ནུབ་རྒྱ་མཚོའི་ཕར་ཁ་ཚུར་ཁ།

-ཨ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་(སྟོད་ཆ་)བསྒྱུར་པའི་ཟིན་བྲིས། མི་ལ་ཙི་ཙི། ལྔ། ༢ དམག་དཔོན་ཞིག

མེས་རྒྱལ་དབྱིན་ཇི་དང་ཁ་གྱེས་པའི་མི་ལོ་བརྒྱ་ལྷག་རིང་། སྒེར་གཅོད་ལ་འཛེམ་ཟོན་ཆེ་དང་གཅིག །ཁེ་ཕན་ལ་སེར་སྣ་ཐུ་དང་གཉིས། རང་དབང་ལ་དུངས་པ་ཟབ་དང་གསུམ། འདི་གསུམ་བྱང་ཨ་རིའི་མི་སེར་སྤེལ་ཡུལ་གྱི་ཐུན་མོང་གཤིས་ཀའི་གཞི་རྒྱུར་ཆགས་ཏེ་ཡོད། དེར་བརྟེན། ཨ་ཊམ་སིའི་འོས་སྦྱོར་ཤུགས་ཆེན་འོག་སྐམ་སའི་དམག་གི་སྤྱི་དཔོན་དུ་བསྐོས་རུང་། ཝ་ཤེན་ཊིན་ཟེར་བའི་སྤྲེལ་རྒྱལ་འུ་ཀུང་འདིའི་མགོར་ཡང་སྔགས་འདེབས་ལྕགས་ཀྱི་ཁྱུད་ཀོར་ཅིག་མ་བསྐོན་ན་འོས་མེད། གཅིག་ཐང་ན་ཕྱིས་སུ་དམག་གི་ཤེ་མོང་ལ་བརྟེན་ཏེ་སྐམ་སའི་གྲོས་ཚོགས་གཏོར་ཡང་སྲིད། དེ་བས “ལར་རྒྱལ་ཁ་འཐོབ་ཚེ། དེ་མ་ཐག་དམག་སྤྱིའི་ཐམ་ཀ་ཕྱིར་སྤྲད་དགོས་ལ་དམག་རུ་ཡང་གཏོར་དགོས”ཞེས། “རང་བཙན་བསྒྲགས་གཏམ”སྤེལ་ཏེ་ངེར་ཞགས་ཡལ་མེད་པའི་སྐམ་སའི་ཚོགས་པས་ངོ་ཡང་མི་གནོང་པར། ད་རུང་དམག་མི་རྐང་ཐུར་གཅིག་ཀྱང་བསྡུས་མེད་པའི་ཁོ་ཚོའི་དམག་སྤྱི་དེ་ལ་བཀའ་ཕབ། འདི་ལ་བརྙས་བཞག་གི་བྲོ་བ་ཁ་མོ་གཏིང་ན་འཐུལ་རུང་། དངོས་འབྲེལ་ཨ་ཊམ་སིས“གླེན་པ་རོ་ཆེ”ཟེར་བ་ལྟར། ཝ་ཤེན་ཊིན་གྱིས“གླེན་ཞད”དང་བཅས་ཁས་ལེན་བྱས། མ་ཟད་དམག་འཁྲུག་མ་རྫོགས་པའི་བར་ཁོ་མི་སྒེར་ལ་དམག་ཕོགས་མ་བྱིན་ན་ཆོག་པར་ཞུས། སྐམ་སའི་ཚོགས་པ་དེ་ལ་ཡང་ཅིས་མི་མགུ།

དེའི་འཕྲོར། རལ་གྲི་འོད་ཆེན་ཐོགས་པའི་དམག་སྤྱི་ཝ་ཤེན་ཊིན་མི་རྐྱང་རྟ་རྐྱང་ངང་འབངས་དམག་བསྡུ་རུ་ཆས་སོང་།

དབྱིན་རྒོལ་དམག་འཁྲུག་གམ་མེ་དབྱིན་དམག་འཁྲུག་ཟེར་བ། འུ་ཚོའི་དཔེ་ལེན་སྟངས་ལྟར་བཤད་ན། སྒོ་ང་ཞིག་དང་རྡོ་བ་ཞིག་གི་རྒྱག་རེས་བྱེད་སྟངས་རེད། དེའི་རྒྱུ་མཚན་ཞུ་ཡང་ཅི་དགོས། དབྱིན་ཇི་ནི་མི་སེར་སྤེལ་མཁན་བཙན་རྒྱལ་སྔ་གྲས་རེད། དཔལ་འབྱོར་གྱི་རྔམས་ནི་མཐུག །སྐམ་དམག་ཧྲག་ལ་འཐབ་འཁྲུག་གི་ཉམས་མྱོང་གིས་ཕྱུག །མཚོ་དམག་བཤད་ན། སྔོན་ཆད་སི་ཕེན་གྱི“ཡ་མེད་གཟིངས་རུ”(“无敌舰队”)སོག་མའི་སྡེམ་ཆག་ཆུ་ཁར་གཏོར་འདྲ་བྱེད་མཁན་རེད། རྒྱལ་ཁབ་སྤྱི་ལ་མི་འབོར་ཁྲི3000ཡོད། ཨ་རི་ནི་སོ་མ་རང་བཙན་བསྒྲགས་པའི་རྒྱལ་ཁབ་དམར་འབྱར་སྒྲོ་སྤུ་ཐོགས་མེད་པ་ཞིག་རེད། མི་འབོར་ལ་ཁྲི300ཙམ། ད་རུང་ཁོ་ཚོའི་སྐམ་ས་ཆེན་པོའི་དམག་དཔུང་ཟེར་བ་དེ། དོན་ལ་རོང་འབྲོག་ཁྱུ་གཅིག་བསྡུས་ཡོང་སྟེ་གནས་སྐབས་བང་སྒྲིག་ཏུ་བཅུག་པ་ཙམ་རེད། ཐ་ན་རྒྱགས་མི་ལྡེང་ཁར་དྲག་ཆས་ཀྱང་ཉུང་ལ། ལྷག་དོན་དམག་མི་འགའ་རེས་མེ་མདའ་གཅིག་སྤྱོད་དགོས་པའི་འཁོས་ཞན་དུ་ཡོད། དེ་འདྲའི་སྒོ་ང་དང་རྡོ་བའི་ཧེ་བག་བསྟུང་རྒྱུ་མ་ཟད། མཐའ་མཇུག་རྡོ་བ་དེ་ཧྲུག་ཧྲུག་བཟོ་རྒྱུ་ནི། ད་ལྟ་འུ་ཚོས་གླེང་བཞིན་པའི་ཧྥོར་ཀེ་ནེ་ཡཱའི་མི་ཕོ་ཝ་ཤེན་ཊིན་ལ། བྱང་ཨ་རིས་མི་དམངས་ཀྱིས་བཅོལ་བའི་རེ་འདུན་ཉག་དེ་རེད། ཁྱུག་ཙམ་བལྟས་པས་ཀྱང་དེ་ནི་ཡིད་ཨ་ཐང་ནག་པོ་རྒུ་ཐང་འཆད་པ་ཞིག་མ་རེད་དམ། འོན་ཀྱང་། དགྲ་འདུལ་ཇག་གི་དམག་དཔོན་དེའི་འཐས་ཇུས་མཁྱེན་མཛངས་དང་། སྐམ་སའི་དམག་རུ་དེའི་རང་དབང་ཞེ་བརྣགས་ཀྱིས་ནི། དངོས་འབྲེལ་ལོ་ངོ་དྲུག་གི་དམག་འཐབ་བརྒྱུད། མཐའ་མཇུག །སྟག་མོའི་སྣ་ཁྱི་མོས་བླངས་ཏེ། ལྕགས་རི་ལས་བརྟན་པའི་བཙན་རྒྱལ་རྙིང་པའི་རུ་དཔུང་དེ་བྱེ་མའི་འཆིང་བུ་བཞིན་བཤིག་ཅིང་གཏོར་སོང་བ་རེད།

