ཁ་བ། གསེར་རྟ།
ངས་ཉིན་རེ་བཞིན་ཇེ་ཉུང་ལ་འགྲོ་བཞིན་པའི་ཚེ་སྲོག་གི་སྐར་ཆ་དག་ལ་ཕངས་སེམས་མེད་པར། ང་རང་ཆེས་དགའ་སའི་མི་རེར་ཉིན་སྣེ་མཚན་མཐུད་ཀྱིས་སྒུག་བཞིན། སྙིང་རྗེ་མེད་པའི་མི་ཁའི་སྤུ་གྲི་མང་པོའི་ཁ་ནས་བཟོད་བསྲན་གྱིས་གླུ་ཆུང་བླངས་པར་གྲངས་ཀ་མེད་ཀྱང་།ང་ནི་ལྕགས་མདའ་ཁུར་བའི་རི་དྭགས་བཞིན། མཇུག་མཐར་ཐག་རིང་ཐག་རིང་གི་གདོད་མའི་ནགས་ཀློང་དུ་སྲོག་བསྡོས་ཀྱིས་བྲོས་དགོས་དོན་ག་རེ་ཡིན་ནམ། ང་རང་དེ་ལྟར་བས་མཐའ་དང་འདོད་གདུང་གིས་མནར་བའི་དམྱལ་བའི་དུས་ཚོད་དག་དྲན་ན། ངས་ལྷག་བསམ་རྣམ་དག་གིས་དྲན་བཞིན་པའི་མི་དེ་ཚོ་ང་ལ་གཏན་ནས་མི་དགའ་བ་དེ་རེད། ངས་ངོ་མི་ཤེས་པའི་བུ་མོ་ཞིག་ལ་ཞག་གང་བོར་སྙིང་གཏམ་བཤད་པ་ཡིན། ཁོ་མོས་དགོད་ཀྱིན་ཟེར་ན་ཁྱོད་ནི་བསྟན་བཤིག་ཚ་བའི་གླེན་པ་ཁ་ནག་ཅིག་རེད་ཟེར། ཡང་ཁོ་མོས་སྐྱོ་བཞིན་ཟེར་ན། ཁྱོད་ནི་སྤྲུན་ཞགས་དགུ་མདུད་ནང་གི་ཆུ་བོ་བཞིན། སྙིང་ཁ་ནས་ཆུ་བྱ་འགའ་འཁྱག་ཆིལ་ཆིལ་གྱིས་འཕུར་སོང་ཟེར། ཆུ་བྱ་དེ་ཚོས་གཤོག་རྩེས་བྱང་ཁོག་གི་སྒྲིག་གཞི་རྨང་ནས་གཏོར་སོང་ཟེར། ང་རང་སྨྲ་བ་འགག་པའི་བར་གླག་དེར། ཚེ་སྲོག་གི་སྡོང་མགོ་ནས་དགུན་གཞུང་གི་ཁ་བའི་ལོ་མ་འཐོར་འོང་།
ངས་ང་དང་འབྲེལ་འདྲིས་བྱུང་ཚར་བའི་མི་དག་ལ་སྙིང་གཏམ་བཤད་ན་མི་འདོད་དེ། ངས་ནི་ང་དང་ངོ་མི་ཤེས་པའི་མི་ཞིག་ལ་བར་ཐག་ཇེ་ཉེར་བཏུད་ཀྱིན་ཡོད། ང་རང་ཅིས་ཀྱང་། མི་ཞིག་གི་ཚེ་སྲོག་གི་སྦུབས་ལས་སླར་ཡང་དྭངས་གཙང་ལྷད་མེད་ཀྱིས་མངོན་ན་འདོད། ངས་མུ་དགེ་བ་དང་མི་སྡུག་པའི་རང་ཉིད་རྡུལ་དུ་བརླག་ནས། དེའི་ཤུལ་དུ་རང་ཉིད་ཁ་ཚང་ཞིག་དང་འཇིག་རྟེན་གསར་བ་ཞིག་སྐྲུན་པར་འདོད།
