ནུབ་རྒྱ་མཚོའི་ཕར་ཁ་ཚུར་ཁ།

ཨ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་(སྟོད་ཆ་)བསྒྱུར་པའི་ཟིན་བྲིས།

མི་ལ་ཙི་ཙི། བཅུ། རྒྱལ་པོ་གཅེར་བུ”ཡིན་པ་རྟོལ་མཁན་གྱི་བྱིས་པ་དེ།

ཨ་རིའི་རང་བཙན་སྨྲ་བའི“དཔལ་འབར་ཆེ་གསུམ”ལས་སྔོན་མ་གཉིས(帕特里克・亨利、塞缪尔・亚当斯)གླེང་ཟིན། ད་ནི་ཐ་མ་དང་ཆེས་གཙོ་བོ་ཡང་ཡིན་པའི་ཐཱོམ་སི・ཕཱེན(托马斯・潘恩)གླེང་དགོས་ཡོད།

ལར་ཐཱོམ་སི・ཕཱེན་དང་ཁོའི《རྒྱུན་ཤེས》(Common Sense)མ་གླེང་ན། མགོ་འཕང་གནམ་ལས་མཐོ་བའི་ཨ་རིས་རང་གི་རྡོག་སྣེ་མཐོང་མི་ཐུབ་ལ། འཛམ་གླིང་ལ་ཁའི་དྲང་བདེན་དུ་འཕྱར་བའི་སོ་སོའི་གདོང་པ་འཕྱོར་མོ་དེའི་ཕྱེད་ཀ་ཡང་རྫུན་དུ་འགྲོ་ཉེན་ཡོད།“རྗོར་ཊི་སྐུ་རབས་གསུམ་པ་ནི་གོང་མའི་ལམ་ལུགས་ཀྱིས་གསོས་པའི་ཁྱི་རྒན་ཞིག་རེད། མེ་གླིང་བྱང་མ་མནར་དུ་གཅོད་མཁན་བྱེད་གཏེ་ལ་ཁོ་ལས་ཐུ་བ་མེད།”“འདུམ་འགྲིག་ནི་རྩ་བརླགས་དང་ཁྱད་ཅི། རང་བཙན་བྱ་རྒྱུ་ལས་གུད་ན་ལམ་གཞན་མེད།”“དབྱིན་ཇི་ཡོ་རོབ་ལ་གཏོགས། མེ་གླིང་བྱང་མ་རང་ཉིད་ལ་གཏོགས།”“རང་བཙན་འཐོབ་རྗེས་འུ་ཚོས་སྤྱི་མཐུན་གྱི་སྲིད་ལམ་གཟུགས་དགོས། དེ་ནས་རྩ་ཁྲིམས་ཁོ་ན་གསེར་ཁྲིར་འཁོད་པར་བྱ། བྱང་ཨ་རིར་ཁྲིམས་ལས་མཐོ་བའི་རྒྱལ་པོ་དགོས་དོགས་མེད།”“དབྱིན་ལེ་སུམ་སྟོང་ཕན་ཆོད་ཀྱི་གླིང་ཕྲན་མཛུབ་ཤུབ་ཙམ་དེས། གནམ་ལྟར་ཁེབས་ཆེ་བའི་མེ་གླིང་སྐམ་སར་ཐེལ་གཏོང་དབང་སྒྱུར་བྱེད་པ་རེད། གཏམ་བྲེ་མོ་ལ་འདི་ལས་མཚར་བ་གང་ན་ཡོད།”

སྐད་ཆ་འདི་དག་ནི། ཕཱེན་གྱིས1776ལོའི་ཟླ་དང་པོར་བརྩམས་པའི《རྒྱུན་ཤེས》ནང་གི་རྣོ་ལ་ཚོད་མེད་པའི་སྐད་ཆ་དག་རེད། དོན་ལ《རྒྱུན་ཤེས》ལ་ཤོག་ལྡེབ50ལས་མེད་པས་དེབ་ཅིག་ཏུ་ཡང་བགྲང་དཀའ། འོན་ཀྱང་དེ་ཨ་རིའི་གསར་བརྗེའི“གསུང་རབ”ཏུ་འབོད་པར་རྒྱུ་མཚན་ལོས་རེ་ཡོད། དེས་སྲིད་མཐའི་འཐོར་རླུང་བཞིན་ཨ་རིའི་གནམ་ས་ཤན་འབྱེད་བྱས་ཏེ། ཡུན་རིང་རྫུ་བག་ཏུ་གབ་པའི་གསར་བརྗེའི་མེ་མཚོ་ལུམ་ལུམ་བསྐོལ་སོང་བ་རེད། དོན་ལ་དེའི་སྔོན་ཨ་རིའི་གསར་བརྗེའི་འགོ་ཁྲིད་ཚོས་ཀྱང་མེས་རྒྱལ་དབྱིན་ཇི་ལ་རུང་བསྟུན་བྱེད། བྲན་གཡོག་དབང་སྒྱུར་ལ་ཡང་མིག་ཡ་ལོང་པ་དང་རྣ་ཡ་འོན་པ་བྱེད། ཡང་ན་འདི་ལྟར་བཤད་ཆོག ། ཕཱེན་ཨ་རིར་མ་འབྱོར་བ་ཡིན་ན། ཨ་རིའི་མི་རིགས་རང་བཙན་གྱི་དབྱིན་རྒོལ་ལས་འགུལ་མ་མཐའ་ཡང་ལོ་འགས་འཕྱི་བོ་ཆགས་སྲིད་པ་དེ་རེད། ཡང་ན་ཁ་ཕྱོགས་གཞན་ཞིག་ཏུ་འགྲོ་ཡང་ཅི་ཆ། གང་ལྟར་མདོ་མདུད་པ་བཤད་ན། ཕྱིས་ཀྱི་ཨ་རིའི《རྩ་ཁྲིམས》ཀྱི་ཕྱི་མོ《རང་བཙན་བསྒྲགས་གཏམ》རེད་ལ། 《རང་བཙན་བསྒྲགས་གཏམ》གྱི་ཕྱི་མོ《རྒྱུན་ཤེས》ཡིན་ཚུལ། མཁས་མཆོག་རྗེ་ཧྥོ་སན་རང་གིས་གཟི་བརྗིད་ཅིག་གི་ཚུལ་དུ་སྨྲ། དེ་ཡང་བདེན་ཚོད། “རང་དབང་དམངས་གཙོ”ཟེར་བའི་ཆབ་སྲིད་བརྡ་ཆད་དང་དེའི་བསྟན་དོན། ཐ་ན“ཨ་མེ་རི་ཀ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ”ཅེས་པའི་མིང་འདི་ཡང་ཕཱེན་གྱིས་བཏོན་པར་བཤད། ཡང་ཕཱེན་རྙེད་མཁན་ཧྥུ་རན་ཁི་ལིན་རེད། ཕཱེན་དབྱིན་ཇིའི་དབུལ་ཁྱིམ་ཞིག་ནས་སྐྱེས་རུང་། ཆུང་དུས་ནས་དཔེ་ཀློག་རྒྱ་ཆེན་བྱས་པས་ཚུགས་ཐུབ་རིག་པ་གཞོན་དུས་ནས་རྙེད་དེ་ཡོད། དེ་ཙམ་ལ་རྒྱལ་ས་ལུན་ཊིན་ནས་ཧྥུ་རན་ཁི་ལིན་གྱིས་ཕཱེན་མཐོང་སྟེ་བློར་བབས། མ་ཟད“ཆིངས་ལ་གནས་པའི་བྲན”གྱི་མིང་ཐོག་ནས་ཨ་རིར་ཁྲིད་ཅིང་། ནང་སྒོས་ཕཱེན་ལ་མཚོན་ན་མི་ཚེའི་འདུན་མར་འབྲས་བུ་སྨིན་སའི་རྣང་ཞིང་ལྟ་བུའི《ཕེན་སིབ་ནེ་ཡཱ་དུས་དེབ》ཀྱི་གཙོ་སྒྲིག་པར་བསྐོས། 

