ཆབ་སྲིད་བཙོན་ཟུར་གངས་ཚེ་རིང་སྒྲོལ་མ་ལགས་ལ་ལོ་༨ཀྱི་ཁྲིམས་ཆད།


 
རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་དྲུག་“རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་” དང་ “རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་”པའི་བསྙོན་འཛུགས་འོག་ཏུ། ཁོང་ཚོར་ལོ་༤ ནས་༡༤ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། བོད་མི་འདི་དག་འཛིན་བཟུང་བཙན་ཁྲིད་བྱས་ནས་དུས་ཡུན་མི་ལོ་གཅིག་ནས་གཉིས་རིང་འབྲེལ་ཡོད་ཁྱིམ་མིར་བརྡ་ལན་ཙམ་ཡང་མ་སྤྲད་པར་གསང་བའི་བཀག་ཉར་བྱས་འདུག
 
འདི་གར་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༢༢ ཟླ་༩ ཡས་མས་ཞིག་ལ། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། “རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་” དང་ “རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་”པའི་བསྙོན་འཛུགས་འོག་ཏུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལ་ལོ་༡༤ དང་། སྲས་རྣམ་ལ་ལོ་༦། གངས་བུ་གཡུ་བྷྲུཾ་ལ་ལོ་༧ ཡས་མས། གངས་ཚེ་རིང་སྒྲོལ་མར་ལོ་༨། པདྨ་རིན་ཆེན་ལ་ལོ་༤། བསམ་འགྲུབ་ལ་ལོ་༨ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ཡིན་ནའང་རྒྱ་གཞུང་གིས་བོད་ནང་དུ་ཉིན་རེ་བཞིན་དོགས་ཟོན་མྱུལ་ཞིབ་དང་ཞིབ་བཤེར་དམ་དྲག་ཤུགས་ཆེར་བཏང་བའི་རྐྱེན་གྱིས། ད་ལྟ་ཁྲིམས་ཐག་བཅད་ཟིན་པའི་བོད་མི་འདི་དག་བཙོན་ཁང་གང་དུ་བཅུག་མིན་དང་གནས་སྟངས་ཅི་འདྲ་ཡིན་མིན་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།


ཆབ་སྲིད་བཙོན་ཟུར་བུད་མེད་གངས་ཚེ་རིང་སྒྲོལ་མ་ལགས་བསྐྱར་དུ་བཙོན་བཅུག་དང་། ལོ་༨ ཀྱི་ཁྲིམས་ཆད།


