨ་རིའི་རྒྱལ་ཚོགས་ཀྱི་ཚོགས་སྔུན་གསོལ་སྨོན་ཡང་། དོན་ལ་ཧྥུ་རན་ཁི་ལིན་གྱི་སྐབས་དེའི་བླང་བྱ་ཡིན་པར་བཤད། མདོར་ན། ཧྥུ་རན་ཁི་ལན་གྱིས་ཆོས་ལུགས་ཟེར་བ་དེ་ལྷ་འདྲེ་ལས་ཀྱང་། མིའི་རིགས་ཀྱི་སྙིང་སྟོབས་དང་ནང་སེམས་ཀྱི་ཞི་བདེ་ཞིག་ལ་ངོས་འཛིན་པ་རེད།

གཞན་དུ་ན། ཨ་རིའི་ཁ་མཚར་རྩོམ་རིག་ཀྱང་། རྩོམ་པ་པོ་ཡིན་ལ་པར་སྐྲུན་མཁན་ཡང་ཡིན་པའི་ཧྥུ་རན་ཁི་ལིན་དང་འབྲལ་ཐབས་མེད་ཟེར། ཨ་རིའི་ཁ་མཚར་སྒྲུང་མཁན་མཱ་ཁེ་ཐོ་ཝེན་གྱིས་ཁོའི་སྒྲུང་ཐུང《འདས་ཟིན་པའི་པེན་རྗི་མཱེན・ཧྥུ་རན་ཁི་ལིན》ཞེས་པའི་ནང་། “ཁོས་ལོ་རྒྱུས་སྟེང་མཐོང་དཀོན་པའི་གཡོ་ཁྲམ་སྤྱད་དེ་ཉིན་ཧྲིལ་པོར་བྱ་བ་ལས་ལ། དགོང་མོར་ཡང་ལྒང་བཞུའི་འོག་ནས་གྲངས་རིག་ལ་སློབ་སྦྱོང་བྱེད། དེས་ད་རུང་གང་ནས་ཚད། ཏན་ཏན་སྤགས་དང་ཆུ་རྐྱང་ཙམ་བརྟེན་རྗེས་གནམ་རིག་ལ་ཞིབ་འཇུག་བྱ་རྒྱུ་ཁོའི་གོམས་གཤིས་སུ་ཆགས་འདུག” ཅེས་ཧྥུ་རན་ཁི་ལིན་ལ་ཀུ་རེའི་བཤད་སྒྲོས་ནས་གདེང་འཇོག་ཅི་ཆེ་གནང་། མཐའ་མཇུག །མཱ་ཁེ་ཐོ་ཝེན་གྱིས“པེན་རྗི་མཱེན・ཧྥུ་རན་ཁི་ལིན་གྱིས་ཁོའི་བཙས་མ་ཐག་པའི་རྒྱལ་ཁབ་དེ་ལ་རླབས་ཆེ་བའི་ལག་རྗེས་གང་མང་བཞག་མྱོང་། ལར་ཁོ་ལྟ་བུའི་སྐྱེས་ཕོ་རབ་ཅིག་སྐྱེས་པ་འདིའི་སྟེང་ནས་ཀྱང་། ཁོའི་མ་ཡུམ་རྒྱལ་ཁབ་ས་གྲག་གནམ་གྲག་ཏུ་སོང་ཡོད”ཅེས། དོན་ལ་ཧྥུ་རན་ཁི་ལིན་ཡིན་པའི་ཁོའི་མི་སྣ་དེ་ལ་སྤྱི་སྡོམ་བྱས་པ་རེད། 

