མི་གཅིག་དམར་གསོད་བཏང་ཞིང་། མི་བཞི་བཙོན་དུ་བཅུག་པ།

རྒྱ་དམར་སྲིད་གཞུང་གི་ཉེན་རྟོག་པས་ཕྱི་ལོ་༢༠༢༢ ལོའི་ཟླ་༨ ཚེས་༢༤ ཉིན་དེང་སྐབས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ངོར་ཡོད་པའི་གསེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་བ་ཞེས་པའི་སྡེ་བ་དེའི་ལྔ་བཟང་ཞེས་པའི་བོད་མི་ལྔ་སྟེ། ད་ལྟ་ལོ་༥༢་ཅན་གྱི་ཕྱུག་དར་དང་། དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་མི་༥ རང་ཁྱིམ་ནས་བཙན་ཁྲིད་ཀྱིས་གསེར་རྟ་རྫོང་གི་བཙོན་ཁང་དུ་བཅུག་འདུག ཟླ་༨ ཚེས་༢༥ ཉིན་བཙོན་པ་རྣམས་ཀྱི་ནང་མི་ཉེ་འབྲེལ་ཁ་ཤས་ཀྱིས་བཙོན་པ་རྣམས་ཀྱི་ཆེད་གྲོ་ཁ་ཁྱེར་ནས་ཉེན་རྟོག་ཁང་དུ་ཕྱིན་ཏེ། བཙོན་པ་རྣམས་ལ་གྲོ་ཁ་སྤྲད་རོགས།

ཞེས་ཞུ་བ་ཇི་ལྟར་བྱས་ཀྱང་། ཉེན་རྟོག་པས་དང་ལེན་མ་བྱས་པར་བརྟེན། བཙོན་པ་རྣམས་ལ་གྲོ་ཁ་འཕྲོད་མི་འདུག ཟླ་༨ ཚེས་༢༦ ཉིན་རང་ལོ་༥༢ ཡིན་པའི་བོད་མི་ཕྱུག་དར་གྱི་ནང་མི་ལ་ཉེན་རྟོག་ཁང་གིས་ལན་འབྱོར་ཏེ། ཚེས་༢༦ ཉིན་ཕྱུག་དར་བཙོན་ཁང་ནང་དུ་ཤི་སོང་བས། བོད་མི་ཕྱུག་དར་གྱི་གཟུགས་ཕུང་ལ་བདག་པོ་རྒྱག་པར་ཤོག ཅེས་བཤད་འདུག་པར་བརྟེན། བོད་མི་ཕྱུག་དར་གྱི་ཕ་རྒན་ལོ་༧༡་ཅན་ཐུབ་འོད་ཀྱིས་གཙོས་མི་ཁ་ཤས་གསེར་རྟ་རྫོང་གི་ཉེན་རྟོག་ཁང་དུ་ཕྱིན་པར། ཉེན་རྟོག་པས་བོད་མི་ཕྱུག་དར་བཙོན་ཁང་ནང་གློ་བུར་དུ་ཤི་སོང་། ང་ཚོས་ཉེས་རྡུང་བཏང་ནས་བསད་པ་མིན། དེར་བརྟེན་བོད་མི་ཕྱུག་དར་ཉེན་རྟོག་པས་དམར་གསོད་བཏང་བ་མ་རེད། ཅེས་ཕྱུག་དར་གྱི་ནང་མི་ཚོས་ས་ཡིག་རྒྱག་དགོས། དེ་ལྟར་ས་ཡིག་བརྒྱབ་རྗེས། ཕྱུག་དར་གྱི་གཟུགས་ཕུང་ཁྱོད་ཚོས་འཁྱེར་ཆོག