སྒྲིག་རྩོམ་མཁན། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ནོར་བྲང་ཨོ་རྒྱན།
སྐབས་འདིར་དཔྱད་པའི་ལོ་ཚིགས་ལྟར་ན། དར་མ་འུ་དུམ་བཙན་པོས་སྤྱི་ལོ843ཆུ་ཕག་ལོར་དབུས་གཙང་ཡོངས་སུ་བསྟན་པ་བསྣུབས་པའི་དུས། སྐབས་དེར་གཡོ་རུ་གན་པ་བྱང་ཐང་གི་དམར་ཤཱཀྱ་མུ་ནེ་དང་། ལྷོ་འབྲོག་གི་གཡོ་དགེ་བའི་འབྱུང་གནས། འཇད་འཁྱེལ་གྱི་གཙང་རབ་གསལ་བཅས་དགེ་སློང་གསུམ་དཔལ་ཆུ་བོ་རི་ལ་སྒོམ་པའི་དུས། ཨད་དན་ཅིག་པ་དང་། ལྷ་ལུང་འཚག་པོ། ཞ་སྔ་ཁྱམས་པོ་བྱ་བ་བཙུན་པ་གསུམ་གྱིས་ཁྱི་ཁྲིད་ནས་རྔ་བརྡུངས། རོལ་མོ་དཀྲོལ། མགོ་ལ་བྱ་སྒྲོ་བཙུགས། ཤམ་ཐབས་སྔ་སློག་ཕྱི་སློག་བྱས་ནས་རི་དྭགས་ལ་མདའ་འཕེན་པ་གཡོ་དགེ་འབྱུང་གིས་གཟིགས་པས། དེ་ལ་མ་རངས་ནས་བན་རྒན་ང་འཁྲུལ་བའམ། བཙུན་པ་ཚོ་སྨྱོ་བ་གང་ཡིན་གསུངས་པས། རྔོན་པ་དེ་རྣམས་ཀྱིས་སློབ་དཔོན་འཁྲུལ་བ་མ་ཡིན། བཙུན་པ་དབང་མེད་དུ་སྨྱོ་རུ་བཅུག་པ་ཡིན་ཞེས་རྒྱལ་པོས་བསྟན་པ་བསྣུབས་པའི་ལོ་རྒྱུས་ཞིབ་ཏུ་བཤད་ཐོག ཁྱེད་རང་ལ་རྒྱལ་པོའི་བཀའ་ཆད་མ་ཕོག་པ་བསོད་ནམས་ཆེ་སྟེ། ད་ཁྱོད་རང་ཡང་བྲོས་ན་ལེགས་པའི་གཏམ་བཤད་པས། དགེ་སློང་གསུམ་པོས་གོས་རེ་བས་དྲིལ་ནས་སྤྲང་ཆས་སུ་བཞུགས། དམ་ཆོས་འདུལ་བ་དྲེའུའི་ཁལ་གཅིག་བཀལ་ནས་རྒྱལ་ཁྲིམས་མི་གཅིག་པའི་ས་ཆར་བསྟན་པ་དར་བར་བྱ་དགོངས་ནས། ཉིན་མོ་གབ་ཅིང་མཚན་མོ་བྱོན་ཏེ་མངའ་རིས་སུ་བྱོན། དེར་ཡང་བསྟན་པ་སྤེལ་མ་ཐུབ་པར། བྱང་ལམ་ནས་ཧོར་ཡུལ་དུ་བྲོས་ཕེབས་ཏེ། ཧོར་གྱི་དགེ་བསྙེན་ཤེས་རབ་གོ་ཆ་བྱ་བ་གཅིག་ཡོད་པ་དེ་ལ་མིང་ཤཱཀྱ་ཤེས་རབ་ཅེས་བྱ་བར་བཏགས་པ་ཕྱག་ཕྱིར་ཁྲིད་དེ། མདོ་སྨད་ལྷོ་ངོས་བེ་རེའི་ས་ཆ་དེའུ་ཚྭ་མཚོ་བརྒྱུད། རྨ་ལུང་རྡོ་རྗེ་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན། སྔར་གྱི་བཙུན་ཆས་ཁོ་ནར་ཞུགས་པ་ཡུལ་དེའི་མི་རྣམས་ཀྱིས་མཐོང་བས་ཨ་པ་ལ། རྒྱལ་པོ་སྡིག་ཅན་གྱི་ཁྲིམས་ཀྱིས་མ་ཕོག་པའི་བཙུན་པའང་འདི་ན་གདའ་ཟེར་བ་ཐོས་ནས་སྐྲག་སྟེ། དེའི་ནགས་ཁྲོད་དུ་བྲོས་ཕེབས་ནས་འཚོ་བ་མེད་པ་བསྙུན་ཏེ་བཞུགས་པ་ལ། དགེ་བསྙེན་མ་གཅིག་གིས་འཚོ་བ་བག་རེ་བཏེགས། དེའི་དུས་སུ་ཁོང་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་མཇལ་ཏེ། དེ་ལ་བརྟེན་ནས་དབུས་གཙང་དུ་འདུལ་བའི་བསྟན་པ་མི་ནུབ་པའི་ས་བོན་དེ་བསྐྱེད་བསྲིངས་ཐུབ་པ་ཡིན་ནོ། །
དེ་ཡང་བླ་ཆེན་དགོངས་པ་རབ་གསལ་ནི། སྤྱི་ལོ832ཆུ་བྱིའི་ལོར་ཙོང་ཁ་བདེ་ཁམས་སུ་འཁྲུངས། ཁོང་གི་མཚན་གྱི་རྣམ་གྲངས་ལ། སྐྱེ་བོའི་སྐབས་ཀྱི་མཚན་ཀ་ར་འཕན། བོན་བསླབས་པས་བོན་གྱི་མིང་མུ་ཟུ་གསལ་འབར། བསྟན་པའི་མེ་རོ་བསླངས་པས་བླ་ཆེན། རབ་བྱུང་སྐབས་མཁན་སློབ་ཀྱི་མཚན་ལས་དྲས་པས་དགེ་བ་གསལ་དང་བཞིའོ། །
ཁོང་དགུང་ལོ་བཅུ་གཉིས་པ་སྤྱི་ལོ843ཆུ་ཕག་ལོར་དར་མས་བསྟན་པ་བསྣུབས། སྐུ་ནར་སོན་རྗེས་ཞིང་དབོན་དབེན་པར་ནོན་འཇམ་དཔལ་ལ་བཟླས་ལུང་ཞུས། ཁང་རིན་ཆེན་རྡོ་རྗེ་ཞེས་བྱ་བ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྐྱི་རྒྱལ་བའི་གཙུག་ཏོར་ལ་དབུ་ཚད་ཀྱི་བསྟན་བཅོས་གསན། ནམ་དགའ་ལྡན་བྱང་ཆུབ་ལ་ཡོ་ག་གསན།
དེ་རྗེས་དགུང་ལོ་ང་བཞི་པ་སྤྱི་ལོ894ཤིང་སྟག་ལོར་དན་ཏིག་ཏུ་ཕེབས་ནས། མཁས་པ་མི་གསུམ་དང་མཇལ་ཏེ། རབ་བྱུང་བསྙེན་རྫོགས་གནང་ཞིང་། སྐབས་དེའི་མཁན་པོ་སུ་ཡིན་སྐོར་ལ་བཞེད་པ་མི་མཐུན་པ་དཔྱད་དགོས་པར་སྣང་ཡང་། རེ་ཞིག་མཁན་སློབ་ཀྱི་མཚན་ལས་དྲས་པའི་ཚུལ་ལ་བརྟག་སྟེ། ཉང་རལ་ཆོས་འབྱུང་དང་། མཁས་པ་ལྡེའུའི་ཆོས་འབྱུང་ལྟར་གཡོ་དགེ་འབྱུང་གིས་མཁན་པོ་དང་། གཙང་རབ་གསལ་གྱིས་སློབ་དཔོན། དམར་ཤཱཀྱས་གསང་སྟོན་གནང་ཞིང་། བསྙེན་རྫོགས་སྐབས་ཡུལ་དབུས་སུ་དགེ་སློང་བཅུ་དང་། མཐའ་འཁོབ་ཏུ་དགེ་སློང་ལྔ་ཚང་དགོས་པའི་ཁ་སྐོང་ཐད། སྐབས་དེར་ལྷ་ལུང་དཔལ་རྡོར་དར་རྩེ་མདོའི་ཚོང་འདུས་སུ་བཞུགས་པར། ལས་ཀྱི་ཁ་སྐོང་གནང་བ་ཞུས་པས། ངས་བསྟན་པའི་དོན་དུ་རྒྱལ་པོ་སྡིག་ཅན་བསད་སྟབས་སྡོམ་པ་མེད་པས་ལས་ཀྱི་ཁ་སྐོང་མི་རུང་མོད། འོན་ཀྱང་ངས་ཁ་སྐོང་འཚོལ་བའི་གྲོགས་བྱའོ་གསུངས་ནས། རྒྱའི་ཧྭ་ཤང་ཀེ་དབང་དང་། གྱིམ་ཕག་གཉིས་ཁྲིད་དེ་དད་པའི་དགེ་འདུན་གྱི་ཁ་སྐོང་མཛད་ནས། རབ་བྱུང་བསྙེན་རྫོགས་ཆིག་རྫོགས་གནང་སྟེ། མཚན་ཡང་མཁན་སློབ་ཀྱི་མཚན་ལས་དྲས་ཏེ་དགེ་བ་གསལ་དུ་བཏགས་ཤིང་། ཕྱིས་མཁྱེན་རླབས་ཆེ་ལ། བསྟན་པའི་རྩ་བར་གྱུར་པས། མཚན་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས།
དེ་ནས་བྱང་ཕྱོགས་སུ་ཕེབས་ནས། ཅང་ཨིན་རྩེ་མཁར་མི་ཉག་གྷའི་ཡུལ་དུ་བྱོན་ཏེ། གོ་རོང་སེང་གེ་གྲགས་ལ་འདུལ་བ་གསན་པས། འདུལ་བ་ལུང་སྡེ་བཞི་བསྟན་བཅོས་དང་བཅས་པ་བླ་ཆེན་པོ་ལ་གནང་ནས། བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ཚུལ་བཞིན་དུ་གསལ་བར་གྱིས་ཤིག ཁོ་བོ་ནི་རྒས་པས་ཡུན་རིང་དུ་མི་འཚོའོ་གསུངས་སྐད།
དེ་ནས་དབུས་སུ་ཞང་ཆེན་པོ་དགེ་བ་བཞུགས་པའི་སྤྱན་སྔར་ཆོས་གསན་པར་ཕེབས་བཞེད་ནས། མདོ་ཁམས་ཀློང་ཐང་འཇིག་རྟེན་སྒྲོན་དུ་བྱོན་པའི་ཚེ། མང་ར་གཡུ་མཚོ་ཞེས་བྱ་བར། དབུས་ནས་རྒྱལ་པོས་ཕོ་ཉར་མངགས་པ་དེས་དབུས་སུ་མུ་གེ་ཆེན་པོ་བྱུང་བས། ཁྱེད་ཀྱིས་བཤུལ་ཡང་མི་བགྲོད་པས་མ་ཕེབས་ཤིག ཀྭ་འོད་མཆོག་གྲགས་པ་ལྷོ་བལ་དུ་ཆོས་མང་པོ་གསན་ནས། ཁམས་སུ་བྱོན་ནོ་ཟེར་བ་གསན་པས་སླར་ལོག་སྟེ། ཤར་ཕྱོགས་སུ་ལྷ་རྩེ་བྷིག་ཏིག་ཅེས་བྱ་བར་སྔོན་གྱི་ལྷ་རྟེན་མང་པོ་བཞུགས་པའི་དགེ་འདུན་གྱི་གནས་ཤིག་ཏུ་ཀྭ་འོད་མཆོག་གྲགས་པ་དང་མཇལ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་ཊིཀ་ལ་སོགས་པ་དང་། བྱང་ཆུབ་སེམས་པའི་ས་ལ་སོགས་པ་མངོན་པའི་ཐེག་པ་ཆེན་པོ་ལོ་བཅུ་གཉིས་ཀྱི་བར་གསན། དེ་རྗེས་མནལ་ལམ་དུ་རེ་ཞིག་གདུལ་བྱ་རྒྱ་ཆེར་ཡོང་མི་ཐུབ་པའི་མཚན་མ་དང་། ཐེའུ་རང་སྤུན་དགུས་དན་ཏིག་ཏུ་འབྱོན་པར་གསོལ་བ་བཞིན། དན་ཏིག་ཏུ་ཕེབས་ནས། སྐབས་དེར་ཅིག་ཅར་འཇུག་པའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་རྟོག་ཅན་མང་དུ་མཆིས་པའི་ལྟ་བ་བསུན་འབྱིན་པའི་ལྷ་ཁང་དང་། མཆོད་རྟེན་དཔག་ཏུ་མེད་པ་བཞེངས་ཏེ། ཚོན་དང་བཟོ་ལ་སོགས་པ་ཡང་རང་གིས་མཛད་དེ། འདུས་བྱས་ཀྱི་དགེ་བའི་རྩ་བར་བརྩོན་པར་མཛད།
བླ་ཆེན་པོའི་དམ་པའི་སྤྱོད་པ་དེ་ལྟ་བུས་ཡིད་རབ་འཕྲོགས་ནས། སྤ་གོར་གཡུང་དྲུང་ཞེས་བྱ་བ་དེ་འཁོར་མང་པོ་དང་བཅས་དན་ཏིག་ཏུ་བྱོན་པ་དང་། བླ་ཆེན་པོས་དམ་པའི་ཆོས་འདུལ་བ་ནས་གསུངས་པའི་བསླབ་པའི་གཞི་རྣམས་བརྗོད་པས། སྔར་རང་ཉིད་ཀྱི་ཅིག་ཅར་འཇུག་པའི་སྤྱོད་ལམ་དེ་ལྟ་བུར་གནོང་ཞིང་འགྱོད་ནས། ཚུལ་བཞིན་དུ་རབ་ཏུ་བྱུང་བ་དང་། དེའི་རྗེས་སུ་བར་གནས་གྲགས་པ་ཞེས་བྱ་བ་ཡང་རབ་ཏུ་བྱུང་བས། ཁོང་གཉིས་ལ་སྤ་བར་གཉིས་སུ་གྲགས་པ་དང་། དེ་བཞིན་ཇ་བ་གྲགས་པ་དང་། བཙུན་ཆེན་ཅོག་རོ་ཤེས་རབ་འབྱུང་གནས་གཉིས་ལ་ཇ་ཅོག་གཉིས། གཞད་དཔལ་གྱི་རྡོ་རྗེ་དང་། སྲགས་རྒྱ་མཚོ་གཉིས་ལ་གཞད་སྲགས་གཉིས། འལ་པ་རྡོ་རྗེ་དབང་ཕྱུག་དང་། བསྣུབས་ལབ་ཤི་དཔལ་གྱི་དབང་ཕྱུག་གཉིས་ལ་འལ་བསྣུབས་གཉིས། ཟོང་མཆོག་ཆོས་སྐྱོང་དང་། འཚུར་ཤེས་རབ་མཆོག་ལ་ཟོང་འཚུར་གཉིས་ཞེས་སོགས་སློབ་མ་སྙན་གྲགས་ཅན་མང་པོ་འདུས་པ་དང་། ཁོང་གི་མཛད་པ་འདུལ་བའི་བསྟན་པའི་གསོས་སུ་ཆེ་བ་བྱུང་ཞིང་། བླ་ཆེན་པོའི་སློབ་མ་མཆོག་དྲུག་ནི་སྤ་བར་གཉིས་དང་། ཇ་ཅོག་གཉིས། འལ་བསྣུབས་གཉིས་བཅས་ལ་ངོས་འཛིན་པར་སྣང་།
