སྒོ་ཤེས་རབ་རྒྱ་མཚོ།
བོད་སིལ་བུའི་སྨད་དུས་ཀྱི་ཆའམ་བསྟན་པ་ཕྱི་དར་གྱི་ཐོག་མའི་དུས་སུ། བོད་ཀྱི་ཤེས་རིག་གི་ཁོར་ཡུག་ནི། ཁ་ཕྱེ་བའི་རྣམ་པ་ཅན་ཞིག་ཡིན་པས། མི་རིགས་གཞན་གྱི་ཤེས་རབ་དང་རིག་གནས་སོགས་ནང་དུ་འཛུལ་ཆོག་ཆོག་ཞིག་ཡིན་པ་རེད། རིག་གནས་འཕེལ་ཚུལ་གྱི་ལོ་རྒྱུས་རྒྱབ་ལྗོངས་དེའི་འོག་ཏུ་ང་ཚོའི་ལོ་ཙཱ་པ་རྣམས་ཀྱིས་འགྲོ་བ་མིའི་རིགས་ཀྱི་ལོ་ཙཱའི་ལོ་རྒྱུས་ཐོག་ཏུ་ངོ་མཚར་ཞིག་བསྐྲུན་ཡོད་པར་མཐོང་སྟེ། ངས་ནི་རྒྱུན་དུ་དེ་ལྟར་བསམ་ཡང་བསམ་ལ། བཤད་ཀྱང་བཤད་ཀྱི་ཡོད།
ཅིའི་ཕྱིར་ཞེ་ན། ད་ལྟ་ང་ཚོས་སྤྱོད་ཀྱིན་པའི་བོད་ཡིག་འདི། བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ་སློབ་དཔོན་ཐོན་མི་སམ་བྷོཊས་བཟོས་པ་ཡིན་མིན་གྱི་རྩོད་པ་ཡོད་ནའང་། གལ་ཏེ་བཤད་སྟངས་དེ་བདེན་པའི་དབང་དུ་བྱས་ཚེ། བོད་དུ་བསམ་ཡས་སྒྲ་སྒྱུར་གླིང་འཛུགས་པའི་སྐབས་སུ། བོད་ཀྱི་ཡི་གེ་ནི་བཟོས་ནས་རིང་པོ་མ་ལོན་པའི་ཡི་གེ་ན་ཆུང་ཞིག་ཡིན་མོད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ནས་བཟུང་བསམ་ཡས་སྒྲ་སྒྱུར་གླིང་བཙུགས་ཤིང་། ཕྱིས་སུ་ལོ་ཆེན་རིན་ཆེན་བཟང་པོའི་དུས་མངའ་རིས་ཆོས་རྒྱལ་ཚོས་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་བཙུགས་པ་རེད། སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན་བར་ལ་ལོ་དེ་ཙམ་རིང་པོ་འགོར་མེད།
དེའི་ཕྱིར་བཟོས་ནས་རིང་པོ་མ་ལོན་པའི་ཡི་གེ་གསར་པ་དེ་འདྲ་ཞིག་གི་སྟེང་། གནའ་བོའི་དཔལ་ལྡན་རྒྱལ་ཁབ་ལྔའི་ནང་ཚན། རྒྱ་གར་གྱི་རིག་གནས་ཚུར་བསྒྱུར་དགོས་ན་ནི་ཤིན་ཏུ་དཀའ་བ་ཡིན། མཚན་ཉིད་རིག་པ་གཅིག་པུའི་ཆ་ནས་བལྟས་ཀྱང་། ཆེས་གནའ་དུས་སུ་འཛམ་གླིང་ན་མཚན་ཉིད་རིག་པ་དང་། དེའི་ཡན་ལག་ཏུ་གཏན་ཚིགས་རིག་པའི་མ་ལག་དང་བཅས་པ་འཛོམས་པའི་ལུང་པ་ནི་གྷི་རི་སི་དང་རྒྱ་གར་གཉིས་མ་གཏོགས་མེད་པས། རྒྱ་གར་གྱི་ཤེས་རིག་གི་ཁྲོད་ནས་གང་ཟབ་ཅིང་རྒྱ་ཆེ་བ་རྣམས་བདམས་ཏེ། ཡི་གེ་ན་ཆུང་དེ་འདྲ་ཞིག་གི་སྟེང་བསྒྱུར་རྒྱུའི་འགན་བླངས་ཤིང་ལེགས་པར་གྲུབ་པའི་ཆ་ནས་བོད་ཀྱི་ལོ་ཙཱ་པས་ངོ་མཚར་ཞིག་བསྐྲུན་འདུག་ཟེར་བ་ཡིན། རང་དགར་བསྒྱུར་པ་ཙམ་གྱིས་མི་ཚད་པར་བསྒྱུར་ནས་ད་ཆ་ལོ་ངོ་སྟོང་ཕྲག་ཙམ་འགོར་རུང་། ཅི་ཙམ་བལྟས་ནའང་འགྱུར་གྱི་སྤུས་ཀ་ཡག་པའི་ཚད་ཧ་ལས་པ་ཞིག་ཡིན་པས། ངོ་མཚར་ཞིག་བསྐྲུན་འདུག་ཟེར་དོན་དེ་ཡིན།
དེ་མ་གཏོགས་ཡི་གེ་གང་ཡིན་ན་ཡང་། དེ་བཟོས་ནས་ལོ་བརྒྱ་ཕྲག་སྟོང་ཕྲག་འགོར་བ་ན་ཡི་གེ་དེ་ཡང་རིམ་གྱིས་ནར་སོན་ཏེ། ཐ་སྙད་དང་། མཚོན་ཐབས་སོགས་སྒོ་ཀུན་ནས་ཕུན་སུམ་ཇེ་ཚོགས་ཇེ་ཚོགས་སུ་འགྲོ་བས། དེ་འདྲའི་སྐབས་ཤིག་ལ་གཞན་གྱི་རིག་གནས་ཚུར་བསྒྱུར་ཀྱང་ཧ་ལས་རྒྱུ་མེད་པ་ལྟ་བུ་ཡིན།
འོན་ཏེ་ཁ་སང་དེ་རིང་གི་ང་ཚོར་མཚོན་ན་ནི། ནུབ་ཕྱོགས་ཀྱི་རྩོམ་འགའ་རེ་ཚུར་བསྒྱུར་དགོས་དུས། ལོ་ཙཱ་ཡག་པོ་མི་འཇོན་པའི་དཀའ་ཁག་མང་པོར་འཕྲད་ཀྱི་ཡོད། སྔར་གྱི་དུས་སུ་མཐུན་རྐྱེན་དེ་འདྲའི་འོག་ཏུ། ཡི་གེ་ན་ཆུང་ཞིག་གིས་ཤེས་རིག་ཟབ་མོ་དེ་འདྲ་ཞིག་བསྒྱུར་རྒྱུའི་འགན་བླངས་པ་མ་ཟད་ལས་དེ་ཕུན་སུམ་ཚོགས་པ་ཞིག་འགྲུབ་ཡོད་པས། དེ་ནི་ལོ་ཙཱའི་ལོ་རྒྱུས་སྟེང་གི་ངོ་མཚར་ཞིག་རེད་བསམ་གྱི་ཡོད།
ཡང་། གནད་དོན་གལ་ཆེན་གཞན་ཞིག་ཡོད་པ་ནི། སྐབས་དེ་དུས་ཀྱི་བོད་མི་ཚོས་གཞན་གྱི་ཤེས་རིག་ནང་འདྲེན་གྱི་འདམ་ག་ཡང་འགྲིག་ཡོད་པར་མཐོང་སྟེ། དེ་དུས་བོད་ཀྱིས་གཞན་གྱི་ཤེས་རིག་ཅིག་ནང་འདྲེན་བྱེད་དགོས་ཚེ། འགྲིམ་འགྲུལ་དང་འབྲེལ་ལམ་སོགས་གང་ཐད་ནས། རྒྱ་ནག་གི་ཤེས་རིག་དང་། རྒྱ་གར་གྱི་ཤེས་རིག སྟག་གཟིག་གི་ཤེས་རིག་གསུམ་གང་རུང་ཞིག་ནང་འདྲེན་བྱ་རྒྱུ་ལས་གཞན་པའི་འདམ་ག་མེད་ལ། དེ་དག་ལས་ནི་ཅི་ཙམ་བསམ་རུང་རྒྱ་གར་གྱི་མཚན་ཉིད་རིག་པ་རྩ་བར་གྱུར་པའི་ནང་ཆོས་དང་། དེ་དང་འབྲེལ་བའི་གཙུག་ལག་རིག་གནས་རྣམས་ནང་འདྲེན་བྱས་པ་དེ་མ་ནོར་བ་རེད་སྙམ་གྱི་འདུག