ཁོས་རྩོམ་སྒྲིག་པའི་ལས་ཀའི་ཞོར་ནས་མཐོང་བ་ནི། ཨ་རིའི་འབངས་མ་ཟད། ཐ་ན་ཝ་ཤེན་ཊིན། ཧྥུ་རན་ཁི་ལིན། ཨ་ཊམ་སི་སོགས་གསར་བརྗེའི་འགོ་པ་རྣམས་ཀྱིས་ཀྱང་། “རང་བཙན”ཟེར་བ་མཛེ་ནད་བཞིན་ཁ་ནང་དུ་ལེན་རྒྱུར་ཡང་འཛེམ་འཛི་བྱེད། ཁོ་པ་ཅག་གིས་ཏན་ཏན་དྲག་ཆས་སྤྲོས་ནས་མེས་རྒྱལ་དབྱིན་ཇི་ལ་ངོ་རྒོལ་བྱས་ན་འོས་མིན་ཐད་ཧབ་གཤགས་རྫོགས་མེད་བྱས་ཏེ་སྡོད། གནས་ཚུལ་དེ་འདྲའི་འོག ། ཕཱེན་གྱིས་རྡུལ་ཕྲན་འབར་མདེལ་ལྟ་བུའི《རྒྱུན་ཤེས》ས་སྟེང་དེར་བཀད་པར་གྱུར་པས། གློ་བུར་དུ་རྨུ་གབ་ཐེ་ལེ་དགུ་རྩེག་མགོ་ནས་དྭངས་པ་བཞིན། གསར་བརྗེའི་འགོ་ཁྲིད་ཚོས་ཀྱང་ཁུ་ཚུར་རྣོ་ལྕགས་བཞིན་གནམ་ལ་འཕྱར་ཏེ་སྐད་གསེང་ཅི་ཆེ་དང་ངར་ཤུགས་ཅི་འཛོམས་ཐོག ། “རང་བཙན”ཞེས་པའི་ཡིག་འབྲུ་གློག་ལྕེ་འདྲ་བ་འདི་གཉིས། ཆེས་ཐོག་མར་སྐམ་ས་ཆེན་པོའི་མུ་མེད་བར་སྣང་གཤགས་སྙམ་གྱིས་བསྒྲགས་སོང་། དེ་ནས་བརྩིས་པའི་ཟླ་བ6གི་འཕྲོར《རང་བཙན་བསྒྲགས་གཏམ》སྤེལ་ཅིང་སྐམ་སའི་དམག་དཔུང་བཙུགས། རིམ་བཞིན། བྱང་ཨ་རི་བུབས་ཀྱིས་ཡར་ལངས་ཏེ། སོ་སོའི་དགྲ་རུ་ལྡང་བའི་མེས་རྒྱལ་དབྱིན་ཇི་དང་ཤ་འཁོན་རུས་པའི་གཏིང་ལ་སོང་སྟེ་གཡུལ་གྱི་མེ་ལྕེར་གདོང་ཐུག་བརྒྱབ་སོང་།