ང་རང་ཉིད་ལ་ཧ་ཅང་དགའ་བ་ཡིན་ནམ། ཡང་ན་གཞན་ཞིག་ལ་དགའ་བ་ཐལ་ཆེ་སོང་བས་ཡིན་ནམ། ལས་དབང་གིས་བསམ་བཞིན་དུ་ཚེ་སྲོག་གི་སྐུད་སྣེར་བཏགས་པའི་མཚོ་དང་མེ་ལོང་ལས། ལྟ་མི་བཟོད་པའི་སྐྱོ་གར་ཤིན་དུ་མང་པོ་ཞིག་འགས་གཏོར་འཁུར་བའི་མདའ་ཆར་བཞིན་འཐོར་དུ་འཇུག་ནའང་། ངས་ད་དུང་ཉིན་མཚན་དུས་དྲུག་ཏུ་འདྲོག་གིན་པའི་དུས་ཚོད་ཀྱི་མདའ་རྩེ་དྲུད་པའི་རྟ་རྒོད་དག་ལ། ཟུངས་ཁྲག་དང་བརྩེ་དུང་གིས་སུམ་སྒྲོག་བརྒྱབ་ནས་དེ་ལྟར་གློ་བུར་ཞིག་ལ་གཏོང་ན་མི་འདོད།
ང་རང་ཤིན་དུ་གླེན་པས། འཆི་བའི་ནངས་མོར་ཡང་ཆ་མེད་རྒྱུས་མེད་ཀྱི་མི་དེའི་ཁ་སྣ་ལས་མེ་ཏོག་དང་མདའ་རྡོ་ཅི་ཞིག་འཐོར་ན་ཆོགང་རང་དེ་ལ་དགའ་བ་འོད་སྣང་ཞིག་ཡིན་སྲིད། དབང་བོའི་འཕར་རྩ་དང་ཚོར་བའི་སྲུབས་ཀར་མཐའ་མི་དཔོག་པའི་མུན་པ་འཁྲུགས་ཚར་ཡང་། ང་ནི་འོད་སྣང་སྒོམ་པའི་ཕྱེ་ལེབ་བཞིན་ཆགས་འཇིག་གི་འཁོར་བ་གཏན་ནས་ཁས་ལེན་མི་སྲིད་དོ།།
ཡུལ་དུ་ལོག་པ།
ཕ་ཡུལ་དུ་ལོག་ཐེངས་རེ་རེར། ལྷ་ཀླུ་གཉན་གསུམ་གྱིས་བདག་གིར་བཟུང་བའི་རི་རབ་ཁྲོད་ཀྱི་འབྲོག་སྡེ་རུ། ང་ནི་ཟླ་བརྒྱད་པའི་ནང་རྩ་གསེབ་ནས་འཕུར་འོང་བའི་ཕྱེ་ལེབ་ཅིག་གི་ཚད་ན་འདུགངས་ཡུལ་མི་ཚོར་དུངས་ཞེན་གྱི་འཚམས་འདྲི་ཇི་ལྟར་བགྱིས་ཀྱང་། ཁ་ཚོ་ནི་ཚེ་སྲོག་གི་མཐའ་མཇུག་ཙག་རླུང་གིས་འཁུར་བའི་མེ་ཏོག་སྐམ་པོ་བཞིན། སུ་ཡང་ང་དང་ཉེ་བར་མི་བཏུད་ལ། སུས་ཀྱང་ང་ལ་དོ་སྣང་བྱེད་མི་སྲིད། དོན་དངོས། ང་རང་ཕ་ཡུལ་ལ་ལོག་པ་ནི་མི་མེད་ལུང་སྟོང་དུ་སྐྱོད་པ་བཞིན།གནས་ཡུལ་འདི་རུ་ཁེར་རྐྱང་དང་སྐྱོ་སུན་གྱི་འཁུར་བོ་ལས་ཅིའང་མི་འདུག
