༄༅། །མཁས་གྲུབ་གནས་བརྟན་འདུལ་འཛིན་བྱེ་བའི་གཙུག་རྒྱན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་རྗེ་བཙུན་བླ་མ་དམ་པ་གྲགས་པ་རྒྱ་མཚོ་དཔལ་བཟང་པོའི་སྡེ་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་ལ་ཕུལ་བ། ལྷ་དབང་གཡུལ་ལས་རྒྱལ་བའི་བཀྲ་ཤིས་ཆོས་ཀྱི་རྔ་བོ་ཆེ་ལྡིར་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།

   ཚུལ་ཁྲིམས་འོད་ཟེར།           

༄༅། །ན་མོ་གུ་རུ་བྷཊྚཱརཀཿཀིརྟིཿསཱ་ར་ཤྲཱི་བྷ་དྲ་ཡེ། 

༼༡༽
མཚན་དཔེའི་དཔལ་འབར་སྐུ་མཆོག་མཐོང་གྲོལ་སྐུ། །
ཚངས་དབྱངས་སྙན་འཇེབས་གསུང་མཆོག་ཐོས་གྲོལ་གསུང་། །
མཉམ་རྗེས་དབྱེར་མེད་ཐུགས་མཆོག་དྲན་གྲོལ་ཐུགས། །
པད་དཀར་ལྟར་བསྔགས་རྒྱལ་མཆོག་ཀུན་གྲོལ་རྒྱལ། །

༼༢༽
ཚེ་སྦྱིན་མཆོག་སྩོལ་ཚེ་དཔག་མེད་མགོན་སྐུ། །
རྒྱལ་ཀུན་འཕྲིན་ལས་རྒྱལ་ཡུམ་ཏཱ་རེ་མ། །
བདུད་དཔུང་ཀུན་འཇོམས་བདུད་འདུལ་རྣམ་པར་རྒྱལ། །
རབ་འབྱམས་རྒྱལ་བས་རབ་འབྱམས་བྱིན་ཆར་སྩོལ། །

༼༣༽
འདི་ནས་བྱང་ཕྱོགས་བསིལ་ལྡན་སཱ་ལའི་ལྗོངས། །
ལྗོངས་དེའི་དབང་ཕྱོགས་མདོ་སྨད་ནོར་འཛིན་ཞིང་། །
ཞིང་མཆོག་ལུང་རྟོགས་རྒྱལ་བསྟན་སྐྱོང་བའི་མགོན། །
མགོན་དེའི་གོ་སྟོན་སྐལ་བཟང་འདི་ཀོ་ཅི། །

༼༤༽
ཆོས་བརྒྱད་འགོ་བའི་ནད་ལྟར་རིང་དུ་སྤངས། །
 ཐོས་དོན་བསམ་དང་བསམ་དོན་ཚུལ་བཞིན་བསྒྲུབས། །
འདོད་ཆུང་ཆོག་ཤེས་ཁོ་ནའི་རང་ལམ་ནས། །
མཁས་གྲུབ་འདུལ་འཛིན་ཆེན་པོའི་གོ་འཕངས་བརྙེས། །

༼༥༽
བཤེས་གཉེན་བསྟེན་ལ་བྱང་སེམས་རྟག་ཏུ་ངུ། །
 རླབས་ཆེན་བརྩོན་འགྲུས་མཐར་ཕྱིན་ཤཱཀྱའི་རྒྱལ། །
གཞན་དོན་ལྷུར་ལེན་ཞུམ་མེད་སྤྱན་རས་གཟིགས། །
མཁས་གྲུབ་འདུལ་འཛིན་ཆེན་པོའི་རྣམ་ཐར་ཡིན། །

༼༦༽
ཐོས་བསམ་སྒོམ་གསུམ་བློ་བཟང་རྒྱལ་བའི་སྐུ། །
འཆད་རྩོད་རྩོམ་གསུམ་རྒྱན་དྲུག་མཆོག་གཉིས་གསུང་། །
མཁས་བཙུན་བཟང་གསུམ་རབ་འབྱམས་རྒྱལ་བའི་ཐུགས། །
མཚུངས་མེད་སྐྱབས་གསུམ་ཀུན་འདུས་མགོན་དེར་འདུད། །

༼༧༽
འདི་ནས་བགྲང་བྱ་བཅུ་ཕྲག་བཞི་ལྔའི་གོང་། །
ཆོས་སྲིད་རིག་གནས་སྤྱི་ཚོགས་དཔལ་ཡོན་ཀུན། །
ཀུན་འཇོམས་རིག་གསར་རྙིང་བཞི་རྩ་གཏོར་བས། །
 མི་རྣམས་དབུགས་ཀྱང་གཏོང་ལེན་དཀའ་བའི་དུས། །