གཞན་ད་རུང་གལ་ཆེར་གླེང་དགོས་པ་ནི། ཝ་ཤེན་ཊིན་གྱིས་དཔུང་ཁྲིད་དེ་ཤི་འཐབ་རོ་འཛིང་བྱེད་པའི་ལོ་ངོ6དེའི་རིང་། མངའ་སྡེ་ཁག་གི་སྲིད་གཞུང་གིས་ཁོར་དེ་འདྲའི་རྒྱབ་རྫི་ཡག་པོ་མི་བྱེད་ཁར། རྒྱལ་ཚོགས་ཀྱང་ཁོའི་ནུས་པར་ཐེ་ཚོམ་སྐྱེས་ཏེ། དགོས་ངེས་ཀྱི་མི་ཤུགས་དང་རྒྱུ་ཤུགས་ཉིས་ཆ་ནས་མཁོ་འདོན་བྱས་པ་ཧ་ཅང་ཉུང་། དེའི་རྒྱུ་མཚན་ཡང་གཞན་མ་རེད། བརྒྱ་ལ་དམག་ཕམ་ཚེ་རང་རང་མེས་རྒྱལ་དབྱིན་ཇིའི་པང་དུ་ལོག་དུས་བཤད་རྒྱུ་ཞིག་ཉར་འདོད་རེད། ད་རུང་ཝ་ཤེན་ཊིན་གྱི་སྟོབས་ཤུགས་འཁོས་སུ་དབབ་ཕྱིར་སྲིད་གཞུང་ནང་ཁུལ་དུ་འགལ་འཛིང་ཐུ་མོ་ཤོར། ཐ་ན་ཁོའི་དམག་སྤྱིའི་གོ་ས་ཐད་ཀར་ལེན་རྩིས་ཐེངས་མང་བྱས། དགོད་སྤྱད་ཅིག་ལ། ཝ་ཤེན་ཊིན་གྱི་ཨ་མ་དང་ཆུང་མ(ཡུགས་མོ་འབྱོར་བ་ཅན་ཞིག)། དེ་བཞིན་བུ(ཆུང་མའི་གཞུག་ཁྲིད)དང་བཅས་པས། མགོ་ནས་མཇུག་བར་ཝ་ཤེན་ཊིན་གྱི་རླབས་ཆེན་བྱ་བ་དེར་རྒྱབ་སྐྱོར་ཡོང་བ་ལྟ་ཞོག །ད་རུང་ཕུགས་ནས་གཤོང་མཁན་དང་ལྐོག་ནས་མནར་མཁན་རྐྱང་རེད། དེ་བས་སྐབས་ཐོག་དེའི་ཝ་ཤེན་ཊིན་གྱི་གནས་སྟངས་དང་བཟོ་ལྟ་ལ་དཔེ་ཞིག་བཀོད་ན། ཁོ་ནི། དབྱིན་བཙན་རྒྱལ་གྱི་མདེལ་ཆར་འགོག་སྤྱད་དུ་གཡུལ་སར་གཟར་པའི་ཕུབ་རྒན་དྲང་མོ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་དེའི་ནང་རུལ་གྱི་དབྲེ་བཙོག་བཅོ་བརྒྱད་པོ་དང་། ཁྱིམ་ཚང་དེའི་ངན་མཚང་སྣ་དགུ་བོ་འགེལ་སའི་གླང་རྒན་གཡུང་མ་ཞིག་དང་ཡང་ཧ་ཅང་མཚུངས།

ཡང་བཤད་སྲོལ་ཅིག་ལ། སྐམ་སའི་དཔུང་གི་མཇུག་མཐའི་རྒྱལ་ཁ་ཡང་། དོན་ལ་ཝ་ཤེན་ཊིན་ཁོ་དམག་ལ་མཁས་པ་གཅིག་པུས་མིན་པར། སྔོན་ཚེ་ཁོ་རང་དབྱིན་ཧྥ་དམག་འཁྲུག་ལས་ཐར་བ་ཇི་བཞིན་སྟེས་དབང་གི་ཆ་ཆེ་བར་བཤད། གང་ལྟར། ཨ་རིའི་རང་བཙན་ལོ་རྒྱུས་ལ་མིག་བལྟས་ཅུང་ཞིག་ཡོད་ན། སཱ་ར་ཐོ་ཀཱ(saratog,萨拉托加)དང་ཡཱོ་ཀི་ཊོན(Yorktown,约克顿)གྱི་གཡུལ་འགྱེད་དེ་གཉིས་ལ་བག་ཆགས་ཟབ་ཚོད། འདིའི་བར་ལོ་རྒྱུས་ཐུང་ངུ་ཞིག་དགོད་དགོས། དེར་རྗོར་ཊིས་ཨ་རིར་དམག་རྒྱག་རྒྱུ་ཐག་བཅད་རུང་ནང་འཁོར་གང་མང་མ་མོས། རྒྱུ་མཚན་བཤད་ན། དེ་ནི་དབྱིན་ཇི་རྙིང་པ་ཚོས་དབྱིན་ཇི་གསར་པ་ཚོར་དམག་རྒྱག་པ་ཡིན་པས། ཁོ་ཚོས་དེ་དོན“ཕ་སྤུན་ནང་འཁྲུག”ཙམ་དུ་བཟུང་སྟེ་ཁྱོད་ཤི་ང་གསོན་བྱ་འདོད་མེད། འོན་ཀྱང་རྗོར་ཊིའི་ཆུང་མ་འཇར་མན་གྱི་རྒྱལ་པོ་ཚང་གི་ཡིན་པས། ཁོས་འབྲེལ་ལམ་དེ་བརྒྱུད་ནས་ལོ་རྒྱུས་སྟེང་འཐབ་ལ་འཇོན་པའི་འཇར་མན་གྱི་ཥེ་སཱན་གླས་དམག(黑森雇佣军)གང་མང་བསྐོངས། ཏག་ཏག་སཱ་ར་ཐོ་ཀཱ་གཡུལ་འགྱེད་དུ། ཝ་ཤེན་ཊིན་གྱི་དཔུང་གིས་གཙོ་བོ་འཇར་མན་གྱི་ཥེ་སཱན་གླས་དམག་གིས་གྲུབ་པའི་དབྱིན་ཇིའི་དམག་རུ་ཆམ་ལ་ཕབ་པ་རེད། འཁྲུག་པ་དེའི་ནང་ཡང་སྟེས་དབང་གི་ཆ་འདྲེས་མིན་མི་ཤེས་མོད། གང་ལྟར། དམག་དཔོན་གྲགས་ཅན་པཱེ་ཀོ(柏高)ཡིས་ཕམ་དམག5000ཁྲིད་དེ་ཝ་ཤེན་ཊིན་ལ་མགོ་བཏེགས་པ་ལོ་རྒྱུས་ཚད་མ་རེད།