ཅེས་ཉེན་རྟོག་པས་བཤད་པར། ཕྱུག་དར་གྱི་ཉེ་འབྲེལ་ཚོས་ནམ་རྒྱུན་ཕྱུག་དར་ལ་ན་ཚ་ཅི་ཡང་མེད། ད་ཐེངས་ཁྱོད་ཚོས་ཕྱུག་དར་བཙོན་ཁང་ནང་བཙན་ཁྲིད་བྱས་འཕྲལ་གློ་བུར་དུ་ཤི་འགྲོ་དགོས་དོན་ཡོད་པ་མ་རེད། ཉེན་རྟོག་པ་ཚོས་ཕྱུག་དར་བསད་མེད་ཅེས་ཇི་ལྟར་བཤད་ཀྱང་། ཉེན་རྟོག་པས་རྡུང་རྡེག་བཏང་ནས་ཕྱུག་དར་བསད་ཡོད་ས་རེད། སྙམ་ནས་ང་ཚོ་ལ་དོགས་པ་ཧ་ཅང་ཆེན་པོ་ཡོད་ལུགས་དང་། ད་བར་ཕྱུག་དར་གྱི་ཕ་རྒན་ལོ་༧༡་ཅན་དང་། མ་རྒན་ལོ་༧༥་ཅན། བཟའ་ཟླ་དང་། བུ་ཕྲུག་བཅས་ཡོངས་རྫོགས་ཀྱི་འཚོ་ཐབས་ཕྱུག་དར་གཅིག་པུ་ལ་བརྟེན་འདུག་ཡོད་ཀྱང་། ཕྱུག་དར་མེད་པ་ནས་ཤུལ་ལུས་ནང་མི་ཚོའི་འཚོ་ཐབས་ལ་དཀའ་ངལ་ཆེན་པོ་ཡོད་ལུགས་སོགས་བཤད་མཐར། ཉེན་རྟོག་པས་ཁོ་ཚོས་བོད་མི་ཕྱུག་དར་བསད་མེད་ཀྱང་། གོང་དུ་ཁོ་ཚོས་བཤད་པ་ལྟར། ད་ལྟ་རང་ཁྱོད་ཚོས་དེ་ལྟར་ངོས་ལེན་བྱས་ན་ང་ཚོས་ཁྱོད་ཚོར་རྒྱ་སྒོར་འབུམ་གཅིག་སྤྲད་རྒྱུ་ཡིན་པ་དང། ད་ནས་བཟུང་ཕྱུག་དར་གྱི་ཕ་མ་གཉིས་དང་། བཟའ་ཟླ། བུ་ཕྲུག་བཅས་ཤི་མ་སོང་བར་དུ་ཁོ་ཚོ་མི་རེ་ལ་ལོ་རེར་ཉེན་རྟོག་ཁང་གིས་རྒྱ་སྒོར་ཁྲི་རེ་སྤྲད་ངེས་ཡིན། ཞེས་བཤད་པ་ལྟར། མཐའ་མ་ཉེན་རྟོག་ཁང་གིས་སྐད་ཆ་གང་བཤད་ལ་བོད་མི་ཚོས་ཡིད་ཆེས་མ་བྱས་རང་བྱས་སུ་གྱུར་ཏེ། བོད་མི་ཚོས་བོད་མི་ཕྱུག་དར་གྱི་གཟུགས་ཕུང་ཁྱེར་ནས་རང་ཁྱིམ་དུ་ཕྱིར་ལོག་བྱས་འདུག་ཀྱང་། མང་ཚོགས་ཀྱིས་བོད་མི་འདས་པོ་ཕྱུག་དར་གྱི་ཕ་མ་གཉིས་དང་། བཟའ་ཟླ། བུ་ཕྲུག་བཅས་མ་ཤི་བར་དུ་ལོ་རེར་ཉེན་རྟོག་ཁང་གིས་སྒོར་ཁྲི་རེ་སྤྲད་རྒྱུ་ཡིན་ཟེར་བ་དེ་ནི་བོད་མི་ཕྱུག་དར་གྱི་ནང་མི་ཉེ་འབྲེལ་སོགས་ཉིན་དེར་ཕྱིར་རང་ཁྱིམ་དུ་ལོག་ཐབས་ཁོ་ནའི་ཆེད་དུ་ཉེན་རྟོག་པས་ཁོ་ཚོ་ལ་སྐྱག་རྫུན་མགོ་སྐོར་ཁོ་ནའི་ཆེད་དེ་ལྟར་བཤད་པ་མ་གཏོགས། ཉེན་རྟོག་ཁང་གིས་མུ་མཐུད་ལོ་རྟག་ཏུ་བོད་མི་ཕྱུག་དར་གྱི་ཤུལ་ལུས་ནང་མི་རེ་ལ་རྒྱ་སྒོར་ཁྲི་རེ་མི་སྤྲད་ངེས་ཅན་རེད། རྒྱ་གཞུང་ཉེན་རྟོག་པས་ནམ་རྒྱུན་བོད་མི་ཚོ་འདི་ལྟར་མགོ་སྐོར་བཏང་དང་གཏོང་བཞིན་པ་ལྟར། ད་ལྟ་ཡང་འདི་ལྟར་བཤད་པ་ཁོ་ཚོ་ལ་སྐྱག་རྫུན་ཡིན་ངེས་རེད། འོན་ཀྱང་རྒྱ་གཞུང་ཉེན་རྟོག་པས་སྐྱག་རྫུན་བཤད་པ་ཡིན་མིན་ལ་ང་ཚོས་རྗེས་ནས་ལྟ་དགོས། ཞེས་ཤོད་བཞིན་ཡོད་འདུག