ཕ་ཡུལ་དུ་ལོག་ཐེངས་རེར། འདས་པོའི་གཤིན་ཆོས་དང་གཞོན་པའི་གཉེན་སྟོན་གྱི་ཆོ་གར་བྲེལ་བའི་ཡུལ་མི་ཚོ་ནི། བདག་གིས་ཐག་རིང་ནས་དྲན་པའི་འབྲོང་གི་བདག་པོ་བཞིན་དེ་འདྲའི་རྣམ་དག་ཅིག་ཡེ་ནས་མིན་པར། ཁོ་ཚོས་གཉུག་མའི་ཚེ་སྲོག་ལ་གསེར་དང་བྱུ་རུས་རིན་གོང་བཏབས་ནས།ཡང་ན་རྣམ་ཤེས་ཀྱི་ཁམས་ལ་དབང་ཤུགས་ཀྱིས་བཙན་གཡེམ་བྱས་པའི་རྒྱལ་ཁ་དགམཐའ་མཇུག་གི་འཚོ་གནས་དང་འཚོ་གནས་ཀྱི་བདེན་པར་གྲུབ་ནས། ཡང་མེས་ཚོའི་ཤ་ཁྲག་གི་ཕ་ས་དྲོན་མོ་རུ། རང་ཉིད་མགོ་རྟིང་སློག་སའི་དུར་ས་ཤིག་འཚོལ་གིན་འདུགདབུལ་ཕྱུག་གི་དབྱེ་བ་མེད་པར། ཚང་མ་རང་གི་མིང་བྱང་མེད་པའི་དུར་སྒམ་དུ་འཚང་ག་རྒྱག་བཞིན། ང་ལ་ཁྲེལ་དགོད་དང་སྙིང་རྗེ་ཡི་འཁང་རའང་བྱེད་གིན་འདུགགནས་ཡུལ་འདིའི་མི་རྣམས་ནི། སྔོན་ཆད་རང་དབང་གིས་འཕུར་མྱོང་བའི་རྒོད་པོ་དག་གི་རིགས་རྒྱུད་ཡེ་ནས་མིན་པར།གནས་ཡུལ་འདིའི་མི་རྣམས་ནི། མཛེས་སྡུག་གི་ལོ་རྒྱུས་དང་གཏན་དུ་གྱེས་པའི། ཁ་ཕྱོགས་བྲལ་བའི་དམིགས་མེད་ཀྱི་སྲོག་ཆགས་ཁྱུ་ཞིག་རེད། དེའི་ཁྲོད་དུ། བདག་གི་སྙིང་ཉེ་བའི་མི་གང་མང་ཞིག་ཀྱང་ཡོད་པར་སྲིད་མོད། ཁ་ཚོའི་བཤད་ན།ང་ནི་གནས་ཡུལ་འདའི་བས་མཐར་ལུས་པའི་ཅ་ལག་ཡ་མཚན་ཞིག་རེད་ཟེར་བ་དེའོ།།
ཕ་ཡུལ་དུ་ལོག་ཐེངས་རེར། ངས་ཆུང་དུས་དགའ་མྱོང་སའི་བུ་མོ་དེ་དྲན་གྱིན། ངེད་གཉིས་ཀྱི་འདས་དོན་གྱི་རྡོ་བ་སྒྲིག་སའི་ཆུ་འགྲམ་དུ་ཕྱིན་ཀྱང་། དེ་ནི་ཁང་བརྩེགས་དང་མི་ཚོགས་ཀྱིས་བརྫིས་ཚར་བས། དེ་རུ་འབྱོར་བ་ནི་ང་རང་རྒས་བཞིན་པ་དང་འགྱུར་ཚར་བའི་བདེན་པ་སྟེར་བ་བཞིན། སེམས་པ་བློང་བློང་གིས་གོམ་ཁ་མི་སྒྱུར་ག་མེད་རེད།དོན་དངོས་ངས་ཕ་ཡུལ་དྲན་པ་བཞིན་སུས་ཀྱང་ང་རང་དྲན་པར་མི་སྲིད་ལ། ཐ་ན་ངའི་རྣམ་ཤེས་ལྟ་བུའི་བུ་མོ་དེས་ཀྱང་ང་རང་དྲན་ཡོད་མི་སྲིད། དེ་ནི་མ་གཞི་ནས་བརྩེ་འདང་གི་བར་ཐག་རིང་དུ་ཕྱིན་པས་ཡིན་སྲིད་དེ། ངས་ཁོ་མོ་དྲན་ཐེངས