རྒྱལ་རོང་གི་སྐད་དང་ཞང་བོད་ཀྱི་སྐད་གཉིས་མཐུན་ཚུལ།

རྩོམ་པ་པོ། བཙན་ལྷ་ངག་དབང་ཚུལ་ཁྲིམས།

ཤེས་རིག་གི་རིན་ཐང་གཙོ་བོ་ནི་ཤེས་རིག་རང་གི་ལོ་རྒྱུས་རང་རྐྱ་ཐུབ་པ་ཞིག་ཡོད་མེད་ལ་ཐུག་ཡོད། དེ་དག་གི་རྩ་བ་ནི་སྐད་དང་ཡི་གེ་ཡིན་པས། འདིའི་ཁུངས་ལ་ཐུགས་བསམ་བཞེས་དགོས་པ་ཞིག་ཆགས་ཡོད་དོ། །

སྔོན་ཚེ་ནས་བཟུང་ད་ལྟའི་བར་མདོ་སྨད་རྒྱལ་རོང་གི་སྐད་དེ། ཞང་ཞུང་དང་བོད་སྐད་ཁོ་ན་ཡིན་པས་བརྡ་རྙིང་མ་འགྱུར་བ་ཤས་ཆེ། ཞང་བོད་ཀྱི་སྐད་རང་ཡིན། དཔེར་ན། ལུང་བ་ལ་གྱེས་ཁ། ཡུལ་ལ་ཁྱུང་། ཡུལ་དཔོན་ལ་ཁྱུང་རོ། བྲོ་དཔོན་དང་རུ་དཔོན་ལ་ཏ་རོ། བྱིས་ཆུང་ལ་ཏ་བུ་ཙ། བུ་ཕོ་ལ་ཏི་ཙ། རྡོ་ལ་ཇུ་སླིག སྟ་རེ་ལ་ཤིང་འབལ། ཡོད་ལ་བདོག འགྲོ་ལ་འདོང་། ཕག་ཤ་སྐམ་པོ་ཤ་ལ་རྒྱ་རི། སྟག་ལྤགས་ལ་གུང་བཀྲེ(སྤྲི)། རྒས་པ་ལ་གུ་བགྲེས། གཅིག་ལ་ཏིག བདུན་སྣེ། ཉི་ཤུ་ལ་ཉི་ཅུ་ཞེས་པ་ལྟ་བུ་སྟེ།

ད་དུང་བོད་སྐད་དམ་རྒྱལ་མོ་རོང་གི་སྐད་ཁྲོད་ཀྱི་གཡར་ཚིག་ནང་དུ་རྒྱ་དཀར་ནག་དང་སོག་པོ་སྐད་ཀྱང་ཡོད་དེ། དཔེར་ན། ཅོག་ཙེ(རྒྱ་སྐད)། ཧའི་ཙོ(རྒྱ་སྐད)། ཀོང་ཇོ(རྒྱ་སྐད)། ཞུ་ལག(སོག་སྐད)། ཨེམ་ཆེ(སོག་སྐད)། སེང་གེ(རྒྱ་གར་སྐད)། པདྨ(རྒྱ་གར་སྐད) མརྒད(རྒྱ་གར་སྐད)ཅེས་པ་ལྟ་བུ་སྟེ།

གཡར་ཚིག་ནི་སྤྱི་ཚོགས་ཀྱི་སྐད་བརྡའི་སྣང་ཚུལ་གལ་ཆེན་ཞིག་ཡིན་ཞིང་། བོད་སྐད་ནི་རྒྱ་བོད་མི་རིགས་སོ་སོའི་སྐད་ཀྱི་རིགས་ཤིག(方言 土语)ལ་ཟེར། ཟུར་ཆག་པའི་སྐད་ནི་ཟུར་ཆག་པ་སྟེ་ཉམས་པ(残缺 音变)ལ་ཟེར། ཕལ་སྐད་དེ་ཡོངས་གྲགས་སུ་ཡུལ་ལུང་སོ་སོའི་སྐད་ལ(方言)ཟེར།

ཡིག་སྐད་དང་ཕལ་སྐད་གཉིས་ལ་ཁྱད་པར་ཕྲན་བུ་ཡོད(书面语和口语有些差别)། མདོ་སྨད་རྒྱལ་མོ་རོང་གི་ཡུལ་སྐད་འདི་བོད་ཀྱི་གནའ་སྐད་མ་འགྱུར་བ་མང་བ་ཡིན་པས། སི་ཏུ་པཎ་ཆེན་གྱི་སུམ་རྟགས་འགྲེལ་ཆེན་ལས། ཁམས་ཕྱོགས་ཀྱི་ཨ་མདོ་དང་རྒྱལ་རོང་སོགས་བྱང་ཤར་གྱི་ས་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པ་ཡིན་པ་གྲགས་པའི་ཡི་གེ་འདོན་ཚུལ་དང་། དེ་དག་གི་ཡུལ་སྐད་ལའང་གྱོང་ཉམས་ཆེ་བ་ཙམ་ལས། འཕུལ་རྟེན་སོགས་སྒྲ་དག་པར་འདོན་པ་བྱུང་བ་མངོན་སུམ་གྱིས་གྲུབ་ཅེས་གསུངས་སོ། །

མཁས་པ་ཆེན་མོ་དམུ་དགེ་བསམ་གཏན་གྱི་མདོ་སྨད་རྒྱལ་མོ་རོང་གི་ལོ་རྒྱུས་ལས། རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་ཀྱི་ནང་བརྡ་རྙིང་ཆེས་མང་བ་དང་། སྒྲ་དྲག་ཆེ་བའི་དབང་གིས་འགྱུར་བ་དང་། འགྱུར་ཆེ་བ་དང་། ཉམས་ཆེ་དྲག་པའི་དབང་གིས་མི་འདྲ་བ་ལྟ་བུར་འགྱུར་བའང་ཡོད་ལ་དབུས་གཙང་སྐད་ཀྱང་རིམ་གྱིས་འགྱུར་བའི་སྟབས་ཀྱིས་མི་འདྲ་བ་ལྟ་བུར་གྱུར་མོད། མ་གཞི་རྒྱལ་རོང་གི་སྐད་འདི་བོད་སྐད་རང་ཡིན་པ་ངེད་ཅག་བོད་རང་མཚན་པ་དང་། བོད་ཡིག་ཤེས་པ་དག་གིས་བལྟས་ན་ཤིན་ཏུ་གསལ། བོད་སྐད་དང་བོད་ཡིག་མི་ཤེས་ཤིང་། རྒྱལ་རོང་གི་སྐད་ཀྱང་མི་ཤེས་པ་འགའ་ཞིག་གིས་བྱུང་རྒྱལ་དུ་སྨྲ་བས། དངོས་དོན་ལྕགས་ལྟ་བུ་དག་བསྒྱུར་ག་ལ་ནུས། ཞེས་གསུངས་སོ། །
I
ཡོང་ཁུངས། བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།