སཱ་ར་ཐོ་ཀཱ་གཡུལ་འགྱེད་ལས་རྒྱལ་ཁ་བླངས་པ་མཐོང་རྗེས། སྔོན་ཆད་ཨ་རིར་ལྐོག་ནས་རོགས་རམ་བྱེད་མཁན་ཧྥ་རན་སིས་ཀྱང་ཝ་ཤེན་ཊིན་རྒྱལ་ཤག་ཡིན་པ་ཤེས་ཏེ། འཛེམ་བག་མེད་པར་བྱང་ཨ་རིའི་དཔུང་དང་རྡོག་ཁ་སྤྲད་དེ་དབྱིན་ཇིའི་གདོང་བླངས། སྐབས་དེར་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཝེར་རེན(维尔仁)གྱིས། “ལོ་གཅིག་གི་དུས་ཡུན་རིང་། འབངས་དམག་ཁྱུ་གཅིག་འདི་འདྲའི་རྒོད་ཧྲག་གི་རུ་དཔུང་ཅིག་ཏུ་བསྐྱངས་པ་ཁོ་ནས་ཀྱང་། ཝ་ཤེན་ཊིན་གྱི་དམག་དོན་མཁྱེན་མཛངས་ལ་ཐེ་ཚོམ་བྱེད་མཁན་ཚོར་ལན་གསལ་པོ་བརྒྱབ་འདུག”ཟེར། ཧྥ་རན་སིའི་དམག་དཔོན་ཧྥིནཁི་ལོ་སིན(冯克洛森)གྱིས། “ངོ་མ་ཡིད་ཆེས་དཀའ་བ་ཞིག་རེད། ལོ་ན་བཅུ་ཁའི་བྱིས་པ་ཡང་ཐེ་བའི་མི་དཀར་དང་མི་ནག་གྲ་སྡེབ་ཀྱི་རུ་ཤོག་འདི་ལ་དམག་ཕོགས་མེད་ཟེར། ལུས་ཧ་ལམ་གཅེར་རྗེན་རེད། ཐ་ན་ལྟོ་བ་ཡང་མི་ཕྱིད་པར་འདུག །འོན་ཀྱང་གཡུལ་ལ་འཇུག་དུས་ཁོ་ཚོའི་རྡོག་ཁ་ཇི་འདྲའི་གཅིག་ཏུ་འཕྲོད། འཐབ་རའི་མེ་ལྕེ་གདོང་གིས་བསུ་དུས་ཁོ་ཚོར་ཇི་འདྲའི་དཔའ་ངར་ཆེ། དམག་དཔོན་ཝ་ཤེན་ཊིན་བཤད་ན། ཁོའི་སྒམ་རླིང་དང་བློ་གཤོགས། དེ་བཞིན་རྣམ་དཔྱོད་ནི་ཧ་ལས་པའི་ཚོད་དུ་མཆིས། ཁོ་བོར་མཚོན་ན། ཁོའི་ལུས་སྟེང་ནས་ཉི་མ་རེ་རེར་གཤིས་རྒྱུད་དཔེ་མེད་སྣ་རེ་བསླབ་རྒྱུ་ཡོད། དམག་དཔུང་ཁྲོད་དུ། འཐབ་མོ་བ་རེ་རེས་ཁོ་རང་དྲིན་ཆེན་གྱི་ཕ་རྒན་དང་མཛའ་གཅུགས་ཀྱི་གྲོགས་པོའི་ཚད་དུ་བཀུར། ཁོ་ནི་དམག་དཔུང་འདིའི་ངེས་པ་དོན་གྱི་སྲོག་གི་རྟེན་ཕུར་ཁོ་ན་ཉིད་དེ་རེད”ཟེར།

དེ་མིན་ཧྥ་རན་སི་ཡང་ཀྲུང་གོའི“ལེ་ཧྥིན”ག་ལ་ཡིན། སོ་སོར་དམིགས་ཡུལ་གཏན་གཏན་ཡོད། གཅིག་ན་སྔ་མའི་དབྱིན་ཧྥ་དམག་འཁྲུག་ལས་གྱོང་ཁུར་བར་ཤ་ལན་བརྩད་འདོད་རེད། གཉིས་སུ་ཨ་རིར་རང་བཙན་ཐོབ་ན་དབྱིན་ཇིའི་སྟོབས་ཞུད་དེ། ཡོ་རོབ་ཀྱི་གྲལ་ཐོབ་ཁྲོད་རང་ཉིད་ཇེ་བརྟན་ཇེ་བཙན་ལ་འགྲོ་རྒྱུ་རེད་སྙམ་པ་རེད། དེར་བརྟེན། མེ་ཧྥ་མཉམ་འབྲེལ་ཐོག་ཡཱོ་ཀི་ཊོན་ནས་དབྱིན་དམག་ཐ་མ་ཕམ་པར་བཏང་སྟེ། 1781ལོའི་ཟླ11ཚེས17ཉིན། ཇག་རྟ་ཐོག་འདུན་མའི་དཔེ་ལུགས་ལྟར། དབྱིན་ཇིའི་བཀོད་འདོམས་དམག་དཔོན་གྲགས་ཅན་ཁཱང་ཝོལ་སིས། སོ་སོའི་ཁ་འོག་ཕམ་དམག7000ཁྲིད་དེ་ཝ་ཤེན་ཊིན་ལ་མགོ་བཏེགས་ཤིང་། སྐམ་སའི་དམག་གིས་ཨ་རིའི་རང་བཙན་དམག་འཁྲུག་ལས་རྒྱལ་ཁ་བླངས་པའི་སྟེང་ནས། ལོ་ངོ8ཀྱི་མེ་དབྱིན་དམག་འཁྲུག་གཞི་ནས་མཇུག་རྫོགས། 

མགོ་ཡི་དཔེ་དེ་ཡང་བསྐྱར་བཀོད་ན། བྱེའུ་ཚང་ནང་གི་སྒོང་ཕྲན་གཅིག་ཡེར་སོང་སྟེ། གནའ་སྔ་མོའི་རྡོ་རྒོད་ཐུ་ལུམ་གཅིག་བཀས་སོང་བ་རེད། འདི་ལས་ཀྱང་ཁོ་བོས་མཐོང་བ་ནི། རང་དབང་ཟེར་བའི་སྲོག་བསྡོ་རི་བའི་མཛེས་སྡུག་གི་རྣམ་གཞག་དེའི་སྟོབས་ཤིག་རེད། སཱ་ཐེས་ཁོའི《སྦྲང་ཐ》ཡི་ནང་དེ་འདྲའི་རྣམ་པར་སྐད་ཆ་ཡག་མོ་ཞིག་བཤད་འདུག །དེར་ཁོས“ལར་སུ་ཞིག་གི་སྙིང་ལ་རང་དབང་གི‘གདོན’ཞུགས་ཚེ། དེ་ལ་ལྷ་འདྲེས་ཀྱང་མི་གླགས་སོ། །”ཟེར།

མཚམས་འདིར། རྩོམ་ཡིག་གི་བབ་དང་འཚམ་པའི་གཏམ་རྒྱུད་ཅིག་བཤད་ན་ཚན་པ་འདི་ཇེ་ཡག་ལ་ཡོང་། སྤྱི་ལོའི་སྔོན་གྱི་དུས་རབས5པའི་ནང་། རཱོ་མ་བཙན་རྒྱལ་ན་མིང་ལ་སིན་སིན་ནཱ་ཏེ་སི(Cincinnatus,辛辛那图斯)ཟེར་བའི་སོ་ནམ་པ་ཞིག་ཡོད། ཕྱིས་སུ་དམག་དོན་དང་ཆབ་སྲིད་ལ་མཁས་པར་སྦྱངས་པས་དབང་སྒྱུར་གཙོ་འཛིན་དུ་གྱུར། མ་ཟད། ཉིན16སྤྱད་དེ་དགྲ་དཔུང་བརླགས་རྗེས་སླར་ཡང་སོ་ནམ་པའི་བརྟུལ་ཞུགས་བཟུང་ནས་ཡིབ་སྡོད་ཀྱི་འཚོ་བ་རོལ། སྙུག་ཁ་ཕྱིར་རྩོམ་ཡིག་གི་སྟེང་དཀྱུས་ན། ཡཱོ་ཀི་ཊོན་ནས་དམག་འཁྲུག་མཇུག་རྫོགས་སོང་རུང་། སྐམ་སའི་ཚོགས་པ་དང་མངའ་སྡེ་སོ་སོ་ཐོག་མའི་ཁ་དན་ན་མེད་པར་འཐབ་མོ་བར་དམག་ཕོགས་མ་སྤྲད། དེར་འཁང་རས་བརྟས་པའི་དམག་དཔུང་གིས་སྐམ་སའི་གྲོས་ཚོགས་ཀྱིས་མཚོན་པའི་སྲིད་གཞུང་ལ་ངོ་རྒོལ་བྱ་རྒྱུའི་རྣམ་འགྱུར་ཡང་སྟོན། འོན་ཀྱང་ཝ་ཤེན་ཊིན་གྱིས་རང་གི་རྩིས་མཐོང་དང་ངོ་སོ་བཙོང་སྟེ་མར་མནན། འོན་ཀྱང་ཁོ་རང་ཧ་ལས་སུ་བཅུག་པ་ནི། ཁོའི་དམག་དཔོན་སྐུ་གཞོན་ཞིག་གིས་གཟབ་ནན་དང་མོས་གུས་རྣམ་དག་གིས་ཀུན་གྱི་མདུན་སར། ཝ་ཤེན་ཊིན་ཁོ་གོང་མར་བསྡད་ན་ལེགས་ཚུལ་ཞུས། མ་ཟད་དམག་དཔུང་ཧྲིལ་པོས་རྣ་བ་བླགས་ཏེ་ཝ་ཤེན་ཊིན་གྱིས་ཅི་ཟེར་ལ་ཉན་སྒུག་བྱེད། མི་ལོ7གྱི་རིང་། སྐྱིད་སྡུག་མཉམ་འཁུར་སྒོས་གཡུལ་སའི་མདེལ་ཆར་ཁྲོད་དཔུང་རྡང་སྦྲེལ་ཡོང་བ་འདི་གཅིག་པུའི་ཆ་ནས་བཤད་ན་ཡང་། བྱང་ཨ་རིའི་ས་ཆེན་དེའི་སྟེང་། དཔུང་ཆེན་འདིས་བློ་ཕུག་གཏོད་ས་ཉག་གཅིག་ནི། ཁོ་ཚོའི་ཕ་རྒན་འདྲ་བའི་དམག་དཔོན་འདི་ལས་ལོགས་ན་གཞན་སུ་ཡང་མེད། དེ་བས། གལ་སྲིད་ཝ་ཤེན་ཊིན་ཁོ་གོང་མའི་གསེར་ཁྲི་ལ་མོས་མཁན་ཞིག་ཡིན་ཕྱིན། ཁོས་ལག་པ་ཡར་ལ་འདེགས་ཙམ་གྱི་ངལ་བ་ལས་བརྟེན་དགོས་ས་མ་རེད། འོན་ཀྱང་། གོང་སྨྲས་གཏམ་རྒྱུད་ནང་གི་མི་ཕོ་སིན་སིན་ནཱ་ཏེ་སི་ཟེར་བ་དེ་ཇི་བཞིན། འབྲེལ་ཡོད་གན་ཆིངས་ཐམས་ཅད་ལ་མིང་རྟགས་བཀོད་རྗེས། ཝ་ཤེན་ཊིན་ལོ་ངོ་བརྒྱད་ལ་མ་མཇལ་བའི་རང་གི་ཧྥེ་ནན་ཞིང་རར་ཕྱི་མིག་མེད་པར་ལོག་སོང་། 

