རུས་ཀོག སྙི་གྲོང།
སྨུག་པའི་ཁ་རུ་དྲན་པ་ཐོགས།།
ཞེ་སེམས་སྤྲིན་པ་ཇ་ནང་ལྷུང་།།
མི་ཡི་ཟས་བཞིན་མིད་པར་བཏང་།།
ཇི་ལྟར་བསམ་རུང་ན་ནིང་རེད།།
རྔོག་ཆུང་ཕྱུག་པའི་རྟ་རྒན་བཞིན།།
ང་རང་མཚེར་དོན་ཅི་ཞིག་ཡོད།།
མེ་ཏོག་བསླས་པའི་མགོ་དཀྲིས་ཀྱང་།།
ཡིད་བརྗེད་ཁུར་ཏེ་དུས་འགྱང་རིང་།།
གོམ་ཆུང་གོམ་པ་མ་བགྲོད་ན།།
བསམ་ཚོད་མི་ཚེ་སུད་རྒྱུ་རེད།།
ཕྱི་ལོ་༢༠༡༧ཕྱི་༦ཚེས་༣ ཉིན།
ཨ་ཅེ། (གཞན་གཉིས།)
རུས་ཀོག ༼སྙི་གྲོང་།༽
སྐྱིད་པར་སྙམ་པའི་མལ་སའི་ཁུད་ནས།།
ཨ་ཅེ་རྨིས་པའི་ཞག་མ་བརྒྱ་ལ།།
ཉི་མའི་བྲང་ཁ་ང་ལ་གཏད་དེ།།
མཚན་སྨག་བྱེ་བ་ཚ་བས་གཞོམ་གྱིན།།
ཕྱི་དྲོའི་གདོང་ལ་དྲན་པ་འཁོར་ཏེ།།
ཁ་འཇམ་ཚིག་གི་གླན་ག་སློག་ཀྱང་།།
རྨི་ལམ་ཁ་དཀྲིས་འབྱེད་པ་མ་བྱུང་།།
ཕྱི་ལོ་༢༠༡༧ཕྱི་ཟླ་༦ཚེས་༢༠ ཉིན།
དགེ་རྩ་བསྔོས་པ།
ཨ་ཅང་ཆར་ཞོད་བབས་པའི་རྗེས་སུ།།
རི་རྒྱབ་སྨུག་པ་ང་སར་འཁོར་ན།།
ངས་ནི་གདོང་པ་སྨུག་ཟིལ་བཀྲུ་ཞོར།།
སེང་རས་ཕག་གི་རྒྱུས་མེད་མི་ཚོགས།།
སྨུག་པའི་གསེབ་དུ་དལ་གྱིས་འདེད་ཆོག།
དེ་དུས་བཅོམ་ལྡན་ང་སར་འབྱོན་ནས།།
སྟོང་པ་ཉིད་ཀྱི་བརྡ་གླུ་ལེན་ཐང་།།
ཇི་ལྟར་བླངས་པ་དེ་ལྟར་མཉན་རྗེས།།
ང་དང་བཅོམ་ལྡན་མཉམ་དུ་སངས་རྒྱ།།
ལས་ཀྱིས་བཀོད་པ་དེ་ལྟར་མིན་ཡང་།།
སེམས་ཀྱིས་རི་མོ་དེ་ལྟར་བྲིས་ཆོག།
ཕྱི་ལོ་༢༠༡༧ཕྱི་ཟླ་༦ཚེས་༨ཕྱི་དྲོར་བྲིས།