༄༅། །རྩོད་ལྡན་སྙིག་མའི་དུས་ཀྱི་གངས་ལྗོངས་མཁས་གྲུབ་འདུལ་འཛིན་ཡོངས་ཀྱི་གཙུག་རྒྱན་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་གྲགས་པ་རྒྱ་མཚོ་དཔལ་བཟང་པོའི་སྡེའི་རྟོགས་བརྗོད་ལྷ་དབང་གཡུལ་ལས་རྒྱལ་བའི་བཀྲ་ཤིས་ཆོས་དུང་བཞད་པའི་སྒྲ་དབྱངས་ཞེས་བྱ་བ།

སྟོང་མི་འབྱེད་འཇིག་རྟེན་ཞིང་གི །ལྷོ་འཛམ་གླིང་ལས་ཀྱི་ས་བ། །
ལས་དགེ་སྡིག་བླང་དོར་སྟོན་པའི། །རྗེ་ཤཱཀྱ་ཐུབ་པའི་གདུལ་ཞིང་། །

མགོན་མཁས་གྲུབ་ཉི་ཟླ་འབར་བའི། །དཔལ་མཛད་འཕྲིན་ས་ཆེན་ཁྱབ་ཅིང་། །
མ་འགྲོ་དྲུག་ཐར་ལམ་འདྲེན་པའི། །བོད་གངས་ལྗོངས་ཆོས་ཀྱི་རྒྱལ་ཁམས། །

སྨད་མདོ་ཁམས་ནོར་འཛིན་ཁྱོན་ན། །སྡེ་ཆེན་པོ་རྒྱ་མཚོ་འཁྱིལ་འདྲ། །
ཆོས་གསར་རྙིང་བསྟན་པའི་འབྱུང་གནས། །ས་དབལ་ཤུལ་གསེར་རྟའི་ཡུལ་ལྗོངས། །

སྡེ་ཆེན་པོ་གསེར་རྟའི་ཡུལ་གྱི། །སྙིའི་ལུང་ཕྲན་རྟ་མགོའི་ར་ནག །
དྲིན་མ་ལོའི་མངལ་དྲོད་འགྲིམས་ནས། །ངའི་ཐོག་མའི་ལྟེ་ཁྲག་འཕོ་ས། །

སྙིའི་སྙི་ལུང་དགེ་ལྡན་ཕྱུག་མོ། །དཔལ་ཨ་བོས་སེ་ར་དགོན་པ། །
ལས་འཆད་རྩོད་རྩོམ་ལ་དབང་བའི། །མགོན་མཁས་གྲུབ་བྱེ་བའི་བཞུགས་གནས། །

རྗེ་མཚན་ལྡན་དགེ་བའི་བཤེས་གཉེན། །དཔལ་མཁན་ཆེན་འདུལ་འཛིན་ཆེན་མོ། །
སྐྱབས་ཀུན་འདུས་གྲགས་པ་རྒྱ་མཚོའི། །ཆོས་རྒྱལ་བསྟན་འཛིན་པའི་གདན་ས། །

སྐུ་མཚན་དཔེའི་གཟི་འོད་ལམ་ལམ། །གསུང་སྡེ་སྣོད་ཆོས་སྒྲ་ལྷང་ལྷང་། །
ཐུགས་བསླབ་གསུམ་རྒྱ་མཚོའི་མངའ་བདག །དཔལ་མཁན་ཆེན་གྲགས་པ་རྒྱ་མཚོ། །

དུས་དཔག་མེད་སྔོན་ནས་སྤངས་རྟོགས། །མཐར་ཕྱིན་པས་སྐུ་བཞི་བརྗེས་ཀྱང་། །
ལས་མ་དག་མཐའ་འཁོབ་ཞིང་དུ། །བསམ་བཞིན་དུ་བྱོན་པའི་བཤེས་གཉེན། །

ཆུང་གཟུགས་སྐུའི་མེ་ཏོག་བཞད་ནས། །མགོན་གསར་རྙིང་བཤེས་གཉེན་བཅུ་ཕྲག །
ཚུལ་བཞིན་ཏུ་བསྟེན་པ་ཡིས་ཀྱང་། །ཐུགས་ཟབ་ཡང་ཚིམས་པ་མེད་པར། །

བཀའ་མདོ་སྔགས་ཐོས་བསམ་བསྒོམ་ཕྱིར། །སྨད་ཆོས་རིག་ནོར་བུའི་བང་མཛོད། །
བྱང་བླ་བྲང་བཀྲ་ཤིས་འཁྱིལ་བ། །སྐུ་དུང་ཟླ་དཀར་པོས་བསྙེགས་འདུག །

དཔལ་ཟླ་བྲལ་བཤེས་གཉེན་ཆེན་མོ། །རྗེ་ལྷ་མོའི་ཚུལ་ཁྲིམས་རྒྱ་མཚོས། །
གཙོས་མཚན་ལྡན་བཤེས་གཉེན་གྲངས་མེད། །དབུ་སྤྱི་གཙུག་རྒྱན་དུ་བསྟེན་འདུག །

བཀའ་མདོ་སྔགས་རྒྱུད་སྡེ་གོང་འོག །སྒྲ་སྙན་ངག་རྩིས་རིག་གཙུག་ལག །
ནོར་བཅུ་ཕྲག་རིག་གཞུང་མཐའ་དག །ཐུགས་མཁྱེན་པའི་ཀློང་དུ་ཆུབ་འདུག །