༼༨༽
སྡེ་སྣོད་བསླབ་ཁྲིམས་རྒྱ་མཚོའི་གཏེར་ཆེན་སྡེ། །
ཡང་ཡང་མགོན་ཁྱོད་མནར་གཅོད་ཇི་ལྟར་ཡང་། །
བཅས་མཚམས་ཕྲ་མོའང་སྲོག་ལས་གཅེས་འཛིན་བཅས། །
བརྗིད་ཆགས་རི་དབང་ལྟ་བུའི་རྣམ་ཐར་བརྗིད། །

༼༩༽
ཅི་ཙམ་རྒུད་ཀྱང་ཐུགས་སྤོབས་མི་ཞུམ་ཤིང་། །
ཅི་ཙམ་དར་ཡང་ལྷག་ཏུ་ཞི་དུལ་སྐུ། །
ཅི་ཙམ་བརྟགས་ཀྱང་ཡིད་འཕྲོགས་མཛད་བཟང་གཏེར། །
ཅི་ཙམ་བསྟེན་ན་ཕན་བདེའི་ཀུན་འབྱུང་བཤེས། །

༼༡༠༽
ཡང་དར་རྒྱལ་བསྟན་མེ་རོ་སློང་བའི་དུས། །
སྙི་གཞུང་ནོར་འཛིན་ཡངས་པའི་ནེའུ་གསིང་གཞིར། །
སྡོམ་གསུམ་སྤེལ་དང་འདུལ་གཞུང་འཆད་ཉན་བཙུགས། །
འདུལ་འཛིན་ཉིན་བྱེད་དབང་པོ་མགོན་ཁྱོད་ཙམ། ། 

༼༡༡༽
ཐུབ་པའི་བསྟན་ལ་ཐུབ་དབང་གང་ཉིད་ཀྱིས། །
དམ་ཆོས་རྩ་བ་དམ་ཆོས་འདུལ་བ་རུ། །
ལན་མང་བསྔགས་ལྟར་ལན་བརྒྱར་མགོན་ཁྱོད་ཀྱིས། །
འདུལ་བསྟན་དར་སྤེལ་འདུལ་འཛིན་ཁྱེད་ལས་སུ། །

༼༡༢༽
སོ་སོར་ཐར་བའི་འདུལ་ཁྲིམས་གཙང་མའི་གཞིར། །
བྱང་སེམས་བསླབ་པའི་དཔག་བསམ་ལྗོན་བཟང་བཞད། །
གསང་སྔགས་དམ་ཚིག་དོན་གཉིས་འབྲས་བུ་སྨིན། །
གནས་བརྟན་འདུལ་འཛིན་འབྲེལ་ཚད་དོན་ལྡན་བསྔགས། །

༼༡༣༽
གོང་མའི་ཞིང་ལ་དད་གུས་དྲི་བསུང་འཐུལ། །
བར་མའི་ཡུལ་ལ་མཛའ་བརྩེའི་ཕྱི་ཐག་རིང་། །
དམན་པའི་ཡུལ་ལ་ཕན་བདེའི་སྦྲང་ཆར་འབེབས། །
རྗེ་བཙུན་བླ་མ་གྲགས་པ་རྒྱ་མཚོར་འདུད། །

༼༡༤༽
སྨྱོ་སྤྱོད་གྲུབ་རྫུའི་སྔོ་ལོ་འཕྱར་རབས་མེད། ། 
ལུང་རྫུན་ཐོ་ཅོས་གཞན་མགོ་བསྐོར་རབས་མེད། །
བསླབ་གསུམ་ཁ་ཆག་སྣ་རལ་དྲི་ཙམ་མེད། །
མཁས་གྲུབ་འདུལ་འཛིན་ཆེན་པོའི་རྣམ་ཐར་ཡིན། ། 

༼༡༥༽
འཆད་པས་མདོ་སྔགས་གཞུང་བརྒྱའི་གནད་གསང་བཀྲོལ། །
རྩོད་པས་ལོག་སྨྲ་སྤོ་མཐོའི་བྲག་རི་སྙིལ། །
རྩོམ་པས་སྙན་འཇེབས་ཚངས་དབྱངས་རོལ་མོ་འཁྲོལ། །
མཁས་གྲུབ་བཤེས་གཉེན་ཆེན་པོའི་རྣམ་ཐར་ཡིན། །

༼༡༦༽
ཁྱིམ་པའི་ཁྲོད་དུ་ཁྲིམས་དཔོན་མ་མཛད་ཀྱང་། ། 
རང་རྒྱུད་བསླབ་གསུམ་ཁྲིམས་ཀྱིས་ཞི་དུལ་བཤེས། །
སྡོམ་གསུམ་གཙང་མའི་ཁྲིམས་ཀྱི་དྲི་བསུང་འཐུལ། །
སོར་བྱང་སྔགས་གསུམ་ཁྲིམས་ཀྱི་གཏེར་དེར་འདུད། །