་རེར་བུ་མོ་གཞན་ཞིག་ལ་འཁྱུད་ནས། དེ་ནི་ཁོ་མོ་ཡིན་པར་ཨུ་ཚུགས་ཀྱིས་བློས་བསླངས་བྱས་མྱོང་མོད། ཕ་ཡུལ་དུ་ལོག་ཐེངས་རེར། སུས་ཀྱང་ཁོ་མོའི་ཚབ་མཚོན་མི་ཐུབ་པ་ཚོར་འོང་། ཡིན་ནའང་། ཁོ་མོ་ནི་ཕ་ཡུལ་ནང་བཞིན་ཧམ་སེམས་ཀྱི་ལག་པས་རྒྱང་རིང་དུ་བཏང་འདུག་སྟེ། ང་རང་ཁྲུང་ཁྲུང་གི་གཤོག་རྡང་ལ་སྤྲུལ་ནས་ཁོ་མོར་ཅི་ཙམ་བསྐོར་ཡང་། ཁོ་མོར་མཚོན་ན། ང་ནི་འདེམས་མི་ཐུབ་པའི་གཏམ་རྒྱུད་ཅིག་གི་ལྷག་རོ་ཙམ་རེད། ཁོ་མོར་མཚོན་ན། ང་ནི་འཛུལ་བསླངས་མི་ཐུབ་པའི་གནའ་བོའི་མཁར་གྱང་ཞིག་རོ་ཙམ་རེད། ཕ་ཡུལ་ན་ང་ལ་ཅིའང་མེད་དེ། ཐ་ན་ཞག་གཅིག་ལ་སེམས་གཏམ་ལབ་ཆོག་སའི་བུ་མོ་ཞིག་ཀྱང་མེད།
ཕ་ཡུལ་དུ་ལོག་ཐེངས་རེར། ཆུང་དུས་ཀྱི་སྐར་མ་སྒུམ་རོགས་ཀྱི་ལུག་ཁྱུ་དག་རིག་ན་འདོད། དེ་དུས། ང་དང་ལུག་ཁྱུའི་རང་དབང་གི་ནམ་མཁའ་སྟེ། རིལ་མ་དང་རྐང་རྗེས་སུ་མགྱོགས་འགྲན་སའི་ལུང་ལུ་ཤུར་ཤུར་དག་ཀྱང་རིག་ན་འདོད། འོན་ཀྱང་། ལྷ་ཆེན་པོའི་བཀའ་ལུང་སྒྲོག་པའི་ཆོས་དཔོན་ཚོའི་ཕྱག་དར་གྱི་འོག་ན་སྟོབས་ཤུགས་དང་གྲངས་ཀ་རྒྱས་བཞིན་པའི་སྤྱང་ཚོགས་ཀྱི་མཆེ་སྡེར་གྱི་བར་ན། ངའི་ཡིད་དུ་འོང་བའི་ལུག་ཁྱུའི་མཇུག་མཐའི་རིགས་རྒྱུད་གཉོམ་པོ། ཧམ་སེམས་འབར་བའི་ཉི་འོད་ཀྱི་ལྕེ་རྩེ་ན་ཇེ་ཆུང་དུ་འགྲོ་བཞིན་པའི་ཁ་བའི་འདབ་ལོ་སྲོ་མང་ཙམ་རེད། ད་དུང་ང་དང་ལུག་ཁྱུའི་རང་དབང་གི་ནམ་མཁའ་ཆུང་ཆུངའང་། ལོ་རྒྱུས་ཤིག་གི་སྙིང་ཁྲག་བཞུར་སའི་དབང་རྩ་དགག་པའི་རྣོ་ལྕགས་ཀྱི་གཟེབ་འོག་ན་འདར་གིན་འདུག
