ནུབ་རྒྱ་མཚོའི་ཕར་ཁ་ཚུར་ཁ།

-ཨ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་(སྟོད་ཆ་)བསྒྱུར་པའི་ཟིན་བྲིས།

མི་ལ་ཙི་ཙི།

དྲུག ༤ སྐྱེས་ཆེན་ཞིག དེ་རིང་གི་ཆར། འཛམ་གླིང་མི་གྲངས་དུང་ཕྱུར་དུ་མའི་འདྲེན་བྱེད་དུས་གཅིག་ལ་གནས་གཅིག་ཏུ་སྡུད་ཐུབ་པའི་གཟིགས་མོ་ཞིག་བཤད་དགོས་ན། “འཛམ་གླིང་བུམ་པ”ཕུད་ཨ་རིའི་སྲིད་འཛིན་འདེམས་བསྐོ་ཡིན་པ་འདྲ། དེ་ལས་ཨ་རིའི་སྲིད་འཛིན་འདེམས་བསྐོ་ལ་ཅིའི་ཕྱིར་དེ་འདྲའི་དོ་སྣང་བྱུང་བ་ཡིན་ནམ། གུས་པའི་ལྟ་ཚུལ་ལྟར་ན། རྩ་དོན་དང་འབྲེལ་བའི་ཕྱོགས་ཆེ་ས་ནས་གླེང་ཚེ། ཕྱི་སྣོད་ཀྱི་ཚན་རིག་དང་དཔལ་འབྱོར་ཆེས་ཆེར་དར་ཅིང་། ནང་བཅུད་ཀྱི་རང་དབང་དང་དམངས་གཙོ་སྨིན་པོ་ཡོད་ལ། དེ་གཉིས་ཀྱང་བཟློག་མེད་རང་བྱུང་ཆོས་ཉིད་ལྟ་བུའི་རྩ་ཁྲིམས་ཀྱི་སྙིང་སྟོབས་ལས་མི་འདའ་བས། ལར་དགའ་མོས་བྱེད་མཁན་ནམ་དགག་པ་རྒྱག་མཁན་སུ་ཡིན་རུང་། ཨ་རི་མ་མཐོང་མ་ཐོས་ཁུལ་བྱེད་པ་ནི་ཆོ་མེད་པའི་འཁྲབ་སྟོན་ཞིག་དང་འདྲ་ཚོད། དེ་བས་ཨ་རིའི་སྲིད་འཛིན་འདེམས་པ་ནི“འཛམ་གླིང་གཙོ་འཛིན”འདེམས་པ་རེད་ལྟ་བུའི་ཀུ་རེ་ཡང་དམངས་ཁྲོད་ན་ཡོད་རེད། དེ་ལྟར་བལྟས་ཡོང་ན། ཨ་རིའི་སྲིད་འཛིན་འདེམས་བསྐོ་ཡི་བྱ་བ་འདི་ཐད་ཀར་མིའི་རིགས་ཀྱི་སྐྱིད་སྡུག་ལེགས་ཉེས་དང་འབྲེལ་བ་ཡོད་པ་དང་ཡང་འདྲ། དེ་ལ་ཡང་དཔེ་ཡོད་དེ། ཨ་ཧྥེ་རི་ཀ་ནས་ཨ་རབ་རྒྱལ་ཁམས། ཨེ་ཤ་ཡཱ་ནས་ལཱ་ཏིང་མེ་གླིང་བཅས་ཀྱི་སྐྱབས་བྲལ་མགོན་མེད་ཀྱི་སྐྱེ་བོ་གྲངས་སུ་རྫོགས་པ། ཅིའི་ཕྱིར་བར་དུ་རྩིག་གྱང་བརྩིགས་ཤིང་བྲང་ཁར་མེ་མདའ་བཙུགས་རུང་། ད་རུང་བྱང་ཨ་རིའི་སྐམ་ས་ཆེན་པོ་འདིར་མཐའ་ལྕེབས་ཆུར་མཆོང་སྒོས་འབྱོར་ཡོང་བ་རེད། ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་སྡུད་འདྲའི་རྣམ་པ་འདིས་ཅི་ཞིག་ལ་ལན་བཏབ་སོང་བ་རེད་ཅེ་ན། ཨ་མེ་རི་ཀར་འཚོ་བ་ཡིན་ཚེ། དམའ་ཞན་དུ་ཡོད་པའི་འབངས་མིས་ཀྱང་མཐོ་ཤོས་ཀྱི་རང་དབང་དང་། དེ་བཞིན་ཁྲིམས་ཀྱི་འདྲ་མཉམ་ལོངས་སུ་སྤྱོད་ཐུབ་པས་རེད་སྙམ། དེའི་ཕྱིར་ཡང་མི་ལོ་ཉིས་བརྒྱའི་གོང་རོལ་གྱི་ཧྥོར་ཀེ་ནེ་ཡཱའི་མི་ཕོ་དེ་ལན་ཅིག་གླེང་དགོས་ཡོད—རྗོར་ཊི・ཝ་ཤེན་ཊིན།

ང་ཚོ་བོད་ཀྱི་ངག་སྟབས་ཤིག་ལ། བྱ་རྒྱལ་ཁྱུང་ཆེན་ཟེར་བ་འཕུར་ལུགས་ཀྱིས་མ་རེད་འབབ་ལུགས་ཀྱིས་རེད་ཟེར། དེ་ལྟར། ཝ་ཤེན་ཊིན་ཟེར་བའི་ཨ་རིའི་གླག་མོ་ཀླད་དཀར་མ་དེ་ཡང་འཕུར་ལུགས་ཀྱིས་མིན་པར་འབབ་ལུགས་སུ་མཐོང་ངོ་། །ལར་ཨ་རིའི་རྩ་ཁྲིམས་ནི་ཧྥུ་རན་ཁི་ལིན་གྱི་བསྔགས་བརྗོད་ལྟར། ཧ་ལམ“མ་བཅོས་ལྷུན་གྲུབ”ཀྱི་ཚོད་ན་ཡོད་ཟེར་བ་དེ་རེད། ཡང་དེ་གཅེས་བརྩི་མ་བྱུང་ན་མིང་རྫིག་པོ་ཡོད་པའི་ཁ་ན་ཅི་ཡོད། “ཁྲོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཟེར་བ་ལྟ་བུ་རེད། ཁོ་བོས་བཤད་འདོད་པ་ནི། ཨ་རིའི་རྩ་ཁྲིམས་ནང་ཆེས་ཐོག་མར་སྲིད་འཛིན་གྱི་སྲིད་འགན་བཞེས་ཡུན་ལོ་བཞི་རེ་ཡིན་པ་ལས། སྲིད་འགན་ཐེངས་གཉིས་ལ་མ་གཏོགས་འཁུར་མི་ཆོག་པ་བྲིས་མེད་སྐད། དེ་བས། སྲིད་འགན་ཐེངས་གཉིས་པ་མ་རྫོགས་གོང་དགོངས་སྐོར་ཞུས་ཏེ་མ་བསྐུལ་ཁྲི་ལས་འབབ་ལུགས་དེས། སྔོན་ཆད་ཨ་མེ་རི་ཀ་རྒྱལ་ཁབ་ལ་བཞག་པའི་བྱས་རྗེས་ཅི་རིགས་རྨང་གཞིར་བྱས་པའི་ཐོག །མི་ཚེའི་རིན་ཐང་ལྟ་བ་མཐོ་སར་འཕགས་ཏེ། ཝ་ཤེན་ཊིན་ཁོ་གཞི་ནས་སྐྱེས་ཆེན་གྱི་ལམ་དུ་བསྙེགས་སོང་བ་རེད་སྙམ། མ་ཟད་སྲིད་འཛིན་རྗེས་མ་དག་གིས་ཁ་མིག་ཡར་ལྟ་བྱ་དགོས་བྱུང་ཞིང་། དེའི་ཁར་ཨ་མེ་རི་ཀའི་རྩ་ཁྲིམས་སྙིང་སྟོབས་དང་། དེ་བཞིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོག་འབུབས་ཀྱང་ཇེ་བརྟན་དུ་བཏང་སོང་བ་རེད་སྙམ། དེ་ལྟར་མིན་པར། མི་སྒེར་གྱི་དབང་ཤེད་ལ་ཤི་སྤར་འཇུ་མཁན་ཅིག་ཡིན་ན་ནི། ཁོ་ཝ་ཤེན་ཊིན་ལ་ཡང་ཀུམ་ཅོང་འུན་ཕ་སྤད་ཚོའི་ལ་ཉེ་དེ་འདྲ་ཐོན་མི་ཡོང་གྲང་།