ཁོ་བོས་འདི་སྙམ་དུ་ཡང་སེམས་ཏེ། ད་རབས་ཆབ་སྲིད་པའི་རྒྱབ་གཟུགས་ཡག་ཤོས་ཤིག་གདམ་དགོས་ཚེ། སྐབས་དེའི་ཨ་རིའི་མི་ཕོ་ཝ་ཤེན་ཊིན་གྱི་རྒྱབ་གཟུགས་དེ་ལས་ལྷག་ཅིག་བཙལ་ཡང་རྙེད་ཚོད་མེད་པ་འདྲ།

ཡང་སྤྱིར་བཏང་གི་ལོ་རྒྱུས་ལྟར་ན། ཁཱང་ཝོལ་སིས་མགོ་བཏེགས་པའི་ཡཱོ་ཀི་ཊོན་གཡུལ་འཁྲུག་ནི། ཨ་རིའི་གསར་བརྗེའི་དམག་འཁྲུག་ཁྲོད་ཀྱི་ཆེས་གལ་ཆེ་བའི་རྒྱལ་ཁ་ཞིག་ཏུ་བརྩི་ན་ཡང་། ཝ་ཤེན་ཊིན་ཁོས་དེ་ལྟར་མི་འདོད་པར་བཤད། གཙོ་བོ་མི་སེར་སྤེལ་ཡུལ་གྱི་སྐྱེ་བོ་ཡིན་པའི་ཆ་ནས། ཧྥ་དམག་གིས་ཁོ་ལ་མཐོང་ཆུང་རྐྱང་བྱེད། མིང་ཐོག་ནས་ཁོ་རང་མེ་ཧྥ་མཉམ་འབྲེལ་དམག་གི་སྤྱི་ཁྱབ་བཀོད་འདོམས་པ་ཡིན་རུང་། ཧྥ་རན་སིའི་དམག་དཔོན་གྱིས་ཁོའི་བཀའ་མ་བརྩིས། དེ་བས་ཉིའུ་ཡོག་གི་དབྱིན་སྒར་ལྷག་རོ་གཏོར་མ་ཐུབ། དེ་ལ་ཁོས་འཁང་ར་དང་གཟབ་ལྷིང་འདྲེས་མའི་ངང་། “སྲོག་མགོ་ཐོན་པ་ཙམ་ལ་མྱོས་ཏེ་ཞི་བདེ་རྫུན་མའི་འཁྲུལ་སྣང་གིས་བློ་ཁ་ཚིམ་རྒྱུ་ཡིན་ན། འུ་ཚོར་རྒྱལ་ཁ་འདི་འདྲ་ཞིག་གཏན་ནས་འཐོབ་མེད་ན་དེས་དགའ”ཟེར། དོན་ལ་འཐབ་འཁྲུག་དེར་ཞུགས་པའི་དབྱིན་དམག་ནི་བཞི་ཆ་གཅིག་ཙམ་མ་གཏོགས་གྲོན་མེད་པས། ཕྱིས་སུ་ཐེངས་གཉིས་པའི་མེ་དབྱིན་དམག་འཁྲུག་ལངས་ལ། དེས་ནི་ཝ་ཤེན་ཊིན་གྱི་སེམས་ཁྲལ་དེ་དོན་དུ་གནས་པ་ར་སྤྲད། དེ་མིན། ཝ་ཤེན་ཊིན་ཁོས་བཤད་པ་ལྟར་ན། དམག་བཀོད་ཀྱིས་མ་ལྡེང་བ་མ་གཏོགས། ཁཱང་ཝོལ་སི་ཅིས་ཀྱང་མགོ་འབུལ་ཞུ་དགོས་པའི་ཚད་དུ་ལྷུང་མི་འདུག་ཟེར། དེ་ལྟར་གཡུལ་འགྱེད་འདིའི་རྒྱལ་ཁར་ཡང“སྟེས་དབང”གི་ཆ་ཞིག་འདུག་པས་ན། ཨ་རི་བ་མི་ཉུང་བས་ཁོ་ཚོའི་ཝ་ཤེན་ཊིན་ལ“ལྷ”ཡིས་མགོན་སྐྱབས་གནང་གིན་ཡོད་ཅེས་ལབ་རྒྱུར་ཡང་དགའོ། །༣ སྲིད་འཛིན་ཅིག །

ཧྥུ་རན་ཁི་ལིནརཱོ་སི་ཝེབ(Franklin Roosevelt,富兰克林罗斯福)སྲིད་འཛིན་དུ་བསྡད་རྗེས། ཁོ་རང་ཆུང་དུས་ཐེངས་ཤིག་ཕོ་བྲང་དཀར་པོར་སོང་སྟེ་སྐབས་དེའི་སྲིད་འཛིན་ཁི་ལེ་ཝི་ལན(Cleveland,克利夫兰)མཇལ་ཚུལ་གྱི་གཏམ་རྒྱུད་ཅིག་ལབ་རྒྱུར་དགའ། དེར་ཁི་ལེ་ཝི་ལན་གྱིས་རཱོ་སི་ཝེབ་ཀྱི་ཕ་མ་གཉིས་ལ། “གནམ་རྒན་མས་མཁྱེན། བྱིས་པ་འདི་ནར་སོན་རྗེས་མགོ་ལ་སྲིད་འཛིན་དུ་སྡོད་པའི་ལས་དབང་ངན་པ་དེ་མི་འཁོར་བར་སྨོན”ཞེས་ལབ་སྐད། དམག་འཁྲུག་ལ་རྒྱལ་ཁ་བླངས་རྗེས་དགོངས་སྐོར་ཞུས་ཏེ་ཕྱིར་རང་གི་ཧྥེ་ནན་ཞིང་རར་ལོག་རུང་། ཝ་ཤེན་ཊིན་གྱི་མགོར་ཡང་སྲིད་འཛིན་དུ་སྡོད་པའི“ལས་དབང་ངན་པ”དེ་ཅིས་ཀྱང་འཁོར་དགོས་པ་ལྷ་གོང་མས་ཐག་བཅད་ཟིན་པ་དང་འདྲ། དེར་གྲོས་ཚོགས་ཀྱི་ཆ་དང་བང་ཆེན་འབྱོར་ནས་གཡོལ་ཐབས་མ་བྱུང་པས། 1787ལོའི་ཟླ5པའི་ཚེས13ཉིན། ཝ་ཤེན་ཊིན་གྱིས་སླར་ཡང་རྒྱང་ལམ་རྟ་ཕོས་བཅད་དེ་གྲོང་ཁྱེར་ཧྥེལ་ལེ་རུ་འབྱོར་། དེ་གར་མི་འབོར་བཞི་ཁྲིས་བསུ་མ་རྒྱ་ཆེན་བཏང་། ཕལ་བ་ཞིག་ཡིན་ན་ང་རྒྱལ་གྱིས་མྱོས་སྲིད་པའི་སྐབས་འདིར། མིའི་དགའ་སྡུག་བརྟག་ལ་མཁས་པའི་ཝ་ཤེན་ཊིན་གྱིས་ལྷིང་འཇགས་ངང་། “གནམ་རྒན་མ། གལ་ཏེ་སྲིད་གཞུང་གིས་མི་འདི་དག་གི་རེ་བ་བསྐང་མ་ཐུབ་ན། འདི་ཚོའི་རྨོངས་ཆ་ཅན་གྱི་ཧོལ་རྒྱུག་ལས་ཐོན་པའི་སྤྲོ་སེམས་འདི། ཁ་ཕྱིར་བསྐོར་ཚེ། གཅིག་མཚུངས་སྨྱོ་འཕྲུལ་གྱིས་བཏེགས་པའི་ཁག་དཀྲི་རུ་འགྱུར་མི་འགྲོ་གྲང་།” ཞེས་སེམས་ཁྲལ་དང་བཅས་འཕྲིན་ཡིག་ཅིག་ཏུ་བྲིས་སྐད། 

