ནུབ་རྒྱ་མཚོའི་ཕར་ཁ་ཚུར་ཁ།

-ཨེ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་(སྟོད་ཆ་)བསྒྱུར་བའི་ཟིན་བྲིས། གཉིས། “པཱོ་སི་ཊོན་ཇ་བརླགས་དོན་རྐྱེན།”

མི་ལ་ཙི་ཙི།

གཉིས། “པཱོ་སི་ཊོན་ཇ་བརླགས་དོན་རྐྱེན།”

“་་་མེས་རྒྱལ་དང་མི་རྗེའི་གཟི་བརྗིད་ངོམ་ཕྱིར། ཧྥོར་ཀེ་ནེ་ཡཱའི་བྱང་ངོས་མཚོ་འགྲམ་གྱི་ས་གཞི་ཁེབས་ཆེན་འདི་ནས། ང་ཚོས་མི་སེར་སྤེལ་ཡུལ་ཐོག་མ་གསར་འཛུགས་བྱ་རྒྱུ་ཡིན་་་།” 

འདིར་བཤད་འདོད་པ་ནི། 《“ཟླ་ལྔ་པའི་མེ་ཏོག་རྟགས་ཅན”གྱི་སྤྱི་ཆིངས》ནང་བཀོད་པའི་སྐད་ཆ་འདིའི་ནང་གི“མེས་རྒྱལ”ཞེས་པའི་མིང་བརྡ་འདི་ཡིན། དེ་ནས་བཟུང་མི་ལོ150ལྷག་ཕྱིན་པའི་འཕྲོར། ཨ་རིའི་རང་བཙན་གྱི་སྲོལ་འབྱེད་ཤིང་རྟ་ཆེ་གསུམ་ལས། རྒྱལ་ཡབ་ཝ་ཤེན་ཊིན་གྱིས་མེས་རྒྱལ་དབྱིན་ཇིའི་ཕྱིར་བྱང་ཨ་རི་ནས་ཧྥ་རན་སི་དང་དམག་འཁྲུག་བརྒྱབ། མེ་གླིང་གི་བློ་འབྱེད་བསམ་བློའི་ཡབ་ཆེན་ཧྥུ་རན་ཁི་ལིན་གྱིས་ཀྱང་། གོང་མ་རྗོར་ཊིའི་གཏིང་མ་ལོན་པའི་བར་མེས་རྒྱལ་དབྱིན་ཇི་དང་འགྲིག་ཐབས་བརྩོན། འདིས་ཅི་ཞིག་མཚོན་ཞེ་ན། གནམ་སྔོན་ས་ལ་བབས་འདྲའི་ནུབ་རྒྱ་མཚོ་ཆེན་པོས་བར་ཆོད་རུང་། རྟེན་འབྱུང་ལས་ཀྱི་བག་ཆགས་ཁྲག་རྩའི་སྦུབས་སུ་འཐིམ་སྟེ་ཡོད་པས། དབྱིན་གཏོགས་མེ་གླིང་བྱང་མའི་མི་སེར་སྤེལ་ཡུལ་གྱི་སྐྱེ་བོ་རྣམས་ཀྱིས་ནི། ད་ཆ་ཁྱིམ་གཞིས་ཆགས་སའི་ཡུལ་ལ་ཡང“དབྱིན་ཀི་ལིང་གསར་མར”འབོད་ལ། ནང་སྒོས། ལོ་རིང་རྒྱུན་མར་བརྡབ་གསིག་དང་བརྙས་བཞག་བྱེད་ན་ཡང་། དབྱིན་བཙན་རྒྱལ་སྔར་མུས་བཞིན་རང་གི་མེས་པོའི་རྒྱལ་ཁམས་སུ་བརྩིས་ཤིང་བཀུར་ནས་ཡོད་པ་དེ་རེད། དེར་བརྟེན། ཨ་མེ་རི་ཀ་ནི་གོ་ལའི་བྱང་ཟུར་གྱི་སྐམ་ས་དེར་སྦྲུམས་པའི་བུས་པ་ཞིག་ཡིན་པའི་དབང་དུ་བྱས་ན། དེའི་ཕོ་བའི་སྒང་གི་ལྟེ་ཐག་ནི། སྔར་ལྟར་ཡོ་རོབ་གླིང་གི་མ་ཡུམ་དབྱིན་ཇིའི་ལུས་སུ་འཁྲིལ་ཏེ་ཡོད་པ་ཞིག་རེད། ད་རུང་དཔེ་གཅིག་ལ། དབྱིན་རྒོལ་དམག་འཁྲུག་བརྒྱབ་སྟེ་ཐོག་མའི་རྒྱལ་ཁ་ལེན་དུས་ཀྱང་། མཁྲེགས་འཛིན་ཤོག་ཁའི་ཇུས་ཕུལ་འོག་མེ་གླིང་སྐམ་སའི་གྲོས་ཚོགས(大陆会议)ཀྱིས། “ང་ཚོས‘རེ་སྨོན’དང་བཅས་པུ་རེ་ཊེན(不列颠)དང‘སྔོན་མའི་འབྲེལ་ལམ’བསྐྱར་དུ་གསོ་བར་འཐད་ལ། དེ་བཞིན་མེས་རྒྱལ་དང‘སྤྲོ་སྣང་ལྡན་ཞིང་རྟག་ཏུ་བརྟན་པའི་འདུམ་འགྲིག’ཡོང་བའི་མོས་པ་ཡང་ཅི་བས་ཆེ”ཞེས། རྗོར་ཊི་སྐུ་རབས་གསུམ་པར་འོས་མིན་བསྟུན་ཐབས་ཀྱི《སྐྱུར་ལྕུག(橄榄枝)རེ་ཞུ》ཕུལ། འདི་ལས་ཀྱང་ཁོ་པ་ཅག“ཉི་མ་ནུབ་མེད”ཀྱི་མེས་རྒྱལ་པུ་རེ་ཊེན་ལ་ཞེན་ཆགས་ལྕི་བ་ཚེགས་མེད་མཐོང་ཐུབ། འོན་ཀྱང་མགོ་འཕང་གནམ་ལ་རེག་ཡོད་པའི་གོང་མ་རྗོར་ཊིས་ཞེ་མེར་བ་དང་བཅས། བྱང་ཨ་རིའི་རྒད་པོ་ཚོས་ལག་ཟུང་གིས་ཡར་བསྟབས་པའི“སྐྱུར་ལྕུག”ལ་ཟུར་མིག་ཙམ་ཡང་མ་བལྟས།

