༄༅། །མན་ངག་གི་གཏེར་མཛོད་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་དམ་པ་ཨ་ཁུ་མགོ་ལོག་གྲགས་པ་ཚང་དགུང་གྲངས་དགུ་བཅུར་སླེབས་པའི་གོ་སྟོན་དུ་ཕུལ་བའི་ཤིས་ཚིག་དུང་གི་རང་སྒྲ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།
མ་བཅོས་རང་གི་བཤིས་ལ་རང་ཆོས་སུ།།
གྲུབ་པའི་ཐུགས་རྒྱུད་གཙང་མའི་ས་གཞི་ལ།།
བཅས་ཁྲིམས་པདྨོ་བཞད་པའི་དྲི་བསུང་གིས།།
ཁྱེད་སྐུ་ལྷག་པར་མཛེས་པ་སྙིང་ནས་བསྟོད།།

ཆོས་ལ་ཆོས་སུ་སྤྱད་པའི་དཔལ་ཡོན་གྱིས།།
ཁྱེད་ཐུགས་ཟབ་རྒྱས་བདུད་རྩིའི་གཏེར་དུ་གྱུར།།
ཆེན་པོར་གྱུར་ཀྱང་ཆེར་རློམ་སྐྱོན་བྲལ་བས།།
ཆེན་པོའི་ཆེན་པོ་དག་ཀྱང་ཁྱོད་ཉིད་བཀུར།།

གྲགས་སྟོང་འུད་ལ་ཆགས་པའི་དྲི་མེད་པས།།
པ་སངས་མདངས་ཀྱང་གནོན་པའི་གྲགས་དཀར་ཁྱབ།།
རྒྱ་ཆེན་གཞུང་གི་སྙིང་བཅུད་གཞིབས་པའི་མཐུས།།
མཚོ་ཆེན་གཡོ་བའི་གདུལ་བྱའི་མགོན་དུ་གྱུར།།

བདག་ཀྱང་ན་ཚོད་ཆེས་ཆེར་གཞོན་དུས་ནས།།
བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་ཀྱི་སྡེར།།
ཁྱེད་ཐུགས་གཙང་མའི་ཡོན་ཏན་མང་ཐོས་པས།།
སྙིང་གི་དབུས་ནས་བསྟོད་འདོད་ཡང་ཡང་སྐྱེས།།

རྒྱལ་དང་རྒྱལ་སྲས་བྱེ་བའི་ཐུགས་སྨོན་དང་།།
གང་ཐུགས་ཆོས་ཀྱིས་ཕྱུག་པའི་བྱིན་རླབས་དང་།།
བསྟན་སྲུང་རྒྱ་མཚོའི་ནུས་མཐུ་མ་གཡེལ་བས།།
དགུང་གྲངས་དགུ་བཅུ་གཡང་དང་ཤིས་པའི་བསུས།།

བསྟན་དང་འགྲོ་བའི་ཕན་བདེ་མཆོག་གི་སླད།།
བསམ་བཞིན་བྱོན་པར་སོམ་ཉི་མ་མཆིས་པས།།
ད་དུང་ལྷུན་གྲུབ་ཆོས་ཆར་འབེབས་བཞིན་དུ།།
ཁྱེད་སྐུ་གཡུང་དྲུང་གཤིས་སུ་རྟག་བརྟན་མཛོད།།

ཅེས་པ་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིགས་སྨྲ་བ་ཡོངས་ཀྱི་གྲལ་མཐའ་བ་བཛྲ་ཚུལ་ཁྲིམས་རྒྱ་མཚོར་འབོད་པས་མན་ངག་གི་གཏེར་མཛོད་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་དམ་པ་ཨ་ཁུ་མགོ་ལོག་གྲགས་པ་ཚང་དགུང་གྲངས་དགུ་བཅུར་སླེབས་པའི་གོ་སྟོན་སྐབས་ཤིས་ཚིག་དུ་ཕུལ་བའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།