ཐེངས་དེར། ཝ་ཤེན་ཊིན་ཁོ་ཁྲིམས་འཛུགས་ཚོགས་ཆེན་གྱི་འཐུས་མི་ལྔ་བཅུ་དང་ལྷན་ཅིག །རང་དབང་གི་རྒྱལ་ཁབ་གསར་པ་དེར་རྩ་ཁྲིམས་གསར་པ་བཟོ་བར་ཕྱགས་ཕེབས་པ་རེད། ཡང་དམག་འཁྲུག་རྫོགས་པ་ནས་མཚམས་དེའི་བར་གྱི་ལོ་ངོ6གི་ནང་། སྲིད་གཞུང་གི་ངོ་བོ་ལྡན་པའི་སྐམ་སའི་གྲོས་ཚོགས་ཀྱིས་ལམ་ལུགས་གསར་པར་ཚོད་ལྟ་བྱ་རྒྱུ་བསྐྱུར་མི་འདུག །དེ་ལས་གླེང་རི་བ་གཅིག་ནི། “ཨ་མེ་རི་ཀ་མནའ་འབྲེལ་རྒྱལ་ཁབ” (“美利坚邦联国”)ཟེར་བ་གསར་འཛུགས་བྱས་པ་དེ་རེད། (ཀློག་གྲོགས་ཁྱོད་ཀྱིས་གཟབ་ཀྱིས་གཟིགས་རོགས། འདི་ནི“美利坚合众国”མ་རེད།)

རང་བཙན་མ་བྱས་གོང་གི་ལོ་ཟླ་རིང་མོའི་མི་སེར་སྤེལ་ཡུལ་གྱི་སྐབས། གནམ་བསྐོས་གོང་མ་རྗོར་ཊི་དང་། དེ་བཞིན་ཁོའི་སྒེར་གཅོད་གྲོས་ཚོགས་ཀྱིས་བཙན་དབང་བསྒྱུར་བའི་འཇིགས་སྐྲག་སྔར་ལྟར་བག་ཆགས་ཁྲོད་ཤིན་ཏུ་མཐུག་པས། ཨ་མེ་རི་ཀས་རྒྱལ་ཁབ་འཛུགས་དུས་དབང་ཤེད་གཅིག་སྡེམ་ཅན་གྱི་སྲིད་གཞུང་ལ་དུག་སྦྲུལ་གྱི་ཚང་བཞིན་འཛེམ་ཟོན་བླ་ལྷག་བྱེད། ཁོ་ཚོས་ཆབ་སྲིད་ཀྱི་ཁོག་འབུབས་བཟོ་དུས་ཀྱང་རྒྱལ་ཁབ་ཆུང་ལ་མང་ཚོགས་ཆེ་བ། རྒྱལ་ཚོགས་ཆུང་ལ་མངའ་སྡེ་ཆེ་བ་གཅིག་བཟོས། མངའ་སྡེ་ཆེ་ཚུལ་བཤད་ན། དེ་ཚོར་རང་རང་ས་ན་ཁྲིམས་དང་ཁྲལ་ལུགས་ཡོད། དེ་བཞིན་དངུལ་ལོར་སོགས་རང་སྣང་གང་དྲན་ལྟར་བཟོ། ཡང་རྒྱལ་ཁབ་གཞུང་གི་ཆ་ནས་བཤད་ན། མིང་ཙམ་གྱི་རྒྱལ་ཚོགས་ཤིག་ལས་སྲིད་འཛིན་ཡང་ཡོད་པ་མ་རེད། རྒྱལ་ཚོགས་དེ་ལ་བེད་གོ་ཆོད་པའི་ཆབ་སྲིད་དབང་ཆ་སྤྲད་མེད་ལུགས་བཤད་ན། 1783ལོར། དམག་ཕོགས་སྤྲད་མ་སོང་ཞེས། རྒྱལ་ཚོགས་ཐབས་ཆག་དེ་རང་གི་དམག་དཔུང་གིས་གྲོང་ཁྱེར་ཧྥེལ་ལེ་ནས་ཕྱིར་སྐྲོད་བཏང་། དོན་ལ་ཁྲལ་བསྡུ་བ་སོགས་ཀྱི་ཐབས་ལ་བརྟེན་ཏེ་རྒྱལ་མཛོད་དུ་དངུལ་ཉར་གསོག་བྱ་ཆོག་གི་དབང་ཆ་མེད་པས། སྙིང་རྗེ་བའི་རྒྱལ་ཚོགས་དེ་ལ་སྒོར་མོ་ཞིག་གང་ན་ཡོད། 