དེ་ག་ནང་བཞིན། དབྱིན་གཞུང་གིས་ལྡོག་ཕྱོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་བསགས་པའི་འབྲས་བུ་རུ། དུས་རབས་བཅོ་བརྒྱད་པའི་སྨད་ཀྱི་ཆར། ནུབ་རྒྱ་མཚོའི་ཕར་ཁ་ཚུར་ཁ་སྦྲེལ་བྱེད་ལས་དབང་གི་ལྟེ་ཐག་རིང་མོ་དེ། གནམ་ལྷུང་ཁེ་གྲི་ངར་མ་གཅིག་གིས་དུམ་སེ་བཅད་ནས་མ་བུ་ཁ་ཁ་དོ་ཆད་དུ་བཀར་སོང་། “ཁེ་གྲི”དེ་ནི་གཞན་མ་རེད། ཏག་ཏག“པཱོ་སི་ཊོན་ཇ་བརླགས་དོན་རྐྱེན”ལྟ་བུས་མཚོན་པའི་བྱང་ཨ་རིའི་སྤྱི་ཚོགས་ཀྱི་ཐུན་མོང་འདུ་ཤེས་རེད། བུ་ཡིས་ཕྱིར་ཨ་མར་འབྲེལ་ཐག་གཅོད་པའི་གནས་ལུགས་ཤིག་གང་ན་ཡོད། ཁོང་ཁྲོའི་མེ་ལྕེ་འབར་གྱིན་རྗོར་ཊི་སྐུ་རབས་གསུམ་པས། “ད་ལྟ་ཇག་པ་དེ་ཚོ་མེས་རྒྱལ་ལ་ངོ་ལོག་བྱེད་མཁན་རེད།” ཅེས་དྲག་གནོན་གྱི་ཐབས་བསྟར་ཏེ་པཱོ་སི་ཊོན་གྲུ་ཁ་དོ་དམ་བྱས། པཱོ་སི་ཊོན་གྲོང་ཁྱེར་དུ་དབྱིན་དམག་འབོར་ཆེན་འགྲེམ་འཇོག་བྱས། ཇི་སྲིད་གང་ན་མནན་པ་ཡོད་ན་དེ་སྲིད་དེ་རུ་འཕར་བ་ཡོད་ཚུལ་འཇིག་རྟེན་བྱ་དངོས་ཀུན་གྱི་ཆོས་ཉིད་རེད། དབྱིན་གཞུང་གི་དམ་དྲག་གིས་མི་སེར་སྤེལ་ཡུལ་ལ་ཞེ་སྡང་གི་ཁྲག་མཚོ་དང་ཁོག་སྡུག་གི་ཁྲོ་ཆུ་ཁོལ་དུ་བཅུག་སོང་། ཡང་དེ་འདྲའི་ཐུན་མོང་འདུ་ཤེས་དྲག་པོ་དེ་གསར་བརྗེའི་ལམ་དུ་བཀྲི་ཕྱིར། ཨ་རིའི་རང་བཙན་སྨྲ་བའི“དཔལ་འབར་ཆེ་གསུམ”གྱི་ཡ་གྱལ་ཏེ། ཕཱ་ཐིལ་ཁེ・ཧིན་རཱེ(帕特里克・亨利)ཡིས་ཧྥོར་ཀེ་ནེ་ཡཱ་ནས“རང་དབང་མེད་ན་ཤི་ཡང་རུང”ཞེས་པའི་གཏམ་བཤད་གྲགས་ཅན་སྤེལ། དེར་ཁོ་ན་རེ། “ཁོ་ཚོས་སྔ་ས་ནས་ང་ཚོར་གཉའ་སྒ་བཟོས་ཚར་ཡོད་པ་རེད། རྣ་བ་བླགས་ན། ང་ཚོས་པཱོ་སི་ཊོན་གྱི་བདེ་ཐང་ལས་ལྕགས་སྒྲོག་གི་སང་སྒྲ་མཆེད་འོང་བ་མི་ཐོས་སམ། དོན་ལ་ད་ཆ་གྱེན་རྒོལ་གྱི་དམག་འཁྲུག་འགོ་བརྩམས་ཟིན་ཡོད། ཐེངས་རྗེས་མར་བྱང་ཕྱོགས་ནས་ལྡང་ཡོང་བའི་རླུང་བུའི་ཁྲོད་ཉོན་དང་། ང་ཚོའི་རྣ་འགྲམ་དུ་དམག་སའི་འཐབ་འཛིང་གི་སྐད་སྒྲ་ཁུར་ཡོང་སྲིད། ལྟོས་དང་། ང་ཚོའི་ཕུ་ནུ་ཚོ་གཡུལ་སར་བསླེབས་ཟིན་རུང་། ང་ཚོ་ད་རུང་འདི་ལྟར་སོས་དལ་ངང་བསྡད་དགོས་དོན་ག་རེ་ཡིན་ནམ། མི་གཞན་གྱིས་ལམ་བུ་ཅི་ཞིག་གདམ་སྲིད་པ་ངས་མི་ཤེས། འོན་ཀྱང་ང་ལ་མཚོན་ན། རང་དབང་མེད་ན་ཤི་ཡང་རུང་།”

