རབ་འབྱམས་ཤེས་བྱའི་ལྷ་ལམ་ཡངས་པའི་ཁྱོན། །རབ་གསལ་མཁྱེན་བརྩེ་ཉི་མ་བྱེ་བའི་གཟིས། །
རབ་མང་བསྐལ་བཟང་རྣམ་དཔྱོད་འདབ་བརྒྱའི་ཚལ། །རབ་ཏུ་བཞད་མཛད་ལྷ་ཁྱོད་བདག་ཡིད་རོལ།།
རྒྱལ་ཀུན་མཁྱེན་བརྩེ་སྒྱུ་འཕྲུལ་སྤྱན་རས་གཟིགས། །གཟིགས་པ་དུས་ལས་ཡོལ་མེད་གང་འདུལ་སྤྲུལ། །
སྤྲུལ་བའི་རོལ་གར་མཐའ་བཞིའི་གཡུལ་ལས་རྒྱལ། །༸རྒྱལ་༸པཎ་གསེར་རིའི་སྐྱེ་འཕྲེང་སྲིད་ཞིའི་རྒྱན། །
ཆེས་སྙིགས་ལྔ་བདོའི་བོད་འབངས་དུ་ཁའི་མཚོར། །ཆེས་ཆེར་བྱིང་བ་ལས་སྒྲོལ་ཐུགས་དམ་མཐུ། །
ཆེས་བཙན་རྒྱལ་མཆོག་བསམ་འཕེལ་ནོར་བུའི་དབང༌། །ཆེས་གུས་དང་བས་བསྟོད་ལ་གནང་བ་སྩོལ། །
རབ་མང་བསྐལ་སྔོན་རབ་འབྱམས་འགྲོ་བར་སྐུ་གསུམ་ལྷུན་རྫོགས་སྤྲུལ་བའི་རོལ་རྩེད་བྱེ་བ་བརྒྱས། །
གདུལ་དཀའི་འགྲོ་རྣམས་གདུལ་བར་ཟླ་བྲལ་རྨད་བྱུང་ཆོས་སྲིད་འཕྲིན་ལས་འོད་སྣང་ཕྱོགས་བཅུར་འགྱེད། །
རྣམ་འདྲེན་ཐུབ་པའི་རྣམ་ཐར་ལྷུར་མཛད་རྒྱལ་བའི་རྒྱལ་ཚབ་གསུམ་ལྡན་རྡོ་རྗེ་འཆང་དབང་སྐུ། །
རྒྱལ་སྲས་ཚུལ་འཆང་རྒྱལ་མཆོག་སྲིད་ཞིའི་བསྟན་དང་དེ་འཛིན་རྒྱ་མཚོའི་མངའ་བདག་རྟག་ཏུ་མཆོད། །
གཟུགས་སྐུའི་ཟླ་གཞོན་མདོ་སྨད་ལྗོངས་ནས་ཚེས། །རྒྱལ་སྲིད་ཆོས་ཁྲིམས་འཕགས་པའི་ཡུལ་དུ་བསྐྱངས། །
ཀུན་ཕན་མཛད་འཕྲིན་རབ་འབྱམས་ཞིང་བརྒྱར་ཁྱབ། །འདོད་རྒུའི་འབྱུང་གནས་རྒྱལ་མཆོག་བཅུ་བཞི་བ། །
སྐུ་མཆོག་མཆོག་གྱུར་གསེར་སྦྱང་ལྷུན་པོའི་སྐུ། །གསུང་སྙན་སྙན་འཇེབས་ཚངས་དབྱངས་འགྲོ་འདུལ་གསུང༌།།
ཐུགས་རྗེས་རྗེས་འཛིན་རྒྱལ་བ་ཀུན་འདུས་ཐུགས། །མཁས་གྲུབ་གྲུབ་དབང་ཀུན་ལས་བཙུན་ཞིང་མཁས། །
ཕན་བདེའི་འབྱུང་གནས་བཤད་སྒྲུབ་རྒྱལ་བའི་བསྟན། །མི་ཉམས་སྲིད་མཐར་འཛིན་ཞིང་སྤེལ་བ་རུ། །
ལི་ཁྲིའི་མདངས་ཀྱིས་བསྒྱུར་བའི་རྒྱ་མཚོ་བཞིན། །ནོར་འཛིན་སྒེག་མོ་ཁྲིམས་ལྡན་འདུས་སྡེས་བཀང༌། །
ཚད་མའི་མགོན་ཁྱོད་ཚད་མའི་ལུང་རིགས་ཀྱིས། །ཚད་མར་གྲུབ་བཞིན་ཚད་མར་མི་ཤེས་འགས། །
ཚད་མིན་རྨོངས་བློས་ཚད་མིན་བླུན་རྨོངས་འགའ། །ཚད་མར་བསྒྲགས་པས་ཚད་མར་འགྱུར་རེ་འཁྲུལ། །
གང་ཐུགས་འཁྲུལ་བྲལ་བརྩེ་ཆེན་ཉིན་བྱེད་བརྒྱས། །གང་འཚམ་གཞན་ཕན་འོད་སྣང་འབུམ་འགྱེད་པས། །
གང་ཞིག་སྨོན་ལོག་སྲིན་བྱས་མ་བཟོད་པར། །གང་སྣང་ལོག་པར་ལྟ་ཞིང་ཆོ་ངེ་འདེབས། །
ཁྱོད་དབུགས་འབྱུང་རྔུབ་ཙམ་དང་སྐུ་ལུས་ཀྱི། །བ་སྤུ་གཡོ་བའང་གཞན་ཕན་འབའ་ཞིག་འདིས། །
ཁྱོད་ལ་སྐྱོན་ཀྱི་གོ་སྐབས་གཏན་ཟད་ཀྱང༌། །ཁ་ཅིག་ཟས་གཙང་སྲས་ལ་ལེགས་སྐར་བཞིན། །