དེ་ལྟར། ཨ་རི་བ་ཚོ་རིམ་བཞིན་འཕྲད་བྱུང་བའི་གནད་དོན་ཚབས་ཆེན་དག་ནི། གཅིག་གྱུར་གྱི་རྩ་ཁྲིམས་མེད་པས། དམར་པོ་ཁྲག་ལ་བརྗེས་ཡོང་བའི་མི་རེ་རེའི་རང་དབང་ལ་ཡང་ཁག་ཐེག་མེད་པར་གྱུར། རྒྱལ་ཁབ་ལ་སྟོབས་ལྡན་གྱི་སྲིད་གཞུང་མེད་པས། རྒྱལ་ནང་ནས་མངའ་སྡེ་སོ་སོས་མི་འཁུར་ལ། རྒྱལ་སྤྱིའི་སྟེང་ཕྱི་འབྲེལ་གྱི་ནུས་པ་མེད་པར་ཆགས། ནང་སྒོས། ནོར་སྲིད་དངུལ་གྱིས་སྟོངས་པས་དམག་འཁྲུག་ལ་ཞུགས་མཁན་འཐབ་མོ་བ་ཚོས་ཝ་ཤེན་ཊིན་གྱི་ཁ་དན་དང་ངོ་སོ་ཁོ་ན་བརྩིས་ཏེ། ལག་སྟོང་མཆན་ལ་བཅུག་ནས་ཡུལ་དུ་ལོག་སོང་བ་རེད་མ་གཏོགས། སྲིད་གཞུང་དེ་གཏོར་རྒྱུའི་སྤོབས་པ་དང་སྟོབས་ཤུགས་མེད་སོང་བ་ག་ལ་ཡིན། དེར་བརྟེན། སྤྱི་ཚོགས་ཧྲིལ་པོ་དབང་འཛིན་པ་ཚོའི་སྟེང་ལ་སྡུག་ཡུས་ཇེ་ཐུ་དང་སྡང་སེམས་ཇེ་ཆེར་སོང་། རིམ་བཞིན་མངའ་སྡེ་སོ་སོའི་སྔོན་ཆད་ཀྱི་མཐུན་སྒྲིལ་ཡང་ཉམས་འགོ་བརྩམས། ཉེན་ཁ་དེ་མཐོང་བའི་ཧྥུ་རན་ཁི་ལིན་གྱིས། “ད་ནི་འུ་ཚོར་གདམ་གསེས་གཉིས་ཡོད། དེ་ནི་ལྕེབས་གསོད་ཀྱི་ཁྲིམས་ཤིང་སྟེང་འགོ་དུས། འུ་ཚོ་ཁེར་མ་ཁེར་མ་འགོའམ་ཀུན་པོ་ལྷན་དུ་འགོ །” ཞེས་དཔེ་འཇོག་འདྲ་ཆགས་ལ་དགོད་ཀྱང་བྲོ་བ་ཞིག་བཞག །ཕྲན་གྱིས་བཤད་འདོད་པ་ནི། ཨ་ཆད་འུ་ཐུག་གི་འགག་སོ་འདི་དང་འཕྲད་དུས། མཉམ་འབྲེལ་སྲིད་གཞུང་གིས་ད་གཟོད་དམག་འཁྲུག་ལ་རྒྱལ་ཁ་བླངས་རྗེས། མི་ལོ6གི་རིང་གུད་དུ་བོར་བཞག་པའི་ཁོ་ཚོའི་སྤྱི་ཁྱབ་དམག་དཔོན་དེ་དྲན་ཡོང་བ་རེད། དེ་བས་ཝ་ཤེན་ཊིན་ཕྱིར་འབོད་འགུག་བྱེད་དོན་ནི། མི་རིགས་ཀྱི་དྲིན་ཅན་ཡིན་ཞེས་གཟོ་བ་མཚོན་ཕྱིར་མིན་པ་འདྲ་ལ། ཡིན་ངོ་མ། གསར་དུ་ཚུགས་པའི་མཉམ་འབྲེལ་སྲིད་གཞུང་གི་ཁྲི་སྟན་འོག་ན་རྭ་རྩེ་རིག་རིག་རྨིག་སྣེ་སོག་སོག་འགུལ་གྱིན་པའི“གདོན་ཚོགས”དེའི་ཁ་གནོན་དུ་བོས་པ་ཡིན་འདྲ། དེ་བས་ཕྲན་གྱིས་བལྟས་ན། ཝ་ཤེན་ཊིན་གྱི་གཞན་དྲིང་མི་འཇོག་པའི་འཇོན་ཐང་ནི། ཁོས་མི་སྨྲ་བའི་བརྟུལ་ཞུགས་བསྐྱངས་ཏེ། རང་གི་མགོ་ལ་བབས་པའི་བརྙས་བཞག་དང་བདག་གཞན་ཀུན་གྱི་འགལ་ཟླ་ཅི་རིགས་ཁོག་ནས་ཁུ་སིམ་མེར་བཞུ་རུ་འཇུག་ཐུབ་པ་དེ་རེད།

སྤྱིར་སྟངས་ལྟར་ན། གསར་བརྗེ་པའི་ལས་ཀ་ནི་སྔོན་ཆད་ཀྱི་མཁྲེགས་སྲོལ་རྙིང་ལུགས་གཏོར་འཇོམས་བྱ་རྒྱུ་དེ་རེད། དེ་བས་ཁོ་པ་ཅག་འཛུགས་སྐྲུན་མཁན་ཡག་ཤོས་ཤིག་ཡིན་པའི་ངེས་པ་བརྒྱ་ལམ་ཙམ་དུ་ཟད། སྣང་ཚུལ་དེ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་མང་དག་ནས་ར་སྤྲོད་ཐོབ་པ་དེ་རེད། འོན་ཀྱང་ཨ་རིར་ལམ་ལྷོངས་བྱུང་སྟེ། ཝ་ཤེན་ཊིན། རྗེ་ཧྥོ་སན། ཧྥུ་རན་ཁི་ལིན། མཱེ་ཏི་སན། ཨ་ཊམ་སི་སོགས། གསར་བརྗེ་ལ་འཇོན་པ་མ་ཟད་འཛུགས་སྐྲུན་ལ་ཡང་མཁས་པའི་མི་ཕོ་སྐོར་གཅིག་བྱུང་བ་རེད། ད་ལྟ་ཁོ་ཚོས་ཨ་མེ་རི་ཀ་རྒྱལ་ཁབ་ཀྱི་ཤི་གསོན་ཆགས་འཇིག་ལ་ཐད་ཀར་འབྲེལ་བའི་དོན་བྱ་སྟེ། ཨ་རིའི་རྩ་ཁྲིམས་ལ་གྲོས་ཁ་བསྡུར་ཕྱིར་གདན་འཛོམས་བྱས་པ་རེད། དེ་ཡང་། སྔོན་ཆད་དམག་སྤྱི་ལ་འོས་པ་གཞན་བཙལ་རྒྱུ་ལོགས་སུ་མེད་སོང་བ་ནང་བཞིན། རྩ་ཁྲིམས་གསར་འཛུགས་ཚོགས་པའི་གཙོ་འཛིན་དུ་ཡང་གཞན་ཞིག་མ་མཐོང་པས། ལོ་རྒྱུས་རང་བཞིན་ལྡན་པའི་ཁུར་ཆེན་དེ་ཡང་། ངང་ངམ་ཤུགས་ཀྱིས“གླེན་པ་རོ་ཆེ”ཝ་ཤེན་ཊིན་གྱི་ཕྲག་ལ་ལྗིད་ཀྱིས་བབས་སོང་བ་རེད། 

“སྔར་བས་ཀྱང་ཆ་ཚང་བའི་རྒྱལ་ཕྲན་མཉམ་འབྲེལ་ཅིག་བཙུགས་པའི་སྟེང་། དྲང་བདེན་ཐིག་ཏུ་བཏབ་སྟེ་རྒྱལ་ནང་བདེ་འཇགས་ལ་ཁག་ཐེག་ཡོང་ཕྱིར་དང་། རྒྱལ་སྲུང་གཅིག་གྱུར་དང་འབངས་ཡོངས་ལ་ཕན་ཁེ་བསྐྲུན་ཕྱིར། དེ་བཞིན། ང་ཚོ་རང་ཉིད་མ་ཟད་བུ་རབས་ཚ་རྒྱུད་ཀྱིས་ཀྱང་རང་དབང་གི་ནོག་སྐལ་ལོངས་སུ་སྤྱོད་ཐུབ་པའི་ཕྱིར། ང་ཚོ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་དམངས་ཀྱིསཨ་མེ་རི་ཀ་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྩ་ཁྲིམསའདི་བཟོས་ཏེ་གཏན་ལ་ཕབ་པ་ཡིན།” 