“པར་སྐྲུན་བཟོ་པ་ཧྥུ་རན་ཁི་ལིན།” འདི་ནི་ཧྥུ་རན་ཁི་ལིན་གྱིས་གསོན་ཐོག་ནས་བྲིས་གནང་པའི་རང་གི་གདུང་མདུན་རྡོ་བྱང་ཁ་ཡིག་རེད། མེ་རི་ལ་ཁྱ་མ་དང་མཚོ་ཆེན་ལ་རྐ་ཆུ་བཞིན། དོན་གྱི་མི་བོ་ཆེ་ཞིག་ཡིན་ཕྱིན། ཚིག་སྐམ་རྫིག་པོ་གཏོས་སུ་མ་བརྩིགས་རུང་། ཁོ་པ་ཅག་གི་ཕྱག་རྗེས་མི་རྣམས་ཀྱིས་ག་ལ་བརྗེད་སྲིད། ཡང་ཀུ་རེ་འདྲེས་པའི་ཁོང་གི་མི་ཚེའི་སྡོམ་ཚིག་འདིའི་ཞོར་ནས་མཐོང་ཐུབ་པ་ནི། ཨ་རིའི་གསར་འགྱུར་དང་པར་སྐྲུན་ལས་རིགས་ཀྱི་ཆུ་འགོ་ནི། ཏག་ཏག་དབང་ཤེད་ཀྱི་གདོང་འབག་རྣོ་དབལ་གྱི་སྨྱུ་གུས་འདྲལ་ལ་ཞེ་མི་འཚེར་བའི་ཧྥུ་རན་ཁི་ལིན་ཡིན་པ་དེ་རེད། ཁོས་སློབ་གསོའི་ཕྱོགས་ལ་ཡང་ལག་རྗེས་གང་མང་བཞག་ཡོད། དེ་ལས་འཕགས་ཤོས་ནི་ཕེན་སིབ་ནེ་ཡཱ(宾夕法尼亚)སློབ་ཆེན་གསར་འཛུགས(1749)གནང་བ་དེ་རེད། འདི་ན་གནད་ཅིག་ཡོད། སྐབས་དེར། བྱང་ཨ་རིའི་མི་སེར་སྤེལ་ཡུལ་ན་སློབ་ཆེན་བཞི་ཡོད་དེ་སོ་སོར། ཧཱ་ཝར(哈佛1636)། ཡེའོ(耶鲁1701)། ཀོ་ལིམ་པཱི་ཡ(哥伦比亚1754)། ཕི་རེན་སི་ཊིན(普林斯顿1746)སློབ་ཆེན་བཅས་རེད། འོན་ཀྱང་དེ་རིང་བལྟས་ན་འཛམ་གླིང་སློབ་ཆེན་ཡོངས་ཀྱི་གཙུག་ཏོར་རྣམ་རྒྱལ་འདྲ་བའི་སློབ་ཆེན་དེ་དག །སྐབས་དེར་ཆོས་ཚོགས་ཀྱིས་བདག་གིར་འཛིན་ལ། དོན་ལ་ཡང་ཆོས་ལུགས་མི་སྣ་སྐྱེད་སྲིང་བྱེད་ས་ཞིག་ཏུ་འཁུམས། འོན་ཀྱང་ཧྥུ་རན་ཁི་ལིན་གྱིས་བསམ་བཞིན་དེ་དག་ལ་ཁ་གཏད་འཇལ་ཏེ། འཇིག་རྟེན་པ་སྐྱེད་སྲིང་བྱ་ཡུལ་ཕེན་སིབ་ནེ་ཡཱ་སློབ་ཆེན་གསར་རྒྱག་གནང་། དེ་ནི་བློ་གཤོགས་ཙམ་མ་ཟད། ཆོས་ཚོགས་ཀྱི་སྒེར་གཅོད་སློབ་གསོའི་སྲོལ་རྒྱུན་ལ་དགག་ཚུལ་ཞིག་ཀྱང་ཡིན་པ་ཅི་ལ་བསྙོན། དེ་མིན་ཁོས1731ལོར་གྲོང་ཁྱེར་ཧྥེལ་ལེ(费城)ནས་སྤྱི་པའི་དཔེ་ཀློག་ཁང་ཐོག་མ་དང་། 1743ལོར་ཨ་རིའི་མཚན་ཉིད་རིག་པ་ཞིབ་འཇུག་ཁང་དང་པོ་གསར་འཛུགས་གནང་བ་སོགས་ཀྱིས། གདོད་མའི་རྒོད་ན་ལུས་པའི་སྐམ་ས་ཆེན་པོ་དེ་བསམ་བློའི་དཔལ་ཡོན་གྱི་རྣང་ཞིང་དུ་བསྒྱུར་གནང་སྟེ། དྲང་བདེན་སྐྱོང་བའི་རིག་གནས་དང་སློབ་གསོའི་མྱུ་གུ་སྔོན་པོ། མེ་གླིང་མི་དམངས་ཀྱི་སེམས་དང་གཤིས་ཀའི་ཟབ་སར་འདེབས་ལ་འབད་པ་ལྷོད་མྱོང་ཡོད་པ་མ་རེད།