ཁྱོད་སྐུ་མཚན་དཔེ་འབར་བའི་གཟི་ཡིས་དྲེགས་པའི་འཁོར་ཚོགས་མོག་པོར་བསྒྱུར། །
ཁྱོད་གསུང་ལེགས་བཤད་ལུང་རིགས་དབྱར་རྔས་མཁས་རློམས་ཁེངས་པའི་ས་འཛིན་བསྙིལ། །
ཁྱོད་ཐུགས་སྒྲིབ་བྲལ་ཡེ་ཤེས་མེ་དཔུང་མཚན་འཛིན་ཚང་ཚིང་ལྷག་མེད་བསྲེགས། །
ཁྱོད་ཡོན་ཆ་ཙམ་དྲན་ཞིང་བརྗོད་ལ་ཐ་མལ་བདག་ནི་ངལ་ཞིང་དུབ། །
བགྲང་ཡས་སྔོན་ནས་སྐུ་བཞིའི་སར་ཞུགས་ནས། །བགྲང་ཡས་སྤྲུལ་བ་སྣ་ཚོགས་གང་འདུལ་གྱིས། །
བགྲང་ཡའི་གདུལ་དཀའི་ཞིང་མང་བདག་གིར་མཛད། །བགྲང་ཡས་འགྲོ་ཁམས་ཕན་བདེའི་རྒྱ་མཚོར་བསྒྱུར། །
གང་སྐུའི་འཕྲེང་བའི་ཐུགས་བསྐྱེད་རྗེས་བཟུང་ཞིང༌། །གྲངས་མེད་གདུལ་བྱ་གཏན་བདེའི་སར་འགོད་པའི། །
བྱང་ཕྱོགས་ཐུབ་བསྟན་དར་བའི་རྒྱལ་ཁམས་ཆེ། །མགོན་ཁྱོད་ཐུན་མིན་གདུལ་བྱའི་ཞིང་གི་གཙོ། །
དེའི་ཕྱིར་དུས་མཐའི་འཇིག་རྟེན་རྒུད་པ་ཀུན། །ལྷག་མེད་གཞོམ་པར་ཆོས་ལྡན་གངས་ཅན་ལྗོངས། །
སྐྱེ་རྒུའི་ཕན་བདེ་སྲུང་བའི་ཞིང་ཞིག་ཏུ། །བཅོས་བསྒྱུར་དགོས་པ་མགོན་ཁྱོད་ཐུན་མིན་ལུགས། །
འབྱུང་འགྱུར་འཛམ་གླིང་རྒྱལ་སྤྱིའི་མི་རབས་ཀྱིས། །བསིལ་ལྡན་གངས་ལྗོངས་གཏན་བདེའི་དཔལ་རོལ་བར། །
གཞན་གྱིས་མ་ནུས་ངོ་མཚར་མཛད་འཕྲིན་གཏེར། །སྐད་ཅིག་ངལ་མེད་མགོན་ཁྱོད་རྟག་བརྟན་ཤོག །
སྲོག་ཆགས་ཕྲ་མོའི་ལུས་ཀྱི་བ་སྤུ་ལའང༌། །གཞོན་ནུས་དུས་ནས་འཚེ་བ་གཏན་སྤངས་པའི། །
རྒྱལ་མཆོག་དགོངས་པའི་འགལ་ཟླར་འབུད་པ་འདིས། །ཁམས་གསུམ་སྐྱེ་རྒུའི་བདེ་སྐྱིད་འཕྲོག་པར་རྩོམ། །
ད་དུང་མཁའ་ཁྱབ་འགྲོ་རྣམས་མ་ཟད་པ། །དེ་སྲིད་མགོན་ཁྱོད་ཐུགས་དམ་རྡོ་རྗེའི་ལྷུན། །
འགྱུར་མེད་འགྲོ་བ་སྤྱི་དང་གང་གི་ཞིང་། །བྷོ་ཊའི་སྣོད་བཅུད་རྟག་ཏུ་རྗེས་འཛིན་གསོལ། །
མགོན་ཁྱོད་གསང་གསུམ་ཡོན་ཏན་སིན་དྷུའི་བདག །བདག་བློ་བྱེ་འུས་ཧིབ་ཀྱིས་འཇལ་ནུས་ཅི། །
འོན་ཀྱང་དད་གསུམ་སོར་མོའི་བྱེད་ལས་འདིར། །མ་འབྲེལ་འགལ་ཟློས་ཅི་མཆིས་སྙིང་ནས་འཆགས། །
མ་རུངས་སྐྱེ་བོས་ཅི་ཙམ་བསུན་གཙེར་ཡང༌། །ཚད་མེད་རྣམ་བཞིས་དེ་ལ་ལྷག་པར་བརྩེ། །
རྨད་བྱུང་གཞན་ཕན་མཛད་འཕྲིན་ས་གསུམ་ཁྱབ། །འཛམ་གླིང་ཐུབ་པའི་རྒྱལ་ཚབ་རྟག་བརྟན་ཤོག །
ཐུབ་དབང་སྤྱན་གཟིགས་འཇམ་དབྱངས་གསང་བདག་སོགས། །རྒྱལ་ཀུན་སྲས་དང་སྲུང་མར་བདེན་བདར་མཐུས།།
༸སྐྱབས་མགོན་༸བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཞིང༌། །གང་བཞེད་འཕྲིན་ལས་མྱུར་དུ་རྒྱས་གྱུར་ཅིག །སརྦ་མངྒ་ལཾ། །ཞེས་དགའ་སོག་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་གྱིས་བྲིས།