འོན་ཀྱང་དུས་ཚོད་ཀྱི་འཁོར་ལོ་རིམ་གྱིས་བགྲོད་རྗེས། བོད་ལ“ཆོས་སྲིད་ཟུང་འབྲེལ”གྱི་སྲིད་ལུགས་དར་ནས། ༸གོང་ས་བཅུ་གསུམ་པའི་སྐབས་སུ་སླེབས་ཚེ། ཁ་སང་བཤད་པ་ལྟར་བོད་ཀྱི་རིག་གནས་ཁོར་ཡུག་ཀྱང་ཆབ་སྲིད་ལམ་ལུགས་ཀྱི་རྐྱེན་པས་ཁ་རུབ་ཀྱི་རྣམ་པ་ཅན་དུ་གྱུར་པས། སྐབས་དེའི་བོད་ཀྱི་ཤེས་ལྡན་ཡིན་ཟེར་མཁན་དག་ཀྱང་། མི་རིགས་གཞན་གྱི་ཤེས་རིག་ནང་འདྲེན་བྱེད་རྒྱུར་མི་དགའ་བར་མ་ཟད། གཞན་གྱི་ཤེས་རིག་སློབ་རྒྱུར་དགག་བྱའང་མཛད་ཀྱི་ཡོད་པ་རེད།
དེའི་རྐྱེན་གྱིས། དུས་དེར་ང་ཚོས་དེང་རབས་ཅན་གྱི་ཤེས་ཡོན་ལ་མ་བསླབ་པར་ལྐུགས་པའི་ཨུ་ཚུགས་ཀྱིས་བསྡད་པའི་འབྲས་བུར། ལོ་རྒྱུས་ཀྱི་གྱོང་གུད་སྣ་ཚོགས་རབ་དང་རིམ་པ་ཞིག་མགོ་ཐོག་ཏུ་ལྷུང་བ་ཡིན་པ་ནི་མཐོང་ཆོས་མངོན་གྱུར་རེད། ད་ལྟ་ང་ཚོས་ཕྱི་མིག་བལྟས་ཚེ། ལོ་རྒྱུས་ཐོག་ཏུ་ལམ་ཇི་ལྟར་ནོར་བའི་ཚུལ་གསལ་པོར་མཐོང་ཐུབ་ཀྱང་། ད་ནི་སྐྱོན་བརྗོད་བྱས་ན་འདྲ། བསྟོད་བསྔགས་བཏང་ནའང་འདྲ་སྟེ། འདས་པ་འདས་ཟིན་པས་ཐབས་ཤེས་མེད། གཙོ་བོ་མ་འོངས་པ་ཡིན་པས་ལམ་ནོར་ལ་བསྐྱར་དུ་མི་འགྲོ་རྒྱུ་གལ་ཆེན་རེད།
སྔར་བོད་ཀྱིས་རྒྱ་གར་ནས་སངས་རྒྱས་པའི་ཆོས་དང་འབྲེལ་བའི་གཙུག་ལག་རིག་གནས་མང་པོ་དང་། མཚན་ཉིད་རིག་པ་དང་། བཟོ་རིག་པ། སྒྲ་རིག་པ་སོགས་ཤེས་རིག་ཇི་སྙེད་ཅིག་ཚུར་དྲངས་པ་ནི་ཡག་པོ་ཞེ་དྲག་རེད། འོན་ཀྱང། ༸གོང་ས་བཅུ་གསུམ་པའི་སྐབས་སུ་ནི་དུས་རབས་ཉི་ཤུ་པ་ཚེས་པས། འཛམ་གླིང་ཚ་ཚ་འུར་འུར་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་ཚོད་དེའི་ནང་ང་ཚོ་ལ་ཡང་སྔར་གྱི་ཤེས་རིག་དེ་ཙམ་གྱིས་ག་ལ་ལྡེང་སྟེ་མི་ལྡེང་མོད། སྐབས་དེའི་བོད་ཀྱི་ཡོན་ཏན་པ་རྣམས་རིག་གནས་དེ་ཙམ་གྱིས་ཚིམས་ཏེ་བསྡད་པས་གཞན་རྗེས་མ་ཆོད་པའི་དཀའ་ངལ་བྱུང་བ་རེད།
