རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་དྲུག་“རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་” དང་ “རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་”པའི་བསྙོན་འཛུགས་འོག་ཏུ། ཁོང་ཚོར་ལོ་༤ ནས་༡༤ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། བོད་མི་འདི་དག་འཛིན་བཟུང་བཙན་ཁྲིད་བྱས་ནས་དུས་ཡུན་མི་ལོ་གཅིག་ནས་གཉིས་རིང་འབྲེལ་ཡོད་ཁྱིམ་མིར་བརྡ་ལན་ཙམ་ཡང་མ་སྤྲད་པར་གསང་བའི་བཀག་ཉར་བྱས་འདུག
འདི་གར་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༢༢ ཟླ་༩ ཡས་མས་ཞིག་ལ། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། “རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་” དང་ “རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་”པའི་བསྙོན་འཛུགས་འོག་ཏུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལ་ལོ་༡༤ དང་། སྲས་རྣམ་ལ་ལོ་༦། གངས་བུ་གཡུ་བྷྲུཾ་ལ་ལོ་༧ ཡས་མས། གངས་ཚེ་རིང་སྒྲོལ་མར་ལོ་༨། པདྨ་རིན་ཆེན་ལ་ལོ་༤། བསམ་འགྲུབ་ལ་ལོ་༨ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ཡིན་ནའང་རྒྱ་གཞུང་གིས་བོད་ནང་དུ་ཉིན་རེ་བཞིན་དོགས་ཟོན་མྱུལ་ཞིབ་དང་ཞིབ་བཤེར་དམ་དྲག་ཤུགས་ཆེར་བཏང་བའི་རྐྱེན་གྱིས། ད་ལྟ་ཁྲིམས་ཐག་བཅད་ཟིན་པའི་བོད་མི་འདི་དག་བཙོན་ཁང་གང་དུ་བཅུག་མིན་དང་གནས་སྟངས་ཅི་འདྲ་ཡིན་མིན་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།
ཆབ་སྲིད་བཙོན་ཟུར་བསམ་གྲུབ་བཙོན་འཇུག་ཐེངས་༣ པ་དང་། ལོ་༨ ཀྱི་ཁྲིམས་ཆད།
ཕྱི་ལོ་༢༠༢༡ ལོའི་ཟླ་༤ བའི་ཚེས་༥ ཉིན་ཆབ་སྲིད་བཙོན་ཟུར་བསམ་གྲུབ་ལགས་ཡང་བསྐྱར་འཛིན་བཟུང་བཅོན་འཇུག་ཐེངས་གསུམ་པ་བྱས་ཡོད་འདུག་པ་དང་། རྒྱ་དམར་སྲིད་གཞུང་གིས་ད་ལྟ་བསམ་གྲུབ་ལགས་ལ་ལོ་༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་སྤྱི་ཚོགས་ནང་གྲགས་བཞིན་ཡོད་ཀྱང་། ད་དུང་ཁོང་གར་ཡོད་ཆ་མེད་དུ་གྱུར་ཡོད་འདུག ཆབ་སྲིད་བཙོན་ཟུར་བསམ་གྲུབ་ལགས་ནི་ཕྱི་ལོ་༡༩༩༢ ལོར་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་མགོ་མཆོག་སྡེ་བའི་ནང་དུ་སྐྱེས་པ་དང་། ཁོང་གི་ཕ་མིང་ལ་བསོད་རྒྱལ་དང་། མ་མིང་ལ་གཅེས་སྡེས་ཟེར། ཕྱི་ལོ་༢༠༡༢ ལོའི་ཟླ་༦ པའི་ནང་ཐོག་མར་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས། དེ་རྗེས་ ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་༨ ཚེས་༡ ཉིན་དཀར་མཛེས་ཁུལ། ཉག་ཆུ་རྫོང་ཁྲིམས་ཁང་ནས་ཁོང་ལ་<<དམར་རྒོལ་ཚོགས་པ་>> ཞེས་པའི་ཚོགས་པ་དེའི་ཚོགས་མི་ཡིན་པའི་ཉེས་འཛུགས་དང། བོད་དོན་ལས་འགུལ་སྤེལ་བའི་ཉེས་འཛུགས་སོགས་ཉེས་འཛུགས་གང་མང་ཞིག་བྱས་ཏེ། ཁོང་ལ་ལོ་༥ ཁྲིམས་ཐག་བཅད་ཡོད་པ་རེད།
འོན་ཀྱང་ཕྱིས་སུ་ལོ་ཁ་ཅུང་མ་གང་སྔོན་དེར་བསམ་འགྲུབ་ལགས་ཕྱི་ལོ་༢༠༡༦ ལོའི་ཟླ་༨ ཚེས་༡༩ ཉིན་བཙོན་གྲོལ་ཐོབ་ཡོད་ཀྱང་། ཡང་བསྐྱར་ཁོང་༢༠༡༦ ལོའི་ཕྱི་ཟླ་༩ ཚེས་༡༨ ཉིན་གསེར་རྟ་རྫོང་ཉེན་རྟོག་ཁང་གིས་ཁོང་འཛིན་བཟུང་ཐེངས་༢ པ་བྱས་ཏེ། ཁྱོན་ཉིན་༡༧ རིང་བཀག་ཉར་མནར་གཅོད་བཏང་ཡོད་པ་རེད།
རྒྱ་དམར་སྲིད་གཞུང་གིས་ད་ཐེངས་བསམ་གྲུབ་ལགས་བཙོན་འཇུག་བྱས་པ་དེ་ནི་བསམ་གྲུབ་ལགས་བཙོན་འཇུག་ཐེངས་༣ པ་དེ་རེད།
ཕྱི་ལོ༢༠༢༢ ཟླ་བ་༡༠ ཚེས་༢༡ཉིན། ཅེས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ཀྱིས།