གོང་ནས་གླེང་སོང་བ་བཞིན། སྲིད་འགན་ཐེངས་གཉིས་པ་རྫོགས་ཁའི1796ལོའི་ཟླ9པར། ཝ་ཤེན་ཊིན་གྱིས《གྱེས་བྲལ་སྙན་ཞུ》སྤེལ་ཏེ་སྲིད་འགན་ལས་དགོངས་སྐོར་ཞུས། དེ་དུས་ཁོང་དགུང་གྲངས64ཙམ་རེད། རྒྱལ་ཁབ་ཀྱི་གཙོ་འཛིན་ཞིག་ཡིན་པའི་ཆ་ནས་བལྟས་ན་ལོ་ན་ཚོད་བཟང་སྒང་མ་རེད་དམ། འོན་ཀྱང་ཧྥོར་ཀེ་ནེ་ཡཱའི་མི་ཕོ་དེ་ཕྱིར་ཕ་མེས་བརྒྱུད་ཀྱི་ཞིང་ར་ཧྥེ་ནན་དུ་ལོག་སོང་། བརྩེ་བའི་ཡུམ་ཆེན་འདྲ་བའི་ཕི་ཐོ་མེ་ཁི་གཙང་པོའི་འགྲམ་དུ་ལོག་སོང་། གཅིག་བྱས་ན། ཤི་མིག་གསོན་ལ་ཅེར་ཏེ་དབུགས་ཉག་རྟ་རྔ་འདྲ་བོ་འཆད་རག་བར། གཡོ་ཁྲམ་གྱིས་ཐོབ་པའི་སྒེར་གཅོད་ཀྱི་ཐམ་ཀ་སྔས་འོག་ཏུ་གནོན་མཁན་རྣམས་ཀྱི་ཁོག་ལ། ཧྥོར་ཀེར་ནེ་ཡཱའི“གླེན་པ་རོ་ཆེ”འདྲ་བ་ས་སྟེང་དུ་ཉུང་ཙམ་བྱུང་ན་དགའ་སྙམ་གྱིན་ཡོད་ཀྱང་སྲིད་ཀྱི། 

ཕྱིར་ཧྥེལ་ལེ་ཞིང་རར་ལོག་ནས་ལོ་གསུམ་འཕྲོ་ཡི། 1799ལོའི་ཟླ12པའི་ཚེས14ཉིན། སྤྱིར་བཏང་གི་ཆམ་ནད་ཅིག་ལ་ཁག་བཞག་སྟེ། ཝ་ཤེན་ཊིན་དགུང་ལོ67སྟེང་སྐུ་གྲོངས། འདད་སྐད་དེས་ཨ་རི་མ་ཟད་ཡོ་རོབ་ཧྲིལ་པོར་སྐྱོམ་འདར་ཐེབས། དེ་ལས་ནཱ་ཕོ་ལིན་གྱིས་ཧྥ་རན་སི་རྒྱལ་ཁབ་ཧྲིལ་པོས་ཉིན་བཅུའི་རིང་འདུན་འཁུར་དགོས་པའི་བཀའ་ཕབ། ཨ་རི་བས་ཁོང་གི་མཛད་རྗེས་དང་དོ་མཉམ་པའི་མྱ་ངན་ཞུ་སྟེང་ཞིག་གློ་བུར་མ་དྲན་པས། རྒྱལ་སའི་མིང་ལ་ཝ་ཤེན་ཊིན་དུ་བཏགས་ཏེ། ཁོང་གི་མི་ཚེ་རྒྱལ་ཁབ་འདིའི་ངོ་བོར་ཐིམ་པར་བྱས། ཕྱིས་ཀྱི1884ལོར། གཞི་ནས་ཝ་ཤེན་ཊིན་དྲན་རྟེན་རྡོ་རིང་བཞེངས་ཏེ་ཁོང་ལ་དྲན་གསོ་ཞུས་པ་རེད། 

ཨ་རིའི་རྒྱལ་ས་ཝ་ཤེན་ཊིན་གྱི་མཚོན་རྟགས་དང་ལྟེ་དབུས་ཏེ། རྡོ་ཀ་མ་རིས་བཞེངས་པའི་རྡོ་རིང་དེའི་མཐོ་ཁྱད་ན་གོམ་པ169ཡོད་པར་བཤད་ལ། གྲོང་ཁྱེར་ཧྲིལ་པོའི་ཨར་པོ་མཐོ་ཤོས་ཡིན་ཟེར། མ་ཟད་སྟེང་དུ་ཡིག་འབྲུ་རྡོག་གཅིག་ཕབ་མེད་ལ། དེས་ནི་རྗོར་ཊི・ཝ་ཤེན་ཊིན་གྱི་བླ་མེད་མཛད་རྗེས་ནི་ཡི་གེའི་ལམ་ནས་མཚོན་དུ་མི་བཏུབ་པ་སྟོན་ཟེར།