གོང་གསལ་གྱི་སྔོན་འགྲོ་འདི་དང་བཅས། ཝ་ཤེན་ཊིན་གྱི་མདོ་འཛིན་དང་གཙོ་སྐྱོང་འོག །1787ལོའི་ཟླ9པའི་ཚེས17ཉིན། ཁྲིམས་འཛུགས་ཚོགས་ཆེན་གྱིས་ཨ་མེ་རི་ཀའི《རྩ་ཁྲིམས》གཞི་ནས་གཏན་ལ་ཕབ་ཅིང་མཇུག་ཏུ་མངའ་སྡེ་སོ་སོའི་མིང་རྟགས་བཀོད། དེར་བགྲེས་ལོ་གྱ་གཅིག་ཅན་གྱི་པེན་རྗི་མཱིན・ཧྥུ་རན་ཁི་ལིན་གྱིས། “ཨེ་མ། ཁྲིམས་འདི་ནི་མ་བཞེངས་ལྷུན་གྱིས་གྲུབ་སོང་བ་ཞིག་དང་མཚུངས”ཞེས། རྒས་པའི་གདོང་ནས་མཆི་མ་ཤམ་ཤམ་བཞུར་གྱིན་མིང་རྟགས་བཀོད་སྐད། དེ་ལྟར། ཝ་ཤེན་ཊིན། མཱེ་ཏི་སན། ཧྥུ་རན་ཁི་ལིན(སྐབས་དེར་རྗེ་ཧྥོ་སན་གཞུང་དོན་དུ་ཡོ་རོབ་ན་ཡོད)སོགས། ཨ་རིའི་རང་དབང་དང་དམངས་གཙོ་སྨྲ་བའི་མི་ཕོ་དེ་ཚོས། མི་ཡུལ་ས་སྟེང་འདིར་རྩ་ཁྲིམས་དཔེ་མེད་ཅིག་བཟོས་པ་བརྒྱུད། ཕྱིས་སུ་འཛམ་གླིང་དཔལ་ཡོན་ཆབ་སྲིད་ཀྱི་ཕྱི་མོར་ཆགས་པའི་སྤྱི་མཐུན་རྒྱབ་ཅིག་བཙུགས་གནང་བ་རེད། ཡང“སྤྱི་མཐུན”ཞེས་པའི་ཆབ་སྲིད་མིང་བརྡ་འདིའི་ཐོག་མའི་བསྟན་དོན་ངོ་མ་བོ་མ་གོ་ན། བྱང་ཁའོ་རེ་ཡཱ་ལྟ་བུའི་སྒེར་གཅོད་རྒྱལ་ཁབ་དག་གི“གཟིག་པགས་བཀབ་པའི་བོང་བུའམ”“ལུག་པགས་གྱོན་པའི་སྤྱང་ཀི”ཡི་གཡོ་འོག་ཏུ་ཚུད་ཉེན་ཡོད། “སྤྱི་མཐུན”ཞེས་པ་འདི་སྐད་ཆ་ཐུང་ངུ་གཅིག་གི་སྒང་ལ་རྡོག་རྡོག་པོར་དྲིལ་ན། རྒྱལ་ཁབ་དེའི་སྲིད་གཞུང་དང་། སྲིད་གཞུང་དེ་ལས་ཐོན་པའི་སྲིད་འཛིན་ནི། མང་ཚོགས་ཀྱིས་རང་མོས་ལྟར་འོས་ཤོག་ཁེར་མ་ཁེར་མ་འཕངས་ཏེ་གདམ་ཆོག་ལ། ལར་སྲིད་གཞུང་དེ་དང་དེ་ལས་ཐོན་པའི་སྲིད་འཛིན་དེས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་ན། སོ་སོ་མོས་པའི་སྲིད་གཞུང་གསར་པ་དང་སྲིད་འཛིན་གསར་པ་གདམ་ཆོག་ལ། རྙིང་པ་དེ་མཆིལ་མའི་ཐལ་བ་བཞིན་དོར་ཆོག་པ་དེ་ལ་ཟེར། མདོར་ན། སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཟེར་བ་དེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལྟར་མང་ཚོགས་ལ་ཞབས་ཕྱི་ཕུལ་བ་ལེགས་མིན་ལ་ལྟོས་ཏེ་བྱུང་བ་ལས་གཞན་ཅང་མ་རེད། དེར་བརྟེན། ངེས་པ་དོན་གྱི་སྤྱི་མཐུན་རྒྱལ་ཁབ་ཅིག་ནས། མང་ཚོགས་ཀྱིས་ཁྲིམས་ལྟར་སྲིད་གཞུང་གསར་པ་ཞིག་བཙུགས་པར་ཧ་ལས་རྒྱུ་མེད་ལ། གཅིག་མཚུངས། སྲིད་གཞུང་རྙིང་པ་ཞིག་གཏོར་བར་ཡང་ཧང་སང་དགོས་དོན་མེད་པའི་ཚོད་དུ་གདའོ། །

གོང་འཕྲོས་མཐུད་པར་བྱ་ཡི། “མཚན་ཉིད་རིག་པའི་ཀླད་པ་ཡོད་མཁན་ལྟ་རྟོག་པ་ཚོ་མིན་ན། ཁོ་བོ་ལྟ་བུའི་མི་ཡི་དཀའ་ས་ཁག་ས་སུས་ཀྱང་མཐོང་མི་ཐུབ། ད་ལྟ་ཁོ་བོ་བགྲོད་དགོས་ས་དེར་སྔོན་ཆད་སུ་ཡང་སོང་མྱོང་ཡོད་པ་མ་རེད། དེར་བརྟེན། ཁོ་བོའི་འགྲོ་འདུག་སྤྱོད་གསུམ་གང་ཡིན་རུང་རྗེས་རབས་པས་དཔེ་རུ་འདྲེན་ངེས་རེད།” འདི་ལྟའི་ཁ་སྟབས་དང་ཡིད་གཉིས་ཀྱི་བབ་སོ་ནས། རྒྱ་ཁྱབ་མང་ཚོགས་ཀྱི་ཟོལ་མེད་རེ་བཞག་དང་ཚོགས་པའི་འོས་ཤོག་ཁ་ཚང་ཐོབ་པའི་འོག །དགུང་ལོ57ཅན་གྱི་རྗོར་ཊིཝ་ཤེན་ཊིན་ཨ་རིའི་སྲིད་འཛིན་ཐོག་མར་གྱུར། ལྡོག་སྟེ་འདྲི་ཚིག་ཅིག་དྲིས་ན། གལ་སྲིད་ཝ་ཤེན་ཊིན་ཁོས་ཅི་ཐབས་གང་ཐབས་སྒོས་མང་ཚོགས་ལ་གོ་བསྐོན་སློབ་གསོ་བཏང་སྟེ། དྲིལ་སྒྲོག་སྣ་ཚོགས་བྱས་ཏེ། ཁོ་ལ་དེ་འདྲའི་དབང་ཆ་ཞིག་འཐོབ་པའི་སྐལ་བ་སྤྲོད་རོགས་ཞུས་པའམ། ཡང་ན་རྒྱལ་ཚོགས་ལ་ཁ་ལོ་བསྒྱུར་པའི་ཐོག་སྲིད་འཛིན་དུ་བསྡད་པ་ཡིན་ན། ཁོར་དེ་འདྲའི་གཟི་བརྗིད་ཡལ་མེད་ཀྱི་ལོ་རྒྱུས་གདེང་འཇོག་ཅིག་འཐོབ་སྲིད་དམ། འོན་ཀྱང་ཝ་ཤེན་ཊིན་སྐབས་དེར་ཆེས་ངོ་གནོང་ཞིང་སྡུག་བསྔལ་དུ་གཏོང་མཁན་ནི། རང་བཙན་དམག་འཁྲུག་བརྒྱབ་ཚར་རྗེས་ཁོས་སྔར་གྱི་ཁ་དན་བརྩིས་ཏེ། “རྗེས་ཕྱོགས་གཞུང་གི་སྲིད་འགན་ཅི་ཡང་མི་འཁུར”ཅེས་དམ་བཅའ་བཞག་ཡོད་པ་དེ་དང་འགལ་བ་མ་ཟད། ད་ལྟ་རང་དབང་མེད་པར་སྲིད་འཛིན་དུ་གྱུར་སོང་བ་དེ་ཡིན་པར་བཤད། ཡང་མཱེ་ཏི་སན་གྱིས། “སྲིད་གཞུང་འདིར་ལྟ་རི་བ་གཅིག་ཡོད་པ་ནི། ཝ་ཤེན་ཊིན་གྱིས་འགོ་ཁྲིད་གནང་བ་དེ་ཁོ་ན་རེད”ཟེར་སྲོལ་ལ་བལྟས་ན། ཁོའི་སེམས་ནད་དེ་ནི་ལྷག་མ་ཞིག་ཏུ་འདུག་ཚོད། དེའི་འཕྲོར། སྐབས་དེའི་རྒྱལ་ས་ཉིའུ་ཡོག་ཏུ་སྲིད་འཛིན་དམ་བཅར་བཞུགས་སྐབས། ཝ་ཤེན་ཊིན་ཁོས་གྲ་སྒྲིག་བྱས་པ་ལྟར་འཚུབ་ཆ་དང་བཅས། “ཁོ་བོ་རྗོར་ཊིཝ་ཤེན་ཊིན་གྱིས《ཨ་མེ་རི་ཀ་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྩ་ཁྲིམས》རྒྱུན་སྐྱོང་དང་གཅེས་འཛིན། དེ་བཞིན་བརྩི་སྲུང་བྱ་རྒྱུ་ཡིན”ཟེར། དེའི་འཕྲོར་ཁོས་རང་གི་སྨོན་ལམ་དེ་ཁ་རུ་བསྣན— “ལྷ་གོང་མས་ཁོ་བོར་སྡོང་གྲོགས་མཛད་དུ་གསོལ།”