འོན་ཀྱང་ཧ་མི་གོ་བ་ཞིག་ལ། སྐབས་དེ་ཙམ་ནས་བཟུང་ཨ་རིའི་གསར་བརྗེ་པ་ཚོས་ཕཱེན་གུད་དུ་བོར་ཏེ་འཁྱག་ཏུ་བཅུག་པས་ཁོ་རང་ཕྱིར་དབྱིན་ཇིར་ལོག་དགོས་བྱུང་། ཏག་ཏག་ཧྥ་རན་སིའི་གསར་བརྗེ་ཆེན་མོར་འཁེལ་བས། ཡང་ཁོས་དེ་མ་ཐག་བཀས་བཀོད་དང་གྲལ་རིམ། དེ་བཞིན་མི་རྗེའི་ལམ་ལུགས་ལ་ངོ་རྒོལ་དང་། གནམ་བསྐོས་མི་ཡི་ཐོབ་ཐང་དང་མིའི་རང་དབང་གི་རིག་པའི་དཔྱད་སྟོབས་ལ་བསྔགས་པའི་དེབ་ཆུང་སྟེ—《འགྲོ་བ་མིའི་ཐོབ་ཐང་རྣམ་བཤད》(《人权论》)བརྩམས་ཏེ། ཧྥ་རན་སིའི་གསར་བརྗེ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པས། དབྱིན་གཞུང་གིས་རྒྱལ་ནང་དུ་ཟིང་འཁྲུག་ལངས་པར་བྲེད་ནས་དེབ་ཆུང་དེ་མེར་བསྲེགས། ཕཱེན་ཧྥ་རན་སི་ལ་བྲོས་བྱོལ་བྱས། ཡང་དེ་གར་གསར་བརྗེའི་ལས་འགུལ་ཁྲོད་ཞུགས་ཏེ་འགོ་པ་གཙོ་བོ་ཞིག་ཏུ་ཆགས། འོན་ཀྱང་ལུའུ་དབྱི་བཅུ་དྲུག་པའི་སྲོག་གཅད་རྒྱུར་ངོ་རྒོལ་བྱས་པས། རོབ་སི་ཕེའུ(罗布斯皮尔)དང་འགལ་ཏེ་ཕཱེན་བཙོན་དུ་ཚུད། དེར་ཁོས“སྤྱི་མཐུན་རྒྱལ་ཁབ་ཤི་སོང”ཞེས་གདུང་སེམས་བསྐྱེད། ཏག་ཏག་སྐབས་དེར་ཧྥ་སྡོད་ཨ་རིའི་བཀའ་བློན་རྗེ་ཧྥོ་སན་གྱིས་ཁོ་བཙོན་ལས་བླངས་ཏེ། 1802ལོར་ཨ་རིར་གདན་དྲངས། འོན་ཀྱང་ལོ་ངོ7གྱི་རིང་འབག་འབུག་ཅི་ཡང་མ་བྱུང་བའི་ཕཱེན། དགུང་ལོ65ཡི་སྟེང་ཚང་མས་བརྗེད་ཟིན་པའི་བབ་སོ་ནས་ཁུ་སིམ་མེར་ཚེ་ལས་འདས། དུར་དུ་འཇུག་དུས་སྡོད་ཤག་གི་སྦྱིན་བདག་བུ་སྨད་གཉིས་མ་གཏོགས་མེད་སྐད། དེར་སྦྱིན་བདག་མས། “ཨེ་མ—སྐུ་ཞབས་ཕཱེན། ངའི་བུ་ཡིས་ཨ་རི་དང་། ངས་ཧྥ་རན་སིའི་ཚབ་བྱས་ཏེ་ཁྱེད་ལ་གུས་འདུད་ཞུའོ”ཞེས་ལབ་པར་གྲགས། དེའི་ཕྱིས་ཁོའི་བེམ་པོ་ཡང་སུ་ཞིག་གིས་བསྔོགས་ཏེ་བརྐུས་སོང་བས། ཁོར་ཐ་ན་ཤི་རྗེས་ཀྱི་ལྷིང་འཇགས་ཀྱང་མ་ཐེམས་པར་བཤད། 

ཡང་གནའ་བོའི་ཀེ་རི་སིའི་ལྷ་སྒྲུང་ནང་། “ཕཱེན”ཞེས་པ་ནི་ལྷ་དབང་རྗེའུ་སིའི་ཕྱུགས་རྫི་མི་གཟུགས་ར་མགོ་ཅན་དེར་ངོས་འཛིན། ཤེས་རབ་ཆེ་བས་ལྷ་རྣམས་ཕྲག་དོག་སྐྱེས་ཏེ་མི་ཡུལ་དུ་སྤྱུགས་སྐད། ཡང་ན། གནམ་རྒན་མས་ཐཱོམ་སི・ཕཱེན་གྱི་སྐུ་ཚེའི་སྨད་ལ་འདི་འདྲའི་ཀུ་རེ་ངམ་གནག་ཅིག་རྩེ་དོན་ཡང་། ལྷ་དབང་རྗེའུ་སི་ལྟ་བུའི་དབང་ཤེད་བླ་རུ་མཐོ་བ་ཞིག་གིས་ཁོ་ལ་ཡང་བསྐྱར་ཕྲག་དོག་བྱས་པ་ཡིན་ནམ་ཅི།

“དབྱིན་ཇིའི་བཙོན་མ། ཨ་རིའི་སྙིང་སྟོབས་ཀྱི་སློབ་དཔོན། ཧྥ་རན་སིའི་གསར་བརྗེ་པ།” 

མི་སེམས་དང་ལོ་རྒྱུས་མཐར་ཐུག་འདི་འདྲའི་སྡོམ་ཚིག་ལ་ཁ་འཆམ་དུས། “རྒྱལ་པོ་གཅེར་བུ”ཡིན་པ་བརྟོལ་མཁན་བྱིས་པ་དེའི་བློ་ཁ་ཅུང་ཞིག་བདེ་ལ་བབས་ཡོད་དམ། ཡོད་པར་སྨོན།བདུན། སངས་མཐའ་མེད་པའི་མེ་གླིང་གི་ལན་ཆགས་རིང་མོ།