ལར་མེས་རྒྱལ་ལ་ངོ་ལོག་ཕོད་པའི་རྐྱེན་རྩ་དེ་མགོ་ནས་བག་ཙམ་གླེང་དགོས་ཆེ། དེ་ཡང་། ཆེས་རགས་པའི་སྒོ་ནས། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་འགྱུར་ལ་ཤན་སྟོབས་འགངས་ཆེན་འཇོག་མཁན་རྒྱལ་ཁབ་གསུམ་བརྩི་དགོས་ཚེ། གནའ་བོའི་ཀེ་རི་སི། དབྱིན་ཇི། དེ་བཞིན་ཨ་མེ་རི་ཀ་གསུམ་ལས་གུད་ན་གཞན་ཞིག་མེད་པ་འདྲ། དེའི་ཁྲོད་བཟོ་ལས་གསར་བརྗེ་སོགས་བརྒྱུད་དེ་དབྱིན་བཙན་རྒྱལ་རིང་ལུགས་ནི། དུས་རབས་བཅོ་བརྒྱད་པའི་ནང་སྟོབས་ཀྱི་ཡང་རྩེར་སོན་ཏེ་འཛམ་གླིང་ལ་ཁ་ལོ་སྒྱུར་མཁན་དུ་ཆགས། འོན་ཀྱང་། དུས་རབས་བཅོ་བརྒྱད་པའི་སྐེད་སྨད་དེ་རྗོར་ཊི་སྐུ་རབས་གསུམ་པའི(乔治三世)སྐབས། མི་སེར་སྤེལ་ཡུལ་བརྩད་དེ་ཧྥ་རན་སི་དང་ལོ་ངོ7རིང་དམག་འཁྲུག་བརྒྱབ་པས། “ཉི་མ་ནུབ་མེད”སྐད་པའི་རྒྱལ་ཁམས་འདིའི་ཀླུང་རྟ་ཐུར་ལ་རྒུད་སྟེ་སོང་། ཡང་གཙོ་བོ་དམག་རྒྱགས་འབོར་ཆེན་གྱིས་ཕོངས་ཚུལ་རེད། དེར་རྗོར་ཊི་སྐུ་རབས་གསུམ་པས་རྒྱལ་མཛོད་ཀྱི་འཐེམས་པ་གསེང་ཕྱིར། བྱང་ཨ་མེ་རི་ཀའི་མི་སེལ་སྤེལ་ཡུལ་ནས་འུ་ལག་ལྕི་མོའི་རིགས་བསྡུ་བའི་འགོ་བརྩམས། དེ་ལས་གྲགས་ཆེ་བ《ཁྲལ་རི་མོ་ཅན》(《印花税》)རེད། དེ་ལ་བྱང་ཨ་རིའི་མི་སེར་སྤེལ་མཁན་ཚོས་ཡ་ལན་བག་མི་ཚ་བ་སྤྲད། ནང་སྒོས་ཧྥུ་རན་ཁི་ལིན་གྱིས་འགྲན་མེད་སྨྲ་ལྕེ་རྒོད་པོས་ཁྲིམས་དང་གནས་ལུགས་ཀྱི་ཡ་ལན་སྤྲད་པས། གོ་མ་ཟིན་པའི་གོང་མ་རྗོར་ཊིས་མགོ་མ་ཚོས་གོང་ལྕེ་ལ་བསྙབ་པའི་ཁྲལ་ངན་དེ་ཕྱིར་འཐེན་དགོས་བྱུང་། འོན་ཀྱང་གནམ་བསྐོས་གོང་མ་ཁོས་དེ་ལྟར་བྱང་ཨ་རིའི་མི་སེར་སྤེལ་ཡུལ“ངན་ལང་སྐྱག་ལང”དུ་གཏང་ག་ལ་དཔེ། 

དེའི་ཕྱིས་རྒྱལ་ས་ལིན་ཊོན་གཙོ་བྱས་པའི་དབྱིན་ཇིའི་སྤྱི་ཚོགས་ཁྲོད། ཁམས་གསེང་རིག་གནས་དང་འབྲེལ་ཏེ། ཇ་བཏུང་རྒྱུར་དགའ་བའི་འཚོ་བའི་གོམས་གཤིས་ཤིག་ཆགས། དེ་དང་བསྟུན་ནས་ནུབ་རྒྱ་མཚོའི་འགྲམ་ངོགས་གྲོང་ཁྱེར་དག་ནས་ཇ་ཚོང་བྲིན་པོ་བྱུང་། སྔ་མའི་ཁོག་སྡུག་སེལ་ལ་གོ་སྐབས་རྙེད་དེ། རྗོར་ཊི་གོང་མས་རྒྱལ་ཁབ་ཀྱི་ཤེ་མོང་བེད་སྤྱད་ནས་ཇ་ཚོང་དབྱིན་གཞུང་དུ་སྒེར་སྡོམ་བྱས། དེའི་ཁར་སང་ཕྱིན་བྱང་ཨ་རིའི་མི་སེར་སྤེལ་ཡུལ་ནས་ཇ་ཚོང་གཉེར་མི་ཆོག་པའི་དམ་རྒྱ་བཞག །མ་ཟད་བྱང་ཨ་རིའི་མི་སེར་སྤེལ་ཡུལ་ལ《ཇ་ཁྲལ་བཅའ་ཁྲིམས》བཀྲམ་པ་བརྒྱུད། “དྲིན་གཟོ་མི་ཤེས་པའི་བུས་ཕྲུག་ངན་པ”དེ་ལ་བསམ་ཞིག་ཤེས་སུ་འཇུག་སྙམ། འོན་ཀྱང་ཁོ་རང་རྦད་དེ་ནོར་སོང་། ཁོའི་རང་སྣང་དང་ཧོལ་རྒྱུག་གིས་ཏག་ཏག་རང་གི་བུ་གུ་དེ་པང་ནས་ཕྱིར་འཆོར་བར་རམ་ཟླ་སྤྲད་སོང་བ་དང་འདྲ། དེ་ཙམ་ལ་མེས་རྒྱལ་གྱི་གཏིང་ཕེར་ཏེ་ཡོད་པའི་ཧྥུ་རན་ཁི་ལིན་གྱིས“མ་ཡུམ་དབྱིན་ཇི”ཞེས་པའི་སྙན་ངག་ཅིག་བརྩམས། དེ་ལས་ཀྱང་བྱང་ཨ་རིའི་མི་སེར་སྤེལ་ཡུལ་གྱི་སྐབས་དེའི་ཐུན་མོང་འདུ་ཤེས་ཧ་གོ་ཐུབ།

