བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ།
བློ་ཆེན་མཁྱེན་རབ་བཟང་བོའི་དཀྱིལ་འཁོར་རྒྱས།།
འཕྲིན་ལས་འོད་དཀར་སྙེ་མ་ལྷུན་གྱིས་གྲུབ།།
ཆོས་ཀྱི་རྒྱལ་མཚན་སྲིད་མཐར་བསྒྲེངས་མཁས་པ།།
ཕྱོགས་ལས་རྣམ་རྒྱལ་ཞབས་པད་གཙུག་ཏུ་བརྟེན།།
རྒྱལ་ཀུན་གསང་བ་གསུང་གི་ཡེ་ཤེས་སྐུ།།
པད་རག་མདངས་ཀྱི་འོད་ཕུང་དཔག་མེད་པ།།
གངས་ཅན་འགྲོ་བའི་མགོན་དུ་ངུར་སྨྲིག་གར།།
བསྒྱུར་མཛད་ཀུན་གཟིགས་ཆོས་ཀྱི་རྒྱལ་མཚན་མཆོག།
རྒྱལ་དང་རྒྱལ་སྲས་རྒྱ་མཚོའི་རྡུལ་སྙེད་ཀྱི།།
ལེགས་མཛད་ལེགས་པའི་སྤྱོད་པ་གངྒཱའི་རྒྱུན།།
ཐུགས་བསྐྱེད་ཐུགས་ཀྱི་དཔལ་བེའུའི་གྲྭར་འཁྱིལ་བས།།
ཆེ་བའི་ཆེས་མཆོག་སྟོན་པ་གཉིས་པར་བཞེངས།།
ཕྱོགས་ཀྱི་འཁོར་ལོར་ཁྱབ་པའི་རྐང་གཉིས་ཚོགས།།
ཐུགས་རྗེའི་རྔ་ཡབ་དཀར་པོའི་འཇོ་སྒེག་གིས།།
སྙིགས་ལྔའི་ཚ་བ་གདུང་སེལ་ཕན་བདེ་སྒོ།།
འབུམ་ཕྲག་ཅིག་ཅར་ཕྱེ་བའི་དགེ་མཚན་ལ།།
བཀའ་དྲིན་རྗེས་སུ་དྲན་པའི་ལྷོ་རླུང་གིས།།
ལུས་སྐྱེས་བ་སྤུའི་སྡོང་བུ་ཀུན་ཏུ་གཡོ།།
དད་པའི་དྲི་བསུང་སྙིང་ལ་རབ་ཞུགས་པས།།
མགོ་སྐྱེ་རལ་བའི་ཅོད་པན་སར་བཏུད་ཏེ།།
ལག་ཟུང་པད་གཞོན་ཆགས་པས་ཞལ་སྦྱོར་ཞིང་།།
འདྲེན་བྱེད་མཆི་མའི་མུ་ཏིག་དོ་ཤལ་ངོམ།།
དུས་ཀྱི་སྲིན་མོ་ཁྲོས་པའི་ཁ་རླངས་ཀྱིས།།
དམར་སེར་ལི་ཁྲིའི་རྒྱ་མཚོ་བསྐམས་བྱས་ཀྱང་།།
ཐུགས་རྗེའི་ཟླ་བ་བདུད་རྩིའི་ཆར་བསྙིལ་བས།།
ཕྱོགས་ཀུན་མཚམས་སྤྲིན་འོད་ཀྱིས་འགེངས་པར་བྱས།།
བསྟན་པའི་མེ་རོ་ཐུགས་བསྐྱེད་རླུང་གིས་གསོས།།
བསྟན་པའི་ཉི་མ་ལེགས་མཛད་ཤིང་རྟས་དྲངས།།
བསྟན་འཛིན་འདུས་སྡེ་འབུམ་གྱི་སྒོ་འཕར་ཕྱེ།།
བསྟན་ལ་སྟོན་པ་གཉིས་པའི་རྣམ་ཐར་བཞེས།།
དུས་ཀྱི་ཆར་རླུང་དྲག་པོས་རིག་པའི་ཚལ།།
བཅོམ་ཀྱང་དམ་པའི་ཐུགས་རྗེའི་བདུད་རྩིའི་བཅུད།།
འཐུངས་པས་འཕྲོག་བྱེད་དར་མའི་སྟོབས་རྩལ་རྒྱས།།
རིགས་པའི་མཆེ་སྡེར་རྣོ་བའི་རྣམ་དཔྱོད་ཀྱིས།།
ཤེས་བྱའི་མཁའ་ལ་མཆོང་ལྡིང་གར་གྱིས་བྲེལ།།
རིག་རྩལ་པདྨོའི་ཚལ་ལ་འགྲན་པ་བརྡར།།