ཕ་ཡུལ་དུ་ལོག་ཐེངས་རེར། བྱིས་དུས་སྤར་འཛིང་བྱེད་རོགས་ཀྱི་རྩེད་རོགས་ཚོ་མཐོང་ན་འདོད། དེ་དུས། ང་དང་རྩེད་རོགས་ཚོའི་ཕུག་བསམ་གྱི་དག་ཞིང་སྟེ། རྣམ་ཤེས་ཀྱི་སྐུད་སྣེ་ལ་ཤོག་བྱ་བཏགས་ནས་སྤུར་སའི་རྐང་ལམ་ཀྱ་ཀྱུ་དག་ཀྱང་མཐོང་ན་འདོད། འོན་ཀྱང་། རུལ་སུང་གི་བམ་ཤ་འབྲུག་པའི་སྤྱི་ཚོགས་ཀྱི་ཁྲོམ་ར་ན་ལྷ་སྒྲུང་དང་འཕྲུལ་ཆས་བྲིན་བཞིན་པའི་བསླུ་བྲིད་ཀྱི་མེ་ལྕེའི་ཀློང་ན། ངའི་སྙིང་ནས་དགའ་བའི་རྩེད་རོགས་ཚོའི་མཇུག་མཐའི་བླ་སྲོག་གི་ལྗོན་པ་སྙི་མོ། ནད་ཡམས་ཀྱི་ལྕེབས་ཐག་རིང་བོས་འདྲུད་པའི་ཆུ་རྣག་གི་གཙང་བོ་ལ་བྱིངས་པའི་མུ་སྡུག་པའི་ས་བོན་རི་རབ་ཙམ་རེད། ད་དུང་། ང་དང་རྩེད་རོགས་ཚོའི་ཕུག་བསམ་གྱི་དག་ཞིང་རིང་མོ། ས་རྡོ་ཡི་ཡིག་འབྲུ་མུར་བའི་དགེ་རྒན་ཚོའི་གནའ་བོའི་ལེགས་བཤད་ཀྱི་བཤན་གྲིའི་སོ་ཁ་ན་ཟད་གིན་འདུག
ཕ་ཡུལ་དུ་ལོག་ཐེངས་རེར།འབྲོང་གི་རྭ་རྩེ་ནས་འཐོར་བའི་བཙན་པོའི་རྒྱལ་རབས་དང་། མཚོན་གྱི་སོ་ཁ་ནས་གྱེས་པའི་ཕུ་ནུའི་གཞིས་བྱེས་ལ། ཨ་ལ་ལ་མོའི་དྲན་གླུ་དང་ཀི་ཀི་བསོ་བསོའི་ར་མདའ་བསྒྲན་པའི་གསང་མཐོའི་ང་རོ་དགསྨད་འཚོང་མ་ཞིག་གི་གདོང་ལ་བརྐུས་པའི་ཚོན་རྩི་བཞིན། བདག་གི་གས་ཆགས་ཀྱི་སེམས་པ་བཙན་གྱིས་ཤོག་དངུལ་གྱི་ཕོ་བྲང་ཞིག་ཏུ་བསྐྲུན་ནས། བསླུ་བྲིད་ཀྱི་ཞགས་སྣེ་ན་འཁོར་བའི་ཧམ་སེམས་ཀྱི་ལྩགས་ཀྱུ་དང་ཨ་ལུང་། ང་ཡི་ནང་སེམས་ཀྱི་འཇིག་རྟེན་ལ་ཇེ་ཉེར་བཏུད་འོང་། དེས་ཀྱང་ག་ལ་ཚད་དེ། སུ་ཡང་བཏུད་མི་ཕོད་པའི་འབྲོང་ལ་ཟེ་འཇུ་བྱེད་པའི་ཕུ་ནུ་ཚོའི། གཤིན་རྗེས་ལ་མགོ་ལྟ་བུའི་ཕ་ས་བཟུང་ནས་རང་སྲོག་ལ་འགེབ་སྲུང་དང་། དམྱལ་བའི་འགག་འཕྲང་ལྟ་བུའུ་གཡུལ་ས་བརྩད་དེ་འཚོ་གནས་ཀྱི་མངའ་ཐང་སྐྱེད་མྱོང་བའི་སྐྱིད་སྡུག་མཉམ་མྱོོང་གི་ལོ་ཟླ་དག་རིམ་གྱིས་མག་མོག་གི་གཏམ་རྒྱུད་དུ་གྱུར་ཏེ། ད་ལྟ། གྱོད་ནག་གི་ལབ་ཙེ་ལ་བསང་གསུར་གྱི་གསེར་སྐྱེམས་ཕུད་དེ། རྩྭ་ཐང་གི་གཡུལ་འགྱེད