“ད་ནི་ངའི་མ་རྒན་ལ་རླུང་རྩུབ་པོ་ལངས་རྒྱུ་ཇེ་མང་ནས་ཇེ་ཐུ་རེད།

ཁོ་མོས་ང་ཚོ་ཨ་ཉོག་ཅིག་གི་ཚད་དུ་བཞག་སྟེ་སྡིགས་རྐྱང་གཉོག་རྐྱང་བྱེད།

ཁོ་མོས་ང་ཚོ་ནར་སོན་པས་མི་ཚད་རང་རང་ལ་དྲན་ཚུལ་ཆགས་ཡོད་པ་རྦད་དེ་ཤེས་ཀྱི་མི་འདུག”

དེ་ག་ནང་བཞིན། ཇ་ཚོང་སྒེར་སྡོམ་དང་ཇ་ཁྲལ་བཅད་པ་དེས། བྱང་ཨ་རིའི་མི་རྣམས་ཀྱིས་མི་ལོ་བརྒྱ་ཕྲག་རིང་ལོངས་སུ་སྤྱད་དེ་ཡོང་བའི་རང་དབང་དང་། དེ་མཚུངས་འཚོ་བའི་ཁེ་ཕན་གྱི་ཕོར་པ་ཡག་ཤོས་དེ་ས་ལ་བརྡབས་ཏེ་སིལ་བུར་བཅག་སོང་བ་རེད། དེར་ཁོ་ཚོས“དབྱིན་གཞུང་ན་མི་སེར་སྤེལ་ཡུལ་གྱི་འཐུས་ཚབ་མེད་ལ། འཐུས་ཚབ་མེད་ན་ཁྲལ་གྱི་འོས་འགན་ཅི་ཡོད།” ཅེས་ཇ་ཁྲལ་དང་ལེན་མི་བྱེད་པར་རྗོར་ཊིའི་སྲིད་གཞུང་ལ་ཁ་གཏད་འཇལ། མ་ཟད། བྱང་ཨ་རིར་འབྱོར་པའི་དབྱིན་ཇིའི་ཚོང་ཟོང་ལ་སྒོ་གཅོད་བྱེད་པའི་འགོ་བརྩམས། བར་དེར་སྐབས་བསྟུན་སྒོས་རང་བཙན་བརྩོན་མཁན་གསང་བའི་ཚོགས་པ“རང་དབང་ཨ་ཕོ”(“自由之子”)ཟེར་བ་བྱུང་། དེ་རྩ་འཛུགས་བྱེད་མཁན་ནི་ཨ་རིའི་རང་བཙན་སྨྲ་བའི“དཔལ་འབར་ཆེ་གསུམ”གྱི་ཡ་གྱལ་ཏེ་སཱེ་མོར・ཨ་ཊམ་སི(塞缪尔・亚当斯)རེད། མ་ཟད་མི་ཕོ་འདིས་དུས་རབས་ཕྱེད་དང་ཆིག་བརྒྱའི་སྔོན། “ཟླ་ལྔ་པའི་མེ་ཏོག་རྟགས་ཅན”ལས་འབྱོར་པའི་ཁོ་ཚོའི་མེས་པོ་ཚོ་ལས་ཀྱང་བསམ་བློ་ཐག་རིང་དུ་བཏང་སྟེ། བྱང་ཨ་རིའི་མི་སེར་སྤེལ་ཡུལ་རྦད་དེ་དབྱིན་ཇི་དང་ཁ་འབྲལ་རྒྱུ་དྲན། ལྷག་དོན《དམ་པའི་གསུང་རབ》ནང་གི“རི་རྩེའི་གྲོང་ཁྱེར”(“山顶之城”)ལྟ་བུའི་གོང་མ་མེད་ལ་སྐུ་དྲག་ཀྱང་མེད་པར། མི་དམངས་རང་གིས་ཐད་ཀར་བདག་སྐྱོང་བྱེད་པའི་རང་དབང་གི་རྒྱལ་ཁབ་ཅིག་རྟོག་བཟོ་བྱེད། ཡང་ཏག་ཏག་ཁོས་བཙུགས་པའི“རང་དབང་ཨ་ཕོ”ཚོས་ཁོའི་འདུན་མ་དེའི་སྒོ་འཕར་ཧར་གྱིས་ཕྱེ་སོང་། དེ་ཡང་། 