༡ གཉུག་འབངས་དམར་པོ།

ཁྲིམས་དང་ཆབ་སྲིད་སོགས་དེང་རབས་དཔལ་ཡོན་ལ་མོས་མཁན་ཞིག་ཡིན་ཕྱིན། ཨ་མེ་རི་ཀ་ལ་ཁ་མིག་ཡར་ལྟ་བྱེད་པ་སྤྱི་སྲོལ་ཅིག་ཏུ་འགྲོ་ཚོད། ཐ་ན་སྒེར་གཅོད་སྲིད་དབང་གིས་ཀྱང་དམངས་གཙོ་ཁ་ལ་འཁྱེར་ཏེ་དེ་འདྲའི་ཆོ་བཟོ་འཁྲབ་རྒྱུར་དགའ། འོན་ཀྱང་། ས་ཆེན་དེའི་གཉུག་འབངས་དམར་པོ་དབྱིན་ཏེ་ཨན་པའི་ཆགས་འཇིག་གི་ལས་དབང་ལ་ཕྱི་མིག་ཅིག་བལྟས་ན། མིའི་རིགས་ཀྱི་ལམ་སྟོན་སྒྲོན་མེའི་བཟོ་ལྟ་ན་དཀར་གསལ་འོད་དུ་འཚེར་བའི་ཨ་རིའི་རྒྱལ་ཚོགས་ཕོ་བྲང་ཡང་། དོན་ལ་བྱང་ཕྱེད་གོ་ལའི་སྒང་ལ་གཏུམ་དྲག་གིས་བསྐྲུན་པའི་མི་མགོ་སྐམ་པོའི་ཐོད་མཁར་གཅིག་དང་འདྲ་ཞེས་ལབ་ན་ཇི་འདྲ་རེད།

ཡོངས་གྲགས་སུ། ཀཱོ་ལིན་པུ1492ལོར་མ་འབྱོར་ཡར་སྔོན། མེ་གླིང་སྐམ་སའི་དབྱིན་ཏེ་ཨན་པར་མི་འབོར་ཁྲི4000ཡོད་པར་བཤད། དེར་བརྟེན་མེ་གླིང“གསར་དུ་རྙེད་མཁན་ཀཱོ་ལིན་པུ”ཟེར་བའི་ལོ་རྒྱུས་མིང་བརྡ་འདི་ལ་དེ་རིང་བར་མཁས་པ་རྣམས་ཁ་མི་འཆམ། དེ་ནི་དོན་ལ་གླིང་ཆེན་འདི་གསར་དུ་རྙེད་མཁན་ནི་དབྱིན་ཏེ་ཨན་པའི་མེས་པོ་ཚོ་ཡིན་འོས་པ་དེས་རེད། དེའི་ཕྱོགས་ཞིབ་འཇུག་དཔྱད་རྩོམ་རྩི་རྩི་གྲངས་ཀྱིས་མི་ཆོད། དེ་ལས་ཨ་རིའི་ལོ་རྒྱུས་རིག་པ་བ་མཱོ་ལི་སིན(塞缪尔・埃利奥特・莫里森)གྱི《ཨ་རི་ནར་སོན་པའི་ལོ་རྒྱུས》(《美利坚共和国成长史》)ཁྲོད་བྲིས་པ་ལྟར་ན། ལོ་ངོ་ཁྲི2སམ་སྟོང5ཡི་ཡར་སྔོན་དེར། མོང་གོལ་རིགས་ཀྱི་ཚོ་སྡེ་ཞིག་གིས། ཨེ་ཤ་ཡ་དང་མེ་གླིང་མགོ་སྦྲེལ་བྱེད་སའི་པིར་ལེན་མཚོ་འགག(白令海峡)བརྒལ་ནས་མེ་གླིང་ལ་བརྟོལ་ཏེ་འཚོ་གཞིས་བཟུང་པ་རེད་ལ། དེ་རིང་བར་དབྱིན་ཏེ་ཨན་དུ་འབོད་པའི་མི་རིགས་དམར་པོ་འདི། དོན་ལ་མོང་གོལ་གྱི་ཚོ་སྡེ་དེའི་ཤ་རྩ་ཁྲག་རྒྱུན་ཡིན་པར་ཚིག་ཐག་བཅད་དེ་སྨྲ། ཡང“དབྱིན་ཏེ་ཨན་པ”ཞེས་པའི་མིང་བརྡ་འདི། དོན་གྱིས“ཧིན་རྡུ་པ”ཞེས་པ་ནས་ཟུར་ཆག་ལུགས་ཀུན་ལ་ཐོས་ལོབས་ཆེ་བ་དེ་རེད། དོན་ལ་དེ་ཡང་། ཀཱོ་ལིན་པུའི་ལག་ནང་གི་འཛམ་གླིང་ས་ཁྲ་ཐོག་མ་དེ་ལས་བྱུང་བའི་གོ་འཛོལ་ཡིན་པར་བཤད། གང་ལྟར། ཀཱོ་ལིན་པུ་ནས་བཟུང་། ཡོ་རོབ་པས་མེ་གླིང་གི་གཉུག་འབངས་སྤྱི་ལ“དབྱིན་ཏེ་ཨན་པ”ཞེས་འབོད་ལུགས་འདི། དཔེ་བཤད་ན། སྔོན་ཆད་ཀྲུང་ཡོན་གྱི་རྒྱ་མིས་སྤྱི་རགས་པ་ལྟར། ནུབ་བྱང་གི་མི་རིགས་ཡོངས་ལ—“ཆཱང་རིགས”ཞེས་དམུ་རྒོད་ཀྱི་བྲོ་བ་མ་འདྲེས་པ་མིན་པའི་མིང་བརྡས་འབོད་ཚུལ་དེ་དང་འདྲ་སེ་བ་གཅིག་ཏུ་གདའ།