༡༧
བརྒྱུད་པ་རབ་གཙང་མདོ་སྔགས་རིག་གནས་བཅས། །
འཆད་ཁྲིད་ཆུ་བོའི་གཞུང་ལྟར་རྒྱུན་སྐྱོང་གིས། །
ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་གསུམ་ལ། །
དབང་འབྱོར་མཁས་མང་སློབ་ཚོགས་སྐྱེད་པའི་བཤེས། ། 

༼༡༨༽
དགུང་ན་སྨིན་པའི་ཉེ་བའི་དུས་འདིར་ཡང་། །
མགོན་ཁྱོད་བསྟན་འགྲོ་ཁོ་ནར་ཕན་བཞེད་ཀྱིས། །
ནུབ་ཉེའི་དབང་ལུང་ཆེས་དཀོན་མན་ངག་མཛོད། །
ཟབ་གསང་གདམས་པའི་ཆོས་ཆར་འདོད་རྒུར་འབེབས། །

༼༡༩༽
མདོར་ན་ཕྱི་དྲོའི་ཁ་ཟས་ཙམ་གྱིས་ཀྱང་། །
མ་གོས་སྡོམ་གསུམ་གཙང་མའི་ཚུལ་ཁྲིམས་གཏེར། །
རིམ་གཉིས་ལམ་སྦྱང་མཐར་ཕྱིན་མཁས་གྲུབ་བཤེས། །
ཁྱེད་ཉིད་མགོན་ཐོབ་སྐལ་བཟང་འདི་ཀོ་ཅི། །

  ༼༢༠༽
དཔལ་ལྡན་བླ་མེད་བླ་མ་རིགས་བརྒྱའི་བདག །
དོན་ལྡན་གྲགས་སྙན་གྲགས་པ་ཕྱོགས་བརྒྱར་འབར། །
མཛད་འཕྲིན་རྒྱ་ཆེན་རྒྱ་མཚོ་བསྟན་འགྲོའི་མགོན། །
ཀུན་ཕན་ཐུགས་ཀྱི་ཐུགས་བཞེད་ལྷུན་འགྲུབ་ཤོག །

༼༢༡༽
མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་བསྐྱེད་མཐུ། །
མཐུ་ལྡན་དམ་ཅན་སྲུང་མའི་བྱིན་རླབས་སྟོབས། །
སྟོབས་བཅུའི་བཤེས་གཉེན་གྲགས་པ་རྒྱ་མཚོའི་ཞབས། །
ཞབས་པད་རྟག་བརྟན་ཐུགས་བཞེད་མྱུར་འགྲུབ་ཤོག །

ཅེས་བཀའ་དྲིན་འཁོར་མེད་ཀྱི་མངའ་བདག་མཁས་གྲུབ་གནས་བརྟན་འདུལ་འཛིན་ཆེན་པོ་རྗེ་བཙུན་བླ་མ་དམ་པ་མཁན་ཆེན་ཞང་གྲགས་པ་རྒྱ་མཚོ་དཔལ་བཟང་པོའི་སྡེ་དགུང་གྲངས་དགུ་བཅུའི་གོ་སྟོན་གྱི་རྨད་བྱུང་སྐལ་བཟང་གི་དུས་སྟོན་ཁྱད་པར་ཅན་འདིར་སྐྱེས་མཆོག་དམ་པ་གང་དེའི་གསང་གསུམ་གྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་རྩྭ་རྩེས་བླངས་པའི་ཆུ་ཐིགས་ཙམ་ཞིག་གསོང་བོར་བརྗོད་རྒྱུ་བྱུང་བ་འདི་ཡང་རང་ཉིད་ཀྱི་ལེགས་བྱས་གོང་འཕེལ་ཁོ་ནའི་ཆེད་དུ་དམིགས། དམ་པ་གང་གི་སློབ་བུའི་་གྲལ་མཐར་གཏོགས་པ་ཚངས་སྲས་རིག་པའི་འདོད་འཇོའམ། ཚུལ་ཁྲིམས་འོད་ཟེར་དུ་འབོད་པ་གང་དེས་རང་ཤག་ལྔ་རིག་དྲི་བསུང་སྤོས་ངད་ལྡིང་ཁང་དུ་བོད་རབ་གནས་ཆུ་སྟག་ལོའི་ཟླ་༥་ཚེས་༢༩་ཕྱི་ལོ་༢༠༢༢་ལོའི་ཟླ་ ༧་ཚེས་༢༧་ཉིན་གྲུབ་པར་བགྱིས་པ་དགེའོ།། །།སརྦ་མངྒ་ལཾ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།