1773ལོའི་ཟླ12པའི་ཚེས16གི་དགོང་མོའི་སྨག་གནག་དེར། དབྱིན་ཏི་ཨན་པའི་ཆས་སྤྲས་མཁན“རང་དབང་ཨ་ཕོ”སྐོར་གཅིག་དབྱིན་ཇིའི་དོས་གཟིངས་སྟེང་འགོས། དེའི་འཕྲོར། སྐག་གི་དབྱིན་ཏི་ཨན་པའི་དགྲ་སྟ་སྦྲུལ་མགོ་མ་གཤོང་སྟེ་ཇ་སྒམ་རེ་རེ་བཞིན་གསེས་ཤིང་གཏོར་ནས། དབྱིན་ལོར་ཆིག་ཁྲི་ལྔ་སྟོང་རི་བའི་ཇ་བག་ཡོངས་སུ་མཚོ་ནང་དུ་བསྐྱུར། དེ་ནི་ཨ་རིའི་རང་བཙན་དམག་འཁྲུག་ལ་མེ་བགོད་སྤྱད་སྦི་སྡི་སྟེ—“པཱོ་སི་ཊོན་ཇ་བརླགས་དོན་རྐྱེན”རེད། ལར་འདི་ནི་གནོད་ཚབས་ཆེ་བའི་རྡུང་གཅོག་གི་ལས་ཀ་ཞིག་ཡིན་དུ་ཆ་རུང་། རྒྱ་ནག་གི་གསར་བརྗེ་པ་སིན་ཀྲུང་ཧྲན་གྱིས། “ལན་རེར་དོན་བྱ་ཐག་གཅོད་ལ་དྲག་ཤུལ་གྱི་ཐབས་ཤེས་སྤྱད་དགོས་ཀྱང་སྲིད”ཅེས་ལབ་པ་དེ་བདེན་པའི་གཏམ་དུ་ཡང་གོ །

དེར་རྗོན・ཨ་ཊམ་སིས(约翰・亚当斯)ཉིན་ཐོའི་ངོས་སུ། “ཇ་ལོ་བརླགས་པའི་དོན་བྱ་རླབས་པོ་ཆེ་འདི། དཔའ་སྤོབས་ཀྱིས་བརྟས་ཤིང་ཆོད་སེམས་ཀྱིས་བཏེགས་འདུག །འདི་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤན་སྟོབས་དང་ལྡན། ཁོ་བོས་ཁ་ཚོན་གཅད་ཐུབ་པ་ནི། དོན་རྐྱེན་འདིས་ལོ་རྒྱུས་གསར་པ་ཞིག་གི་ལམ་སྲོལ་དབྱེ་ཡོང་སྲིད”ཅེས་བྲིས་གནང་། ཕྱིས་སུ་བྱུང་བའི་དོན་བྱ་ཇི་སྙེད་ཅིག་ཏག་ཏག་གཏམ་འདི་བདེན་དུ་ཤར་བའི་དཔང་དུ་གྱུར།