དེ་བཞིན། ཡོ་རོབ་པས“དབྱིན་ཏེ་ཨན་པ”ཞེས་ཧོལ་རྒྱུག་དང་བཙན་འཛུལ་གྱི་ངག་སྟབས་ནས་འགྲེལ་བ་རྩིང་མོ་བརྒྱབ་པའི་མི་རིགས་འདིའི་གནས་སྟངས་ཅུང་ཞིག་གསེས་བཀར་བྱས་ན། དུས་རབས15པའི་ནང་། ཕོར་ཐི་གལ་སོགས་མ་བོས་མགྲོན་པོ་ཚོས་ཐེངས་དང་པོར་མཐོང་བའི་སྐབས་དེར། མེ་གླིང་ན་དབྱིན་ཏེ་ཨན་པར་ཚོ་སྡེ1000། མི་འབོར་ཁྲི4000། སྐད་རིགས160། ལུང་སྐད1200། དོན་སྟོན་པའི་མིང་བརྡ20,000བཅས་ཡོད་པར་བཤད། དེ་བས“དམུ་རྒོད”ཅེས་པའི་མིང་བརྡ་འདི་སྦྱོར་དོན་ཡང་། དོན་ལ་ཡོ་རོབ་པས་འཛམ་གླིང་སྒང་ལ་གླེང་ཕྱོགས་བཟོས་པ་བརྒྱུད། གཉུག་འབངས་དམར་པོ་ཁ་བཏག་བདེ་པོ་ཡོང་ཕྱིར་རེད་ལ། དེས་ནི་རང་གི་རིགས་རྒྱུད་དཀར་པོ་སྤེལ་བའི་ལམ་རྡོ་བསལ་བ་ཡིན་པ་སུ་ཞིག་འཇུན་དུ་སྤོབས། ལར་གནས་ལུགས་མི་རྩི་བའི་མི་རིགས་སྟོབས་ཆེན་ཅིག་གིས་འཁོས་ཞན་མི་རིགས་གཞན་ཅིག་ལ་དབང་སྒྱུར་བྱ་བསམས་དུས། “རྗེས་ལུས།” “བླུན་རྨོངས།” “མུན་འཐོམ།” “དམུ་རྒོད”སོགས་ཀྱིས་མཚོན་པའི་བསྐལ་པའི་ཀྲེ་ནག་རྫོགས་མེད་ཅིག །རང་གི་ཁོག་ངན་ལས་བབས་པའི་དྲི་ཆུས་བརྫིས་ཏེ། ཡར་དགྱེས་ཏེ་ཅི་ཞིག་བཤད་ཤོམ་བྱེད་མཁན་རྡོག་འོག་གི་དེའི་མགོ་དང་གདོང་ལ་བྱུག་རྒྱུར་མོས་ཚུལ། འུ་ཚོར་མི་གསལ་ཟེར་རྒྱུ་ཅི་ཡོད། འུ་ཚོས་མ་མྱོང་ཟེར་རྒྱུ་ཅི་ཡོད།

ཡང་ཁོ་བོ་ལྟ་བུར་མཚོན་ན། “དབྱིན་ཏེ་ཨན”ཟེར་བའི་བག་ཆགས་ནི། དེ་ཚོའི་གནའ་བོའི་གནམ་རིག་སྐར་རྩིས་ལས་ཐོན་པའི“བསྐལ་པ་འཇིག་ཉིན”མཚོན་བྱེད《2012》ཟེར་བའི་གློག་བརྙན་ནམ། ཡང་ན། རྨོ་ཤེ་ཀཱན་ཟེར་བའི་ཚོ་པ་དེའི་སྐྱིད་སྡུག་མཚོན་པའི་སྒྲུང་གཏམ་སྟེ། 《ཆེས་མཐའ་མཇུག་གི་རྨོ་ཤེ་ཀཱན་དཔའ་རྟུལ》ཟེར་བ་དེ་ཙམ་ལས་མ་འདས། འོན་ཀྱང་། ཁོ་བོས་དབྱིན་ཏེ་ཨན་པའི“གནའ་བོའི་ཤེས་རིག་གི་དབུས་འགྱུར་གསུམ”(གཤམ་ནས་སོ་སོར་མཚམས་སྦྱོར་བྱ་ཡོང)ཟེར་བ་ཀློག་དུས། དོན་ལ་མེ་གླིང་གི་གཉུག་འབངས་དམར་པོ་འདི་ནི། འཛམ་གླིང་མི་རིགས་གང་གི་སྔུན་ནས་ཀྱང་ངོ་གནོང་མི་དགོས་པའི་ཤེས་རབ་ཅན་གྱི་མི་རིགས་ཤིག་ཡིན་པ་ད་གཟོད་མཐོང་བྱུང་།

ཀ །མཱ་ཡཱ་རིག་གནས་དབུས་འགྱུར—“ལྷ་སྐད་ཐོས་པའི་གནས་མཆོག

(མཱ་ཡཱ་རིག་གནས་ཀྱི་དབུས་གྲོང་ཁྱེར་ལཏི་ཁཱ་ཨེརདུ་འབོད་ཅིང་།

དེ་ནིལྷ་སྐད་ཐོས་པའི་གནས་མཆོགཅེས་པའི་དོན་ཡིན་ཟེར)