དེ་ལྟར། “ཁ་མི་གྲགས་པའི་བུ་མོ”ནས། ཁ་གཅིག་གྲགས་པས་དབྱིན་བཙན་རྒྱལ་ཡང་ངག་ལྐུག་ཁ་འཐམས་སུ་གཏོང་མཁན་ཆབ་སྲིད་པ། “སྤྲང་པོ་ལི་ཆཱ”ནས། འབོར་ཆེན་རྒྱུ་ནོམ་ཡོངས་སུ་ཨ་རིའི་རང་བཙན་གྱི་དམག་ཐེབས་སུ་འབུལ་མཁན་སྦྱིན་བདག་གཏོང་ཕོད་ཅན། སྤྱི་ཚོགས་ཀྱི་བས་མཐར་ཆད་པའི་ཨ་ཕྲུག་བདག་མེད་ཅིག་ནས། རང་གི་བརྩོན་འགྲུས་དང་སྙིང་སྟོབས་ལ་བརྟེན་ཏེ་ཨ་རིའི་རྒྱལ་ཁབ་ཀྱི་སྲོལ་འབྱེད་ཤིང་རྟར་འཕོ་བརྒལ་བྱས་པ་འདི་ལ་སོགས་པས་མཚོན་ཏེ། ཁོང་ལ“མི་མངོན་པའི་རྒྱལ་ཡབ”ཅེས་བཀུར་ཏེ། རྗེ་ཧྥོ་སན་མ་ཟད། ཝ་ཤེན་ཊིན་ལས་ཀྱང་གོང་དུ་བསྟོད་པར་ཡང་གནས་ལུགས་མེད་པ་མ་རེད། གང་ལྟར། རྗེ་ཧྥོ་སན་དང་འདྲ་བར། ཁོང་ཡང་དགག་སྒྲུབ་ཀྱི་སོ་རུ་འགྲེང་སྟེ་ཨ་རིའི་སྲིད་ཁྲིར་ཐོག་མར་སྡོད་མཁན་གང་དེ། སྔོན་ཆད་ཀྱི་གོང་མ་རྗོར་ཊི་ཇི་བཞིན་སྒེར་གཅོད་ཀྱི་ལམ་དུ་འགྲོ་མིན་ལ་དོགས་ཟོན་གནང་མཁན་ཅིག་རེད། ཡང་ཁྲིམས་ཀྱིས་མ་ཡིན་པར་རྗེ་བོས་སྐྱོང་པའི་རྒྱལ་ཁབ་ཅིག་ཡིན་པར་ཆ་བཞག་ན། རྗེ་ཧྥོ་སན་དང་ཧྥུ་རན་ཁི་ལིན་གྱི་དོགས་ཟོན་འདི་རིགས་ནི། བདག་པོ་ལ་གློ་བ་རིང་ཚུལ་རྐྱང་དུ་འགྲོ་བས། ཁོ་པ་ཅག་སྐད་ཅིག་སྐད་ཅིག་ལ་ས་སྟེང་འདི་ནས་བོར་མི་འགྲོ་བའི་ངེས་པ་གང་ཡང་མ་མཆིས་སོ། ། ༼མུ་འགོད།༽

ཡོང་ཁུངས། སྐྱིད་རྟག


དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།