དེ་ལྟར་འུ་ཚོ་བོད་ཀྱི་ཁ་དཔེར། “མགོ་གསེར་རྐུས་བཅག་དང་རྡོ་ལུས་བཅག །བྱིན་རླབས་མེད་པ་འདྲ་འདྲ་ཡིན།”ཟེར་བ་ལྟར། ལར་དགྲ་རུ་ཤར་ཕྱིན་མེས་རྒྱལ་ཡིན་རུང་ངོ་ལོག་ཕོད་པ་འདི་ནི་དེ་རིང་བར་ཨ་རིའི་སྙིང་སྟོབས་ཤིག་མིན་པ་ཡང་མ་རེད་སྙམ། དཔེར་ན། ལོ་འགའི་སྔོན། སུའུ་ཀི་ལིང་གིས་འོས་ཤོག་འཕེན་པ་བརྒྱུད་དབྱིན་ཇི་ལས་ལོགས་སུ་གྱེས་རྒྱུ་བརྩོན་ཚུལ་དང་། དེ་རིང་གི་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ལས་ཕྱིར་བུད་དེ་ཁེར་ཚུགས་གཟུང་རྩིས་བྱེད་པ་སོགས་ཀྱང་། ངོས་གཞན་ཞིག་ནས་བཤད་ན། ཡོ་རོབ་ཀྱི་བློ་འབྱེད་བསམ་བློས་བྱང་ཨ་རིའི“རང་བཙན་བསྒྲགས་གཏམ”གྱི་སྙིང་སྟོབས་གྲུབ་ཅིང་། “རང་བཙན་བསྒྲགས་གཏམ”ལ་བརྟེན་ཏེ། ཡོ་རོབ་ནས“རང་དབང་བསྒྲགས་གཏམ”བྱུང་བ་ཇི་བཞིན། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད། ནུབ་གླིང་གི་རང་དབང་སྙིང་སྟོབས་ནི་ཕན་ཚུན་བར་ཆུ་གྲོགས་ཆར་བ་དང་མེ་གྲོགས་ཉི་མ་རུ་འཆར་གྱིན་ཡོད་པ་དེ་རེད།

“གཅེས་པའི་ཚེ་སྲོག་བླ་ན་མེད། །བརྩེ་དུངས་སྙིང་པོ་དེ་ལས་ལྷག །རང་དབང་འཐོབ་ཕྱིར་དེ་གཉིས་ཀ །ཕངས་མེད་སྦྱིན་ལ་འཚེར་བ་མིན། །”(ཕཱེ་ཏོ་ཧྥེའི་སྙན་ཚིག)ཟེར་བ་ཇི་ལྟར། ལར་ལྐུག་པ་ལུག་མགོ་ཞིག་མིན་ཕྱིན། རང་དབང་འདོད་པའི་སེམས་བྱུང་དེ་ནི། ལས་དང་ལན་ཆགས་ཀྱིས་འགྲོ་བ་མིའི་གཉུག་གཤིས་ཁྲོད་རང་ཆས་སུ་བདོག་པས། དེ་ལ་ལྕགས་ཤན་རྒྱག་མཁན་སྒེར་གཅོད་སྲིད་དབང་དག་འཕྲལ་དུ་སྟོབས་ཤུགས་ཀྱིས་སྙེམ་རུང་། མ་མཐའ་ཡང་། མིའི་རིགས་ཀྱི་དཔལ་ཡོན་མ་རྫོགས་ཀྱི་སྔ་ནུབ་དེར། ཁོ་ཚོ་སྐྱོབ་ཐབས་མེད་པར་མགོ་རྟིང་སློག་སྲིད་པའི་གནས་ལུགས་ཤིག །རང་རྐྱ་ཕེར་བའི་བསམ་བློ་བདག་མཁན་ཚོས་ཏན་ཏན་ཤེས་ཀྱིན་ཡོད་ཚོད། ༼མུ་འགོད།༽

ཡོང་ཁུངས། སྐྱིད་རྟག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།