གནའ་དཔྱོད་རིག་པའི་དཔག་རྩིས་ལྟར་ན། སྤྱི་ལོ200ནས900ཡི་བར་ཏེ་མི་ལོ700ཡི་རིང་། མཱ་ཡཱ་རིག་གནས་ཀྱིས་སོ་སོའི་འབྱུང་དར་རྒུད་གསུམ་གྱི་གོ་རིམ་བརྒྱུད་ཟེར། ས་ཚུགས་ཀྱིས་བཤད་ན་དེང་གི་མཱོ་ཞི་ཀོའི་ཡུལ་ལུང་རྣམས་ལྟེ་བར་བཟུང་སྟེ། ལྷོ་ངོས་མེ་གླིང་གི་བར་རྒྱུད་དག་ཏུ་མངའ་ཁོངས་བསྐྱེད་པ་རེད། དེ་འདྲའི་ལོ་རྒྱུས་ཀྱི་འཕྲེད་གཞུང་ཀུན་ལ་ལྟོས་ཏེ། མཱ་ཡཱ་ཚོ་རྒྱུད་ཀྱིས་བསྐྲུན་པའི་རིག་གནས་ལ“མེ་གླིང་དབྱིན་ཏེ་ཨན་གྱི་རིག་པའི་འབྱུང་གནས”ཞེས་པའི་སྙན་གྲགས་ཡོད་ཟེར། ཡང་གནའ་ནས་ད་བར། ཤེས་རིག་མཆིས་སོ་ཅོག་གཅིག་སྡུད་དུ་མཚོན་བྱེད་ལ་གྲོང་ཁྱེར་ལས་མ་འདས་པས། ཁ་ཕོ་ཆེ་འདྲའི་མཱ་ཡཱ་རིག་གནས་ཀྱང་གྲོང་ཁྱེར་གྱིས་མ་བཤད་ན་མི་ཡོང་། དེར་གནའ་དཔྱོད་པས་ཝེ་ཏི་མཱ་ལཱའི(危地马拉)གདོད་མའི་ནགས་ཚལ་ཁྲོད། མཱ་ཡཱ་ཚོ་སྡེའི་ཉི་མའི་ལྷ་ཆེན་མཆོད་ཡུལ་ཡིན་ཟེར་བའི་མཁར་གྲོང་གསུམ་གྱི་གནའ་ཤུལ་བརྐོས་ཏེ་རྙེད། དེ་ལས་ཆེས་ཆེ་བ་ནི“ལྷ་སྐད་ཐོས་པའི་གནས་མཆོག”— ཏི་ཁཱ་ཨེར(蒂卡尔)གྲོང་ཁྱེར་རེད། ཡང་གྲོང་ཁྱེར་འདི་སྐྱོང་མཁན་ནི། མཱ་ཡཱའི་མི་རྗེ“གཟིག་ནག་སྡེར་མོ་ཅན”ཟེར་བའི་རྒྱལ་རབས་རིམ་བྱོན་ཡིན་པར་བཤད། དེར་བརྟེན། དེ་རིང་ཡང་གྲོང་ཁྱེར་འདིའི་མཚོན་རྟགས་སུ། མིང་ལ“གཟིག་ནག་འཕོང་ཙོག་མ”ཟེར་བའི་གཏོར་དབྱིབས་མཆོད་རྟེན་དེ་འགོད་པར་བྱེད། སྤྱི་ལོ810ལོར་བཞེངས་པའི་མཆོད་རྟེན་འདིའི་མཐོ་ཁྱད་ན་གོམ་པ52ཡོད་ཅིང་། རྒྱང་ནས་བལྟས་ན་མེ་གླིང་གི་གཟིག་ནག་ཅིག་ས་ཁར་འཕོང་ཙོག་གིས་བསྡད་ཡོད་པ་དང་འདྲ་ལ། དེའི་སྟེང་། མཱ་ཡཱའི་མི་རྗེ་གཟིག་ནག་སྡེར་མོ་ཅན་གྱི་བག་ཆགས་ཀྱང་འདྲེས་ནས་མིང་དེ་ཆགས་སྐད།

དབུས་སུ་རྩྭ་ལྗང་གཡུ་ལོ་འཁྲུགས་པའི་གྲུ་བཞིའི་དབྱིབས་ཀྱི་ཐང་ཆེན། ཕྱོགས་མཚམས་སོ་སོར་གཟིག་ནག་མཆོད་རྟེན་གྱིས་གཙོས་གཏོར་དབྱིབས་མཆོད་རྟེན་ལྔ་ཙམ། དེ་བཞིན་ཐོག་རྩེག་གཉིས་ནས་གསུམ་ཅན་གྱི་གཞིས་མ་ར་བ་དང་བཅས། ཤོ་གདན་སྒང་དུ་ཤོ་རྡེའུ་ལྟར་གོ་རིམ་དོད་པོར་བཟོས་ཡོད་པའི་ཏི་ཁཱ་ཨེར་གྲོང་ཁྱེར་དང་། གྲོང་ཁྱེར་དེས་མཚོན་པའི་མཱ་ཡཱ་རིག་གནས་ཀྱི་དབུས་འགྱུར་འདི། དུས་རབས9པས་ནས་བཟུང་ཅི་ཆ་མེད་པའི་རྐྱེན་གྱིས་རིམ་བཞིན་འཇིག །དུས་རབས15པའི་ནང་སི་ཕེན་གྱིས་ལ་ཏིང་མེ་གླིང་ཆམ་ལ་ཕབ་རྗེས། རྦད་དེ་གཞི་མེད་རྩ་བྲལ་དུ་ཉམས། དེ་རིང་གི་ཆར། ཉི་མའི་ལྷ་ཆེན་གྱིས་བསྐྱངས་པར་བཤད་པའི་གདོད་མའི་ནགས་ཁྲོད་དེར་འབྱོར་མཁན་ཡུལ་སྐོར་པས། “ལྷ་སྐད་ཐོས་པའི་གནས་མཆོག”སྟེ། གྲོང་ཆེན་པོ་ཏི་ཁཱ་ཨེར་གྱི་མཁར་ཤུལ་ནས་གཟིག་ནག་མཆོད་རྟེན་ལ་གདོང་པ་གྱེན་དུ་ཕྱོགས་དུས། བསྐལ་པ་ལུ་གུ་རྒྱུད་དུ་འཕེལ་བའི་མིའི་རིགས་ཀྱི་ལོ་རྒྱུས་དམིགས་བསལ་བ་འདི་ལ། སོ་སོའི་ཤེས་བྱའི་ཆ་ལག་དང་མི་ཚེའི་ཉམས་མྱོང་བཞིན་དྲན་པ་སྣ་ཚོགས་གཞག་རྒྱུ་ཡོད་ཚོད།