ཕྱི་ལོ་༢༠༢༡ ཟླ་༤ ཚེས་༡ ཙམ་ལ་ཆབ་སྲིད་བཙོན་ཟུར་གངས་ཚེ་རིང་སྒྲོལ་མ་ལགས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་པ་དང་། ད་ལྟ་ཁོང་ལ་ལོ་༨ ཀྱི་བཙོན་འཇུག་ཉེས་ཆད་བཅད་ཡོད་འདུག
ཕྱི་ལོ་༢༠༠༨ ལོར་བོད་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ་སྐབས། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་ནས་བོད་རིགས་མང་ཚོགས་ཀྱིས་རྒྱ་དམར་སྲིད་གཞུང་ལ་ཞི་རྒོལ་བྱེད་སྐབས་བུད་མེད་གངས་ཚེ་རིང་སྒྲོལ་མ་ལགས་དང་། ཁོང་གི་ཕ་ཡབ་བསོད་ལོ་དང་མཉམ་དུ་རྒྱ་གཞུང་གིས་འཛིན་བཟུང་ཐེངས་དང་པོ་བྱས་པ་རེད། དེའི་རྗེས་སུ་ཡང་གངས་ཚེ་རིང་སྒྲོལ་མ་ལགས་རྒྱ་དམར་སྲིད་གཞུང་གིས་འཛིན་བཟུང་ཐེངས་ཁ་ཤས་བྱས་པ་དང་། འཛིན་ཐེངས་རེ་རེ་བཞིན་དུ་རྒྱ་ནག་ཉེན་རྟོག་པས་ཁོང་ཚོར་གངས་སྒྲོལ་མ་ཚེ་རིང་ལགས་ཀྱིས་རྣམ་འགྱུར་མི་ལེགས་པ་སྟོན་བཞིན་འདུག ཅེས་བཙོན་ཁང་ནང་ཟླ་བ་མང་པོར་གཅར་རྡུང་སོགས་མནར་གཅོད་ཚད་མེད་པ་འདྲ་མིན་བཏང་ཡོད་པ་ང་། དཔེར་ན་ཕྱི་ལོ་༢༠༠༨ ལོར་ཐོག་མར་བཙོན་འཇུག་བྱེད་སྐབས་བཙོན་ཁང་ནང་དུ་ཉེན་རྟོག་པས་གངས་ཚེ་རིང་སྒྲོལ་མ་ལགས་ལ་གཅར་རྡུང་དྲག་པོ་གཏོང་སྐབས་ཁོང་གི་དཔྱི་མགོའི་རུས་པ་བཅག་ཡོད་པས། དེའི་ཕྱིས་སུ་གནམ་གཤིས་དྲོ་གྲང་འགྱུར་བ་ཐེབས་སྐབས་སོགས་སུ་དེའི་སྔོན་དཔྱི་མགོའི་རུས་པ་བཅག་ཤུལ་དུ་ཧ་ཅང་ན་ཟུག་ཆེན་པོ་འབྱུང་བཞིན་པར་མ་ཟད། བཙོན་ཁང་ནང་དུ་ཡོད་སྐབས་ཁོང་ལ་གྲིབ་སྐྱོན་གྱི་ནད་གཞི་དང་། དྲན་པ་མི་བརྟན་པའམ། དྲན་ཤེས་ཉམས་པའི་ནད་གཞི། སྙིང་ཁམས་མི་བདེ་བའི་ནད་གཞི་སོགས་ཕོག་ཡོད་པར་བརྟེན། དེའི་ཕྱིས་སུ་ཁོང་ནི་ལུས་སེམས་གཉིས་ལ་གནོད་སྐྱོན་ཚབས་ཆེན་གྱི་ནད་གཞི་ཐེབས་པའི་ནད་པ་ཞིག་ཏུ་གྱུར་ཡོད་འདུག
འོན་ཀྱང་ཁོང་ལ་ནམ་རྒྱུན་ཉེན་རྟོག་པས་ལྟ་རྟོག་དང་འཇིགས་སྐུལ་བྱེད་བཞིན་པར་མ་ཟད། རྒྱ་དམར་སྲིད་གཞུང་གི་གལ་ཆེའི་དུས་ཆེན་ནམ་ཡིན་ལ་ཉེན་རྟོག་ལས་ཁུངས་སུ་མིང་ཐོ་འགོད་བྱེད་ཆེད་དང་། རང་ཉིད་ཀྱི་གནས་སྟངས་གསལ་བཤད་བྱེད་པར་འགྲོ་དགོས་པ་དང་། རང་ས་རང་ཡུལ་ལས་ཡུལ་གཞན་ས་ཆ་གང་དུའང་འགྲོ་མི་ཆོག་པའི་དོ་དམ་བྱེ་བཞིན་ཡོད་འདུག བུད་མེད་གངས་ཚེ་རིང་སྒྲོལ་མ་ལགས་ནི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་གྱི་གསེར་རྟ་རྫོང་སྟག་རྩེ་ཡུལ་ཚོ་རྐང་ཚ་སྡེ་བའི་ནང་ཕ་བསོད་ལོ་དང་། མ་མཚོ་སྐྱིད་གཉིས་ཀྱི་བུ་མོར་སྐྱེས། ཁོང་དང་བཟའ་ཟླ་ཀརྨ་དབང་ཕྱུག་གཉིས་ལ་ཕྱི་ལོ་༢༠༠༡ ལོར་བུ་བསྟན་འཛིན་འོད་ལྡན་དང་། ཕྱི་ལོ་༢༠༠༤ ལོར་བུ་བསྟན་འཛིན་ངག་དབང་སྐྱེས་པས། ཁྱོན་བཟའ་མི་བཞི་ཡོད་འདུག

ཕྱི་ལོ་༢༠༢༢ཟླ་བ་༡༠ཚེས་༢༡ཉིན། ཅེས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ཀྱིས་སྤེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།