ལུས་མི་འཇིགས་ལྟོ་སྐྱ་གོས་ཧྲུལ། །ཐུགས་མི་འཇིགས་ཐོས་བསམ་སྒོམ་གསུམ། །
རྗེ་བཀའ་གདམས་གོང་མའི་རྣམ་ཐར། །མགོན་ཁྱེད་ཀྱི་རང་ལུགས་བཟུང་བས། །

རྗེ་མཁས་གྲུབ་བཤེས་གཉེན་དུ་མས། །ཐུགས་སྒྲུབ་པའི་མཆོད་སྤྲིན་གྱུར་ནས། །
མགོན་ཁྱེད་ཉིད་ཤཱཀྱའི་སྲས་ཞེས། །གསུང་བསྔགས་བརྗོད་སྒྲ་དབྱངས་དིར་དིར། །

རྗེ་རྒྱལ་དབང་པདྨའི་རྣམ་འཕྲུལ། །དཔལ་དི་བམ་ཀ་རའི་སྤྲུལ་བ། །
ཤར་འཇམ་མགོན་རྒྱལ་བ་གཉིས་པའི། །ཐུགས་མན་ངག་མཛོད་འཛིན་བཤེས་གཉེན། །

སྟོང་རྟེན་འབྱུང་ལྟ་བུའི་ཟབ་གནད། །ཐུགས་མི་འཇིགས་གྲུབ་པ་ཐོབ་པའི། །
དཔལ་མཁས་གྲུབ་བྱེ་བའི་གཙུག་རྒྱན། །ཕ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ། །

རང་གྲུབ་པའི་ས་མཐར་བརྙེས་ཀྱང་། །ཆོས་འདུལ་བའི་དགག་སྒྲུབ་གནང་གསུམ། །
མགོ་སྤྲལ་བའི་མིག་བཞིན་སྲུང་བའི། །ཕ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ། །

མགོན་ཐུབ་པའི་རང་ལུགས་གཙང་མ། །ཕྱོགས་མུ་མཐར་སྤེལ་བའི་ཆེད་དུ། །
འཁོར་བུ་སློབ་སྐྱོང་བའི་བཤེས་གཉེན། །མགོན་ཡབ་རྗེ་ཆོས་ཀྱི་རྒྱལ་པོ། །

ཐུགས་ལྷག་བསམ་ཉི་མའི་དཀྱིལ་འཁོར། མ་འགྲོ་བའི་པད་ཚལ་ཤར་ཡང་། །
དུས་སྙིག་མའི་འགྲོ་བའི་ལོག་སྒྲིབ། །ཁུར་དང་ལེན་གནང་བའི་བཤེས་གཉེན། །

སྨད་མདོ་ཁམས་འཛིན་མའི་ཁྱོན་ནས། །ལུང་རིགས་པ་སྨྲ་བའི་དགེ་སྦྱོང་། །
དཔལ་ཚང་སྤྱོད་ངུལ་སྨིག་སྡེ་ཆེན། །མགོན་ཁྱེད་ཀྱིས་དར་སྤེལ་མཛད་པས། །

དཔལ་རྒྱལ་བསྟན་ལང་ཚོ་བཞད་ནས། །ལྷ་དཀར་ཕྱོགས་དབུ་འཕང་ཇེ་མཐོ། །
བདུད་ནག་པོའི་མགོ་འཕང་ཇེ་དམའ། །མ་འགྲོ་བའི་སེམས་པ་ཇེ་སྐྱིད། །

ལྷ་སྐྱབས་གསུམ་རྒྱལ་བ་སྲས་བཅས། །གྲོགས་དམ་ཅན་སྲུང་མའི་བདེན་མཐུས། །
དཔལ་མཁན་ཆེན་འདུལ་འཛིན་ཆེན་མོ། །མགོན་ཡབ་རྗེ་ཆོས་ཀྱི་རྒྱལ་པོ། །

སྐུའི་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། །ཐུགས་བཞེད་དོན་ལྷུན་གྱིས་འགྲུབས་ནས། །
མགོན་ཐུབ་པའི་རང་ལུགས་གཙང་མ། །ཕྱོགས་མུ་མཐར་ཁྱབ་པའི་སྨོན་ལམ། །ཞེས་རང་ཉིད་ཆུང་ངུའི་དུས་ནས་སྐྱབས་རྗེ་མཆོ་གི་ཞབས་པད་ཡུན་རིང་བསྟེན་པས་ལུགས་གཉིས་ཀྱི་གཞལ་མཐའ་བྲལ་བའི་བཀའ་དྲིན་དང་རྗེ་ཉིད་ཀྱི་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་དྲན་པའི་མུར་འཕགས་ཡུལ་ལྷོ་ཕྱོགས་དགའ་ཤར་སོག་པ་འཇམ་དབྱངས་ཁང་ཚན་གྱི་སློབ་གཉེར་བའི་མིང་འཛིན་པ་ཚུལ་ཁྲིམས་འོད་ཟེར་གྱིས་དད་གུས་ཆེན་པོས་བོད་རྒྱལ་ལོ་༢༡༢༧་ལོའི་བོད་ཟླ་༡་སྔ་མའི་ཚེས་༡༥་ཆོས་འཕྲུལ་དུས་ཆེན་ཉིན། ཕྱི་ལོ་༢༠༠༠་ལོའི་ཟླ་༢་ཚེས་༡༩་ཉིན་ལེགས་པར་སྦྱར་བ་དགེའོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།