ཁ། ཨ་ཙཱི་ཐཱ་ཁེའི་རིག་གནས་དབུས་འགྱུར—“མེ་ཏོག་དབང་ལག་འཁྲུངས་ས།

(ཨ་ཙཱི་ཐཱ་ཁེའི་རིག་གནས་ཀྱི་དབུས་གྲོང་ཁྱེར་ལཐི་ནོ་ཆི་ཏནདུ་འབོད་ཅིང་།

དེ་ནིམེ་ཏོག་དབང་ལག་འཁྲུངས་སཞེས་པའི་དོན་ཡིན་ཟེར)

དུས་རབས14ནས16པའི་བར། རྒུད་ཟིན་པའི་མཱ་ཡཱ་རིག་གནས་ཀྱི་རྨང་གཞིའི་ཐོག །ཨ་ཙཱི་ཐཱ་ཁེ་རིགས་རྒྱུད་ཀྱིས་བཙུགས་པའི་ཨ་ཙཱི་ཐཱ་ཁེ་བཙན་རྒྱལ་དང་དེའི་རིག་གནས་དར། ཡུལ་དེ་དེང་སང་གི་མཱོ་ཞི་ཀོའི་ནུབ་ཕྱོགས་གཤོང་ཁུལ་དུ་ངོས་འཛིན། བཙན་རྒྱལ་འདིའི་ཤེས་རིག་རྩེ་དར་མཚོན་ལ“མེ་ཏོག་དབང་ལག་འཁྲུངས་ས” (特诺奇提特兰)ཞེས་པའི་གྲོང་ཆེན་མོ་འདུག །ཨ་ཙཱི་ཐཱ་ཁེའི་ལྷ་སྒྲུང་ནང་། གླིང་ཕྲན་ཞིག་གི་སྟེང་ཆགས་ཡོད་པའི་གྲོང་འདིའི་མཚེར་ས་ནི་ཁོ་ཚོའི་སྐྱེས་ལྷ་སྟེ། ཁ་ནང་དུ་སྦྲུལ་རིང་བཟུང་ཞིང་མེ་ཏོག་དབང་ལག་ཅིག་གི་སྟེང་འབབ་པའི་གླག་མོ་དེས་ལུང་བསྟན་ཟེར། དེ་བས་གྲོང་ཁྱེར་གྱི་མིང་ལ་ཡང“མེ་ཏོག་དབང་ལག་འཁྲུངས་པའི་གནས”ཞེས་ཐོགས། གྲོང་དེ་བཅོམ་ཤུལ་ནས་བཙུགས་པའི་རྒྱལ་ཁབ་མཱོ་ཞི་ཀོའི་མིང་དང་། མཱོ་ཞི་ཀོའི་རྒྱལ་རྟགས་ཀྱང་ཨ་ཙཱི་ཐཱ་ཁེའི་ལྷ་སྒྲུང་རིག་གནས་འདི་ལས་ཡོང་བ་རེད།

1325ལོར། ཁང་ཁྱིམ་ཁྲི6དང་དགོན་པ40ཡོད་པའི་གྲོང་ཆེན་པོ“མེ་ཏོག་དབང་ལག་འཁྲུངས་ས”མངའ་དར་གྱི་རྩེ་མོར་སོན་ཏེ་ཨ་ཙཱི་ཐཱ་ཁེ་བཙན་རྒྱལ་གྱི་རྒྱལ་སར་གྱུར། གྲོང་གི་རྒྱ་ཁྱོན་ན་སྤྱི་ལེ་ཁ་གང་མ13ཡོད་ཅིང་སྡོད་དམངས་མི་འབོར་ཁྲི20ལ་བུད། མ་ཟད། མཚོ་བསྲུབས་པ་ལས་བྱུང་བའི་གླིང་ཕྲན་གྲོང་ཁྱེར་ཡིན་པའི་ཐད་ནས་འཛམ་གླིང་ལ་གྲགས་གཡེར་ཆེ་སྐད། གླིང་ཕྲན་ནས་སྐམ་སར་བགྲོད་ལ་ཞེང་ཚད་གོམ་པ10ཅན་གྱི་རྡོ་རྩིག་གི་ལམ་བུ30ལྷག་ཡོད་ཅིང་། དེའི་ཞོར་ན་ཉིན་རེར་གླིང་ཕྲན་ནས་སྐམ་སའི་བར་གྲུ་ཆེ་ཆུང་ཁྲི20འགྲོ་འོང་བྱེད་སྐད།

1440ལོར་ཐོན་དུས། ཨ་ཙཱི་ཐཱ་ཁེ་བཙན་རྒྱལ་གྱིས་གྲོང་ཆེན་པོ“མེ་ཏོག་དབང་ལག་འཁྲུངས་ས”ལྟེ་བར་བྱས་ཏེ། ནུབ་མཱོ་ཞི་ཀོ་ནས་ཤར་ཞི་བདེ་རྒྱ་མཚོའི་བར་མངའ་ཁོངས་རྒྱ་བསྐྱེད་ཅིང་། མི་འབོར་ཁྲི500ལ་འཕེལ་སྐད། 1521ལོར། སི་ཕེན་གྱི་བཙན་འཛུལ་པ་ཚོས་མེ་མདའ་དང་སྒྱོགས་ཆེན་ཐོགས་ཏེ་གྲོང་ཁྱེར་འདི་ཕབ་རྗེས་ཧ་ལས་པའི་ངང་། “རྔམ་བརྗིད་པཱ་པཱི་ལུན(巴比伦)དང་འདྲ། གཟི་བྱིན་ཝེ་ཉི་སི(威尼斯)ལ་འགྲན”ཞེས་ངག་ནས་ཐལ་ཟེར། སི་ཕེན་གྱི་མི་སེར་སྤེལ་མཁན་ཁིར་སི་ཐེས(科尔斯特)གྲོང་དེའི་རྣམ་པ་མཐོང་རྗེས་ཡ་མཚན་དང་བཅས། “གླིང་ཕྲན་གྲོང་ཁྱེར་འདིར་ཉིན་རེར་མི་འབོར་ཁྲི་ཚོ6རེ་ཚོང་འདུས་སུ་འཛོམས་ཀྱིན་འདུག”ཅེས་བྲིས་སྐད། དོན་ལ་ཡང་། གྲོང་ཁྱེར་འདི་ནི་སྐབས་དེའི་མེ་གླིང་གི་ཆེས་ཆེ་བའི་དཔལ་འབྱོར་གྱི་དབུས་ཡིན་པར་བཤད།

དེ་མིན། ཨ་ཙཱི་ཐཱ་ཁེ་བཙན་རྒྱལ་གྱི་སྔོན་ཏེ། སྤྱི་ལོ350ནས750བར་བྱུང་བའི་ཐཱོད་ཝ་ཁཱན(特奥蒂瓦坎)བཙན་རྒྱལ་ཡང་། མཱོ་ཞི་ཀོའི་ནུབ་ངོས་གཤོང་ཆེན་དུ་ཆགས་པ་རྒྱུ་མཚན་དུ་བྱས་ནས་ཨ་ཙཱི་ཐཱ་ཁེ་རིག་གནས་ཀྱི་ཁོངས་སུ་བརྩི། “ཐཱོད་ཝ་ཁཱན”ཞེས་པ“ལྷ་ཚོགས་དགའ་བའི་གནས”ཞེས་པའི་དོན་ཡིན་ཟེར། གྲོང་འདིར་སྲང་ཆེན་གཉིས་འདུག །དེ་ལས་གཅིག་ལ“གཤིན་པོའི་ཐར་ལམ”དུ་འབོད། དེ་རིང་ཡང་མཐོང་དུ་ཡོད་པའི་ཉི་ཟླ་མཆོད་རྟེན་ཆ་གཅིག་སྲང་དེའི་མགོ་རྔ་གཉིས་ན་སྣང་། མཐོ་ཁྱད་ན་གོམ་པ64.5དང་། རྩ་འཁོར་ན་གོམ་པ220ཡོད་པའི་ཉི་མ་མཆོད་རྟེན་ནི་སྤྱི་ལོ་དང་པོར་བཞེངས་སྐད། ནགས་ཁྲོད་གཉུག་འབངས་དམར་པོ་དེའི་ཨར་རྩལ་བརྩམས་ཆོས་ཏེ། གཏོར་དབྱིབས་མཆོད་རྟེན་ཆ་གཅིག་དེའི་གང་ཡིན་རུང་། མི་ལོ་ཉིས་སྟོང་ཟིན་པའི་དེ་རིང་ཡང་། ཁ་དོག་ཅི་རིགས་ཀྱི་རྡོ་རྩིག །རྣམ་པ་སྣ་ཚོགས་ཀྱི་བརྐོས་རིས། གསོན་ཉམས་རང་དོད་ཀྱི་འཇིམ་བརྙན་སོགས་གཟི་བྱིན་གྱིས་ཀུན་ནས་བཏེགས་ཏེ། གནས་དེར་འབྱོར་བའི་ལྗོངས་རྒྱུ་བའི་ཡིད་ཀྱི་བརྟན་པ་ཅིག་ཆར་འཕྲོག་འགྲོ་ཟེར།

ཅུང་ཞིག་ཆ་ཚང་བར་བཤད་ན། མཱོ་ཞི་ཀོའི་ནུབ་ངོས་གཤོང་ཁུལ་ནས་ཐཱོད་ཝ་ཁཱན་བཙན་རྒྱལ་ནུབ་རྗེས་ཀྱི་དུས་རབས9པའི་ནང་། ཐཱོར་ཐཱིག(若尔特克)རིགས་རྒྱུད་ཀྱིས་བཞེངས་སྐྲུན་བྱས་པའི་ཐཱོར་ཐཱིག་བཙན་རྒྱལ་ལམ་ཐཱོར་ཐཱིག་རིག་གནས་བྱུང་། དེའི་ཕྱིས་ད་གཟོད་མགོ་ནས་གླེང་བའི་ཨ་ཙཱི་ཐཱ་ཁེ་བཙན་རྒྱལ་དང་དེའི་རིག་གནས་བྱུང་བ་རེད། མདོར་ན་སྤྱི་ལོ350ནས1521ལོར་སི་ཕེན་བཙན་འཛུལ་མཁན་མ་ཡོང་བའི་བར། མི་ལོ1100ལྷག་བརྒྱུད་དེ། ཐཱོད་ཝ་ཁཱན་རིག་གནས། ཐཱོར་ཐཱིག་རིག་གནས། ཨ་ཙཱི་ཐཱ་ཁེ་རིག་གནས་བཅས་ཀྱིས་གྲུབ་པའི་དབྱིན་ཏེ་ཨན་རིག་གནས་ཀྱི་དབུས་འགྱུར་གཉིས་པ་སྟེ། ཨ་ཙཱི་ཐཱ་ཁེ་རིག་གནས་དབུས་འགྱུར་གྲུབ་པ་རེད། གཤམ་དུ་དབྱིན་ཏེ་ཨན་རིག་གནས་ཀྱི་དབུས་འགྱུར་གསུམ་པ་སྟེ—དབྱིན་ཅཱ་རིག་གནས་མཚམས་སྦྱོར་གང་འཚམ་བྱ། ༼མུ་འགོད།༽

ཡོང་ཁུངས། སྐྱིད་རྟག


དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།