གསུང་གསང་ཉི་མ་འབར་བའི་འོད་རླབས་ཀྱིས།།
གདུང་བའི་མུན་སེལ་རབ་དགའི་འོད་སྣང་འཕེལ།།
མཚན་རྒྱུའི་གསེར་མིག་ལོང་བའི་དབང་བོར་བཀོད།།
ཁུ་བྱུག་དར་མས་མགྲིན་དབྱངས་སྙན་པར་སྒྲོག།
རིག་པའི་པད་མཚོ་དྭངས་པའི་རྫིང་བུ་རུ།།
གླང་སྨྱོན་ཁྲུས་ཀྱི་རྩེད་འཇོས་རྙོག་པའི་ཆུ།།
ཐུགས་རྗེ་ཆུ་ཤེལ་ནོར་བུས་བསལ་བྱས་པས།།
ལྔ་རིག་པད་དཀར་གཞོན་ནུས་འཛུམ་ཞལ་ངོམ།།
བདེ་ལྡན་ཞིང་དུ་བདེ་སྐྱིད་ཀུན་དགའི་དཔལ།།
ཛརྫོགས་པར་ཐོབ་པས་རྫོགས་ལྡན་གསར་བའི་དཔྱིད།།
མངོན་དུ་བཞད་པ་མངོན་སུམ་སྤྱོད་ཡུལ་དུ།།
ཀུན་གྱིས་མཐོང་བ་ཀུན་གཟིགས་ཁྱོད་ཀྱི་དྲིན།།
གངས་ཅན་འགྲོ་བས་ཕན་བདེ་མཛའ་ན་མོར།།
འཁྱུད་པའི་བདེ་དཔལ་སྙིང་ལ་རབ་ཞུགས་པས།།
འདོད་པའི་རེ་བ་ཀུན་སྐོང་བསམ་འཕེལ་ནོར།།
ཐོབ་པའི་སྐལ་བཟང་བསྐལ་བའི་རྒྱན་དུ་ངོམ།།
གདོང་བཞིའི་སྨྲར་བྱེད་བྱེ་བ་རབ་སྤྲུལ་ནས།།
ཁྱོད་ཡོན་སྙན་པར་བརྗོད་པའི་ངལ་བྱས་ཀྱང་།།
ཕྱོགས་ཀྱི་ཆ་ཙམ་སྨྲ་བར་མི་ནུས་ན།།
ཉམ་ཆུང་བྱེའུའི་ངག་ལས་སྨོས་ཅི་འཚལ།།
འོན་ཀྱང་ཁྱོད་ཀྱིས་བསྟན་འགྲོའི་ཕན་བདེ་དོན།།
སྲོག་གི་ཕྱིར་ཡང་གཏོང་བར་མི་བཞེད་པས།།
བདག་ཅག་སྒོ་གསུམ་གདུང་བ་འབུམ་སྐྱེས་ཀྱང་།།
ཁྱོད་ཀྱི་ཡོན་ཏན་བརྗོད་ལ་ངལ་མ་གྱུར།།
ཆོལ་གསུམ་འཛིན་མ་རྒྱས་པའི་ཁྱོན་ཡངས་པོར།།
ཕན་བདེ་ཐང་མར་བརྡལ་བའི་དགེ་མཚན་གྱི།།
གྲགས་སྙན་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཅན།།
དབང་བོའི་ཁང་བཟང་རྩེ་ནས་འགོག་མེད་བསྒྲོགས།།
རྩེ་གཅིག་དད་པའི་མཐོ་རིས་མཻ་ནཱ་ཀས།།
སྒེག་ལྡེམ་གར་གྱི་འགྲོས་དང་ལྷན་སྡེབ་པའི།།
སྙན་པའི་གླུ་དབྱངས་རྣ་བའི་བདུད་རྩི་ཅན།།
རྗེས་དྲན་ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲོ།།
གསུང་གསང་འོ་མའི་བཅུད་ཀྱིས་རྒྱུན་བསྐྱངས་པའི།།
བློ་ཆུང་ལྷག་བསམ་བཟང་བོའི་དཔལ་ལྡན་པས།།
སྨྲ་བའི་འབབ་སྟེགས་ཡངས་པའི་སྒོ་ཕྱེ་སྟེ།།
སྡེབ་ལེགས་ཚིག་གི་ཕྲེང་བ་འདི་ཕུལ་ལོ།།
སེང་དཀར་ཞབས་རྗེས་ལས་བཤུས།