རང་བཙན་དམག་འཁྲུག་བརྒྱུད་པའི་དམག་དཔོན་ཧིན་རཱེལི(亨利李)ལ་སྐད་གྲགས་རྒྱས་དོན་ནི། ཁོས་ཝ་ཤེན་ཊིན་ལ་གདེང་འཇོག་བྱེད་སྟངས་འདིས་ཀྱང་ཡིན་ཟེར། “དམག་འཁྲུག་སྐབས་ཀྱི་ཆེས་གྲགས་ཅན་གྱི་སྤྱི་དཔོན། ཞི་བདེའི་དུས་ཀྱི་ཆེས་ཕུལ་བྱུང་གི་གཙོ་འཛིན། མི་དམངས་སེམས་ཀྱི་ཆེས་རླབས་ཆེན་གྱི་མི་སྣ།” དེ་བཞིན་ཝ་ཤེན་ཊིན་ལ་སྙན་ཚིག་ལྟ་བུའི་བསྔགས་བརྗོད་རྫོགས་སུ་མེད་པ་བྱུང་རུང་། སྲིད་འཛིན་གཉིས་པ་རྗོནཨ་ཊམ་སིའི་ལྕམ་མོ་ཨེ་པི་ཀེལ(阿比盖尔)གྱི་གདེང་འཇོག་ལས་ལྷག་པ་མེད་སྐད། དེར་ཁོ་མོས། “ཧོལ་རྒྱུག་ལས་བྱུང་བའི་ནོར་འཁྲུལ་ཁོས་གཏན་ནས་བཟོས་མྱོང་མེད། ཁོས་རང་གི་མཁས་མཛངས་ལ་དུས་རྒྱུན་ཁེངས་པ་བསྐྱུང་བར་བྱེད། ཁོར་དབང་ཆ་ཡོད་པ་མ་ཟད་དབང་ཆ་དེ་ལ་ཁེབས་རྒྱ་དང་ཤན་སྟོབས་ཧ་ཅང་ཆེ། འོན་ཀྱང་རྒྱལ་ཁབ་ཀྱི་ཕན་ཁེའི་མདུན་སར་ལྷགས་པ་མིན་ན། ཁོས་དབང་ཆ་དང་ཤན་སྟོབས་དེ་རིགས་རང་དགར་གཏན་ནས་བེད་དུ་མི་སྤྱོད། གལ་སྲིད་ང་ཚོས་ཁོའི་མི་ཚེ་ཧྲིལ་པོར་བུབས་ཀྱིས་བལྟས་པ་ཡིན་ན། ཕྱིས་ཀྱི་ལོ་རྒྱུས་ཁྲོད། ཁོ་ལྟ་བུའི་མི་སྣ་ཞིག་འབྱུང་མི་ཐུབ་པ་འདྲ།”

མདོར་ན། སྨྲ་བརྗོད་རང་དབང་གི་རྒྱལ་ཁམས་ནས་ཐོན་ཞིང་ཚད་ཏིག་ཏུ་ཡང་འཛིན་པའི་འབྲེལ་ཡོད་ཝ་ཤེན་ཊིན་གྱི་ལོ་རྒྱུས་བཀླགས་རྗེས་ཁོ་བོར་དྲན་ཚུལ་ཅིག་སྐྱེས་པ་ནི། “རླབས་ཆེན་གཙོ་འཛིན”ཟེར་བ་རང་དགར་འབོད་བདེ་བ་ཞིག་མ་རེད་ལ། ལར་བོས་པ་ཡིན་རུང་། ལོ་རྒྱུས་རྩོད་སྒྲུབ་ཀྱི་གཅན་འཕྲང་རིང་མོ་མ་བརྒྱུད་ན། ཅི་སྟེ་རང་སྣང་སྐྱིད་པའི་བབ་ཅོལ་ཙམ་དུ་མི་འགྲོ་བའི་ངེས་པ་ཡང་མི་འདུག་སྙམ་མོ། ། ༼མུ་འགོད།༽

ཡོང་ཁུངས། སྐྱིད་རྟག


དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།