་ལ་ངོ་མཚར་གྱི་གླེང་གཞི་བཟོས་ཏེ། ཁྲག་དྲི་འཐུལ་བའི་ཤི་མནའ་རེ་རེ་ལ་རྡོག་པ་གཏད་དེ། མེས་པོའི་རལ་གྲིའི་སྟེང་ལ་སྤུན་ཟླའི་རྣམ་ཤེས་བཞག་ནས་ལྷ་ཚོཊ་ལ་འབུལ་བཞིན། ལྷ་ཚོགས་ཀྱི་སྨ་ར་དང་འཛུམ་མདངས་དོད་པའི་ཐམ་གར། མཛའ་བརྩེ་དང་ཕྱི་ཐགདམ་བཅའ་སོགས་ཡོད་ཚད་གྱིས་མཆོད་འཕུལ་བྱེད་གྱིན་འདུག དེ་རུ། བླ་དཔོན་ཆོས་དཔོན་ཚོའི་ཚིལ་གྱིས་གཡོག་པའི་ཞབས་རྗེས་རེ་རེ། གནས་ཡུལ་འདིའི་མཐར་ཐུག་གི་དམིགས་འབྲས་དང་བདེན་པ་སྟེ། ཞབས་རྗེས་རེ་རེ་ཡི་འདོག་འཇོག་དང་སྟངས་སྟབས་འགྱུར་ཚུལ་དང་བསྟུན་ཏེ། ཁྱོད་ཤི་ང་གསོན་གྱི་གཡུལ་སའང་ཆོས་སྐྱོང་གདུག་རྩུབ་ཅན་ཚོའི་སྤྱན་མིག་གཡོ་ཐེངས་རེའི་ཁ་དོག་དཀར་དམར་ཙམ་རེད། འབྲུག་གྲགས་པ་དང་། གློག་འཁྱུག་པ། སྤྲིན་འཁྲུག་པ་སོགས་ཀྱི་སྐད་ཅིག་མ་རེ་རེར། ང་རང་ཕ་ཡུལ་དང་གཏན་དུ་གྱེས་སའི་ཐག་རིང་ཐག་རིང་ཞིག་ལ་སྐྱེལ་བཞིན་པ་དང་ཇི་འདྲའི་འདྲ་ཨང་།
ཕ་ཡུལ་དུ་ལོག་ཐེངས་རེར། ངས་མཚན་མོའི་རྩྭ་ཐང་ལ་རྣ་བ་བླགས་ཏེ། ཉི་ཟླ་དང་རི་རབ་ཀྱི་བྲང་ཁ་ནས་ཞོགས་མྱོང་བའི་རྟ་ཁྱུའི་རྨིག་སྒྲ་ལ་བསྒུག་ནས། བརྗེད་པར་མི་ཕོད་པའི་ལོ་རྒྱུས་ཀྱི་མཁར་རྫོང་ལ་བརྩེ་དུང་གི་ཁྲག་རྒྱུན་གྱིས་དམར་མཆོད་ཕུལ་བ་བདེན། ངས་རྣམ་ཤེས་ཀྱི་ཕྱེ་ལེབ་ལ་རྣོ་ལྕགས་ཀྱི་གཤོག་པ་སྤྲད་དེ། མཚན་མོའི་སྦྲ་གུར་གྱི་ཁ་ཚུབ་ལས་མཆེད་པའི་མེ་ལྩེ་ལ་བསྒུག་ནས། བཤིག་པར་མི་ཕོད་པའི་ཞེན་ཆགས་ཀྱི་རྡོ་རིང་ལ་ཚེ་སྲོག་གི་དབྱངས་རྟའི་ཁ་དར་འཐེན་པ་བདེན། ད་དུང་། ད་དུང་། ཡིན་ནའང་། ཕ་ཡུལ་ནི་ཆ་མེད་རྒྱུས་མེད་དུ་འགྱུར་བཞིན་པའི་ང་གདོང་མག་མོག་ཅིག་སྟེ། ང་ནི་སྐྱོ་གར་གྱི་བརྩམས་ཆོས་ཤིག་ལ་ཅེར་ནས་འཁུམ་པའ་བས་མཐའི་སྤྲང་བོ་ཞིག་ཡིན་པ་ཚོར་འོང་།