གང་ལྟར་རྒྱ་གཞུང་ཉེན་རྟོག་པས་གོང་གསལ་ལྔ་བཟང་ཞེས་པའི་བོད་མི་༥ དེ་གསེར་རྟ་རྫོང་གི་བཙོན་ཁང་དུ་བཙོན་བཅུག་བྱེད་ཉིན་ནས་བརྩིས་ཉིན་༣ པ་དེར་བོད་མི་ཕྱུག་དར་བཙོན་ཁང་ནང་དམར་གསོད་བཏང་བ་དང་། ཁོང་གི་རོགས་པ་ཤུལ་ལུས་བོད་མི་བཞི་ཁྱོན་བདུན་ཕྲག་༡ རིང་དུ་གསེར་རྟ་རྫོང་གི་བཙོན་ཁང་ནང་བཀག་ཉར་བྱས་རྗེས། ཕྱི་ལོ་༢༠༢༢་ལོའི་ཟླ་༨ ཚེས་༣༡ ཉིན་ནས་བོད་མི་བཞི་པོ་དེ་དཀར་མཛེས་རྫོང་གི་བཙོན་ཁང་དུ་བཙན་ཁྲིད་བྱས་ཏེ། ད་ལྟ་དཀར་མཛེས་ཀྱི་བཙོན་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་པར་མ་ཟད། ཁོ་ཚོར་ལོ་ཐག་གཅད་རྒྱུའི་ཉེན་ཁ་ཐོན་བཞིན་འདུག
དེ་སྔོན་ལྟར་ན་རྒྱ་གཞུང་གིས་བོད་མི་ཚོ་བཙོན་བཅུག་བྱས་རྗེས་ཁྲིམས་ཐག་མ་བཅད་བར་དུ་བཙོན་པ་ཕལ་ཆེ་བ་རང་རང་གི་ས་གནས་རྫོང་གི་བཙོན་ཁང་ནང་བཀག་ཉར་བྱེད་སྲོལ་ཡོད་ཀྱང་། དེང་སྐབས་སྔོན་དང་མི་འདྲ་བར་རྒྱ་གཞུང་གིས་བོད་མི་ཚོ་བཙོན་བཅུག་བྱས་རྗེས་བདུན་ཕྲག་རེ་ཙམ་ལས་རང་སའི་རྫོང་གི་བཙོན་ཁང་ནང་འདུག་མི་བཅུག་པར། རྫོང་ཁག་གཞན་དང་གཞན་གྱི་བཙོན་ཁང་དུ་བཙན་འཁྲིད་བྱེད་བཞིན་ཡོད་འདུག
སྤྱིར་གོང་གསལ་ལྔ་བཟང་ཞེས་པའི་བོད་མི་ལྔ་པོ་དེ་དག་གི་ལས་འགན་ནི་རང་སྡེའི་སྐུ་རིམ་ཞབས་བརྟན་བསྒྲུབ་རྒྱུ་དང་། བསངས་གསོལ་སོགས་ཆོས་ཕྱོགས་ཀྱི་མཛད་རིམ་གོ་སྒྲིག་བྱ་རྒྱུ་དང་། རང་གི་སྡེ་བ་དེའི་མང་ཚོགས་སྤྱི་ཚོགས་ཡ་རབས་བཟང་སྤྱོད་ཀྱི་ཕྱོགས་སུ་སྐུ་སློང་བྱ་རྒྱུ་དེ་ཡིན་པ་རེད།
ལྔ་བཟང་ཞེས་པའི་མི་དེ་དག་ཡར་སླེབས་སྟངས་ཀྱང་སྡེ་བ་དེའི་མང་ཚོགས་རང་ངོས་ནས་རང་འགུལ་རང་མོས་ཀྱིས་བསྐོ་བཞག་བྱས་པ་ཤ་སྟག་ཡིན་འདུག་པ་དང་། སྡེ་བ་དེའི་ནང་ནས་མི་ལྔ་པོ་དེ་དག་ནི་ཀུན་སྤྱོད་དང་། སྤྱི་སེམས། ལྷག་བསམ་སོགས་ཧ་ཅང་བཟང་པོ་ཡོད་པའི་མི་ལྔ་ཡིན་པར་བརྟེན། ཁོང་ཚོའི་མིང་ལ་ལྔ་བཟང་ཞེས་མང་ཚོགས་རང་ངོས་ནས་མིང་དེ་ལྟར་བཏགས་པ་ཡིན་འདུག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།