མང་ཐོས་ཀླུ་སྒྲུབ་ཀྱི་བཞེད་པ་ལྟར་ན། བླ་ཆེན་པོ་རབ་བྱུང་བསྙེན་རྫོགས་བཞེས་ནས་ལོ་བཅོ་ལྔ་སོང་བ་བླ་ཆེན་དགུང་ལོ་ང་བཞི་པ་ཤིང་སྟག་སྤྱི་ལོ894ལོར་དབུས་གཙང་མི་བཅུའི་རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་མཛད་པ་དེ་ནས་དབུས་གཙང་དུ་འདུལ་བའི་བསྟན་པ་དར་བའི་རྩ་ལག་ཆེན་པོར་གྱུར་པ་ཡིན་ཅིང་། དེ་ལྟར་བླ་ཆེན་པོས་དགུང་ལོ་བཞི་བཅུ་རྩ་དགུ་ལོར་དན་ཏིག་ཏུ་བྱོན་པ་ནས། ལོ་སུམ་ཅུ་སོ་ལྔ་དན་ཏིག་ཏུ་བཞུགས་མཐར། དགུང་ལོ་བརྒྱད་ཅུ་གྱ་བཞི་པ་སྤྱི་ལོ915ཤིང་ཕག་ལོར་སྐུ་གཤེགས་པ་ལགས་སོ། །
དེ་ལྟར་དར་མས་བསྟན་པ་བསྣུབས་རྗེས་དབུས་གཙང་ན་སྡོམ་པ་དང་བཤད་པའི་གདམས་ངག་བཀའ་ཆད་ནས་མེད། གཙུག་ལག་ཁང་ཐམས་ཅད་ཀྱི་ལྡེ་མིག་བཙུན་གཟུགས་དབུ་གཙུག་ཕུད་ཅན། ཤམ་ཐབས་གོང་བ་ཅན་གྱོན་པ་འགའ་རེ་ཡོད་པའི་མིང་ལ་གནས་བརྟན་དགྲ་བཅོམ་པར་བཏགས་པས་འཛིན། མཆིམས་སྨད་ན་ཆེན་པོ་རྒྱལ་བ་དང་། ཞང་ལྕམ་འབྲེ་ཆུང་བ་གཉིས་ཀྱིས་ཀློག་ཤེས་པས། མི་ཤི་བའི་དགེ་བར་བྱིས་པ་དང་། བུ་ཆུང་ཤི་བ་ལ་སུམ་བརྒྱ་པ་དང་། མི་ཆེ་བ་ཤི་བ་ལ་བདེ་ཆེན་འདོན། མི་དེ་གཉིས་ཤིན་ཏུ་ཤེས་རབ་ཆེ་ཟེར་ཞིང་། དེ་མིན་དབུས་གཙང་ན་བཀའ་གདམས་པ་བྱ་བ་རྩ་བ་བཞི་སྣ་ཡུལ་ལ་ཡོད་པ་སྲུང་བ་དང་། དགག་དབྱེ་བྱ་ཟེར་ནས་དབྱར་ཟླ་གསུམ་གསུམ་སྲུང་ལ། དེ་མིན་མི་སྲུང་བ་གཅིག་དང་གཉིས་རྟགས་ཙམ་འཛིན་པ་ལས་མེད། དུས་དེར་མདོ་སྨད་ན་མཁན་སློབ་ཀྱི་བཀའ་རྒྱུད་བར་མ་ཆད་པར་ཡོད་པའི་གཏམ་དབུས་གཙང་དུ་ཁྱབ་པ་ཡུམ་བརྟན་གྱི་གདུང་རྒྱུད་བསམ་ཡས་བཙད་པོ་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གྱིས་དབུས་གཙང་གི་མི་རྣམས་ལ་ཐར་པའི་དོན་འབྱུང་བར་བཞེད་དེ། སྡོམ་པ་མཚན་ཉིད་པ་བླང་ས་གང་ན་ཡོད་བརྩད་གཅོད་གནང་བས། དང་པོ་རྗེ་དར་མས་བསྟན་པ་བསྣུབས་སྐབས་དམར་གཡོ་གཙང་གསུམ་མདོ་ཁམས་སུ་བྲོས་པ་ལས་མཆེད་པའི་སྡོམ་རྒྱུན་མདོ་སྨད་ན་ཡོད་པའི་གནས་ཚུལ་དེ་གསན་རྗེས། དབུས་གཙང་ནས་དད་པ་ཅན་བསྐུལ་ཏེ། མདོ་སྨད་དུ་རྫོང་བའི་བདག་རྐྱེན་གནང་ལུགས་དང་། “བཀའ་གདམས་ཀྱི་ཡིག་ལམ་འགར་དབུས་གཙང་མི་བཅུ་མདོ་ཁམས་ལ་རྙེད་པ་འཚོལ་དུ་ཕྱིན་པ་འདོད་པ་བཞིན་མ་འགྲུབ་པས་ཡིད་ཕྱུང་སྟེ་འོ་ཅག་ཟང་ཟིང་གི་ཆེད་དུ་འདི་ལྟར་དཀའ་བ་སྤྱོད་པ་བས་འདི་ཕྱི་ཐམས་ཅད་དུ་བདེ་བའི་ཆོས་བྱའམ་ཞེས་བགྲོས་ནས་རབ་ཏུ་བྱུང་བར་ཁ་འཆམས། འོན་ཀྱང་རང་ཅག་ལ་མཁན་པོར་འབུལ་རྒྱུའི་ཕྱག་རྟེན་མེད་ཅེས་གླེངས་པས་ཁོང་རང་ཚོའི་ནང་ནས་ཆོས་རྒྱུས་ཆེ་བ་འགས་གྲོས་འགོ་བཏོན་ཏེ་མེ་ཏོག་མང་དུ་འཐུས་ནས་བླ་མ་འབྱོན་པའི་མདུན་དུ་མེ་ཏོག་གཏོར། ཕྱག་བྱས་པས་ཁྱེད་རྣམས་ག་ནས་ཡིན་ནམ་མི་མཐོང་རྒྱ་ཅན་འགའ་ཞིག་འདུག་གསུངས་ནས་མཉེས་ཞེས་སྣང”[1]འཁོད་པ་གནད་དོན་འདིའི་ཐད་བཞེད་པ་ཁག་གཉིས་འབྱུང་བ་གང་ཞིག་འཐད་ཅེ་ན། བཞེད་པ་ཕྱི་མ་འདི་སྐབས་དེའི་ལོ་རྒྱུས་དངོས་དང་འཚམས་པ་ཡིན། རྒྱུ་མཚན་ནི་བཙད་པོ་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གྱི་དུས་ནི། དབུས་གཙང་དུ་ཁེང་ལོག་བྱུང་བའི་དུས་མཇུག ཁོང་གི་དབང་བསྒྱུར་ས་ཁུལ་ནི་དབུ་རུའི་ས་ཆ་ཆ་ཤས་ལས་དབུས་གཙང་ཡོངས་ལ་ཁྱབ་མི་ཐུབ་པ་དང་། དབུས་གཙང་མི་བཅུ་སྡོམ་པ་བླངས་ནས་དབུས་སུ་འཁོར་སྐབས་རྒྱབ་བརྟེན་བཅོལ་ཡུལ་གང་ཞིག་ལེགས་པའི་སྐོར་མོལ་བགྲོས་ཀྱི་མཐར། བསམ་ཡས་བཙད་པོར་བརྟེན་རྒྱུ་འགབ་ལུགས་ཉང་ཆོས་འབྱུང་ན་གསལ་བ་བཅས་ཀྱིས་སོ། །གང་ལྟར་སྐབས་དེར་དབུས་གཙང་གི་མི་བཅུ་སྟེ། དབུས་ཤ་ཚར་གྱི་ཀླུ་མེས་ཤེས་རབ་ཚུལ་ཁྲིམས། སུམ་པ་ཡེ་ཤེས་བློ་གྲོས། འབྲིང་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། རྨ་བན་རིན་པོ་ཆེ། རྦ་ཚུལ་ཁྲིམས་བློ་གྲོས། གཙང་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་བཙུན་ཤེས་རབ་སེང་གེ མངའ་རིས་པ་འོ་བརྒྱད་སྤུན་གཉིས། ཨུ་པ་ཏ་ཀ་ར་དང་བཅུ་བཅས་ལགས་སོ། །
མཆན།
[1] མཁས་པའི་དགའ་སྟོན་དེབ་ངོས472
ཡོང་ཁུངས། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》། སྟོད་ཆ།