མ་འོངས་པའི་དུས་ཚོད་ནང་དུའང་དེ་བཞིན་ཡིན་པ་རེད། སྔོན་མའི་ལོ་ཙཱ་པ་བཀའ་དྲིན་ཅན་རྣམས་ཀྱིས་བསྒྱུར་པའི་གསུང་རབ་དང་ཤེས་རིག་དེ་སྙེད་དངོས་གནས་དྲང་གནས་རིན་པོ་ཆེ་རེད། འོན་ཀྱང་། དེ་ཙམ་གྱིས་ནི་བོད་མི་རིགས་ལ་ལྡེང་གི་མ་རེད། བོད་མི་རིགས་ཀྱང་འཇིག་རྟེན་སྤྱིའི་ཆོས་ཉིད་ལྟར་འཚོ་དགོས་ཕྱིན་ཤེས་བྱ་རིག་པའི་གནས་སྣ་ཚོགས་མཁོ་བ་རེད། ད་ལྟའི་མི་རབས་གསར་པ་ཚོས་ཀྱང་། མེས་པོ་རྣམས་ཀྱིས་ཤེས་རིག་ནང་འདྲེན་མཛད་པའི་སྙིང་སྟོབས་ལ་མིག་ལྟོས་བྱས་ཏེ་དབྱངས་གསལ་སོ་བཞིས་བསྡུས་པའི་ཡི་གེ་འདིའི་ནང་དུ། མི་རིགས་གཞན་གྱི་རིག་གནས་དང་། ཚན་རིག་ལག་རྩལ་སོགས་ཤེས་རིག་སྣ་ཚོགས་ཤིག་འདུ་བའི་ཐབས་སུ་བརྩོན་རྒྱུ་ཤིན་ཏུ་གལ་ཆེ་བ་རེད།
དེ་རིང་འདིར་བཞུགས་རྣམས་རབ་ཏུ་བྱུང་པ་ཤ་སྟག་ཡིན་དུས། ང་ཚོས་ནི་སངས་རྒྱས་པའི་ཆོས་དང་འབྲེལ་བའི་གཙུག་ལག་རིག་གནས་ཀྱི་རྒྱུན་ལེགས་པོར་འཛིན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་ཀྱང་མི་རིགས་རང་གི་ཐུན་མོང་མིན་པའི་ལོ་རྒྱུས་གནས་བབ་ཀྱི་དབང་གིས། བོད་ཀྱི་དགོན་པ་དང་རབ་བྱུང་པ་ཚོར་ནི་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་ཆེ་བས། རྣམ་པ་ཚོའི་སེམས་སུ་ངེས་དགོས་པ་ཞིག་ལ། སླད་ཕྱིན་བོད་མི་རིགས་ཀྱི་ནང་དུ་ཤེས་རིག་རྣམ་གྲངས་གཞན་དག་དར་རྒྱུ་ལ་ང་ཚོའི་ངོས་ནས་དགག་བྱ་མི་བྱེད་རྒྱུ་ཧ་ཅང་གནད་ཆེ།
(བོད་ཅེས་པ་ནི་དགོན་པ་ཞིག་མ་རེད། མི་རིགས་ཤིག་རེད། མི་རིགས་ཤིག་ལ་ཆོས་དང་འབྲེལ་བའི་ཤེས་ཡོན་ཙམ་གྱིས་ག་ལ་ལྡེང་། དུས་དང་དུས་སུ། མི་རིགས་གཞན་གྱི་རིག་གནས་སྣ་ཚོགས་ནང་འདྲེན་བྱས་ནས་རང་ཉིད་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་ཡིན་པས། དེ་ལ་ང་ཚོ་ཆོས་པའི་སྡེ་ཡིས་དགག་བྱ་གཏན་ནས་བྱེད་མི་རུང་། )
གང་ལྟར་བར་སྐབས་ཤིག་ནས་བཟུང་། ཆབ་སྲིད་ལམ་ལུགས་སོགས་ཀྱི་རྐྱེན་པས་བོད་ཀྱི་རིག་གནས་ཁོར་ཡུག་ནི་ཅུང་ཁ་རུབ་ཏུ་གྱུར་ནའང་། རྩ་བའི་ཆ་ནས་ང་ཚོའི་མི་རིགས་འདིའི་སེམས་ཀྱི་གཏིང་ན། མཁས་པ་དང་། དཔའ་བོ་ལ་གུས་བརྩི་བྱེད་པའི་བག་ཆགས་ཤིག་ད་རུང་གནས་བསྡད་ཡོད་པར་སྣང་།
ཡོང་ཁུངས།《ཧི་མ་ལ་ཡའི་ཕར་ཚུར》ལས་བཤུས།