དེ་ལྟར། ཉིན་མོ་དེ་ནས་བཟུང་། དཔེ་བཞག་ན། ཝ་ཤེན་ཊིན་ནི་ཨ་རིའི་མཚོན་རྟགས་གླག་མོ་ཀླད་དཀར་མ་དེ་ཡིན་པའི་དབང་དུ་བྱས་ན། ཁོའི་འཕུར་བྱེད་ཀྱི་གཤོག་པ་ཡ་གཅིག་ནི་ཐཱོམ་སིརྗེ་ཧྥོ་སན་རེད་ལ། གཞན་དེ་ནི་ཨེ་ལེག་སན་རྡརཧ་མཱེར་ཊན(Alexander Hamilton,亚历山大汉密尔顿)རེད།

དེ་བཞིན། “དབང་ཆ་སུམ་བཀར” (三权分立)ཁྲོད་ཀྱི་གཅིག་སྟེ། སྲིད་གཞུང་གི་འགོ་པ་ཡིན་པའི་ཆ་ནས། སྲིད་འཛིན་གྱི་དོན་བྱ་ཅི་རིགས་སྒེར་གཅོད་བྱས་ན་མི་འགབ་པས། ཝ་ཤེན་ཊིན་གྱིས་རྗེ་ཧྥོ་སན་རྒྱལ་དོན་བློན་ཆེན་དང་། ཧ་མཱེར་ཊན་རྩིས་དཔོན་ཆེན་མོ་རུ་བསྐོས་ཏེ་སྐུ་འཁོར་ནང་མ་བཙུགས། ཡང་བློན་ཆེན་དེ་གཉིས་འདྲ་འདྲར་མཁས་མཛངས་ལྡན་ཞིང་རྒྱལ་གཅེས་པ་ཞེ་ཐག་ཡིན་རུང། ཆབ་སྲིད་ལྟ་བར་ཧེ་བག་མི་ཆུང་། 

“སྟོབས་ཀྱིས་བརྟས་ཤིང་དབང་ཤེད་གཅིག་སྡུད་ཀྱི་སྲིད་གཞུང་ནི། བར་སྐབས་རིང་མི་མངོན་རུང་། དུས་ནམ་ཞིག་ལྷང་ལ་འབུད་ངེས་པའི་འབངས་ཀྱི་དགྲ་བོ་ཡིན།” “གལ་སྲིད་སློབ་གསོ་མྱང་བ་ཡིན་ན། འབངས་ཀྱིས་རྒྱལ་ཁབ་རང་སྐྱོང་བྱ་ཐུབ་པར་གདོན་མི་ཟ།” འདི་ནི་རྗེ་ཧྥོ་སན་གྱི་ལྟ་བ་རེད། 

འོན་ཀྱང་ཧ་མཱེར་ཊན་གྱིས་ལྡོག་སྟེ་འདི་ལྟར་བསམས། “གལ་སྲིད་འབངས་ཡོད་ཚད་ལ་ཞབས་གཡོག་བརྒྱུག་དགོས་པ་མ་ཟད། ད་རུང་སྒེར་དོན་རིང་ལུགས་པ་དང་བརྣབ་སེམས་ཅན་འབུར་འཇོམས་བྱ་དགོས་ན། སྲིད་གཞུང་ངེས་པར་སྟོབས་དང་ལྡན་དགོས། འབངས་ཕལ་བའི་གཤིས་ཀ་དང་སྤྱོད་པ་ནི་དམུན་པོ་ལུག་དང་འདྲ། རྣམ་ཀུན་ཧོལ་རྒྱུག་ངང་རྫི་བོ་ཞིག་གི་རྗེས་ལ་རྒྱུག་རྐྱང་བྱེད།” 

དེ་ལྟར། རྗེ་ཧྥོ་སན་གྱིས་མང་ཚོགས་དང་མངའ་སྡེའི་རང་སྐྱོང་རང་བདག་ལ་ཡིད་རྟོན། ཧ་མཱེར་ཊན་གྱིས་དེ་ལས་ལྡོག་སྟེ། མཐོ་རིམ་མཛངས་མིས་གྲུབ་པའི་མཉམ་འབྲེལ་སྲིད་གཞུང་སྟོབས་ལྡན་ཞིག་འདོད། འོན་ཀྱང་། དེའི་ཕྱིས་ཀྱི་དུས་རབས20པའི་ལོ་རབས30ཡི་ནང་། མར་ཁེ་སི་རིང་ལུགས་པས་རྗེ་ཧྥོ་སན་དང་ཧ་མཱེར་ཊན་གཉིས་ཀྱི་རྩོད་པ་དེ་ནི། ཁོ་ཚོའི་ཁམས་དང་མོས་པར་འཕྲོད་པའི“གྲལ་རིམ་འཐབ་རྩོད”དུ་བཤད་པ་ལོག་འགྲེལ་ཚབས་ཆེན་ཡིན་པར་བཤད།

དཔལ་འབྱོར་གྱི་ཐད་ནས་ཀྱང་། རྒྱལ་དོན་བློན་ཆེན་རྗེ་ཧྥོ་སན་གྱིས་སྲོལ་རྒྱུན་གྱི་ཞིང་ལས་ལ་བརྟེན་དགོས་ལུགས་སྨྲ། རྩིས་དཔོན་ཆེན་མོ་ཧ་མཱེར་ཊན་གྱིས་སོ་སོའི་རབ་ཏུ་འབྱམས་པའི་དཔལ་འབྱོར་གྱི་ཤེས་བྱ་ལ་བརྟེན་ཏེ། ཨ་མེ་རི་ཀ་ངེས་པར་དུ་དངུལ་ཁང་ལས་རིགས་དང་བཟོ་ལས་ཅན་ལ་བརྟེན་དགོས་ཟེར། དེ་ལྟར་བློན་འཁོར་ནང་མ་གཉིས་འགལ་བའི་གཏིང་ལ་ཆད་དེ་ཚིག་ཁ་གཅིག་ཏུ་གཏན་མི་ཡོང་། འོན་ཀྱང་ཏག་ཏག་ཝ་ཤེན་ཊིན་གྱི་གཞན་དྲིང་མི་འཇོག་པའི་འཇོན་ཐང་ནི། འགལ་བར་སོང་བའི་བསམ་བློ་གཉིས་ལ་གཤིབ་བསྡུར་བྱས་པ་བརྒྱུད། གཞོགས་གཉིས་ཀའི་ངོ་བོའི་སྟེང་གི་མཐུན་ཆ་དང་རིག་པའི་རྒྱབ་རྟེན་ལ་དབྱེ་ཞིབ་ཕེར་པོ་མཛད་དེ། དོན་དམ་རྒྱལ་ཁབ་ལ་གང་ཞིག་ཉེ་བར་མཁོ་བ་གཙིགས་མོར་གཟུང་ཐུབ་པ་དེ་ཡིན་པར་བཤད། འོན་ཀྱང་བློན་ཆེན་གཉིས་ཀྱི་སྲིད་སྐྱོང་ལྟ་བའི་ཁྱད་པར་གྱིས་སྲིད་ཏང་གཉིས་བྱུང་། དམངས་གཙོ་སྤྱི་མཐུན་ཏང་དང་མཉམ་འབྲེལ་ཏང་། འོན་ཀྱང་ཝ་ཤེན་ཊིན་རྦད་དེ“སྲིད་ཏང”ཞེས་པ་འདིར་མི་མོས། ད་དུང་བློན་ཆེན་གཉིས་ལ་དེར་བག་ཟོན་གྱིས་ཟེར། དེའི་ཐད་མཱེ་ཏི་སན་ལ་ཡང་སྐད་ཆ་གྲགས་ཅན་ཞིག་འདུག ། དེར་ཁོས“སྲིད་ཏང་གཅིག་གིས་གྲུབ་པའི་སྲིད་གཞུང་ནམ་རྒྱུན་སྒེར་གཅོད་ཀྱི་ལམ་དུ་འགྲོ། འོན་ཀྱང་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་ན། སྲིད་ཏང་གང་མང་འབྱུང་བར་ཡར་གཏོག་བརྒྱབ་ན་འགྲིག །དེ་ལྟར་བྱས་ཏེ་སྲིད་ཏང་བར་ཕན་ཚུན་ལྟ་རྟོག་བྱེད་མཁན་དང་དོ་ཡར་ལངས་ན། ཏང་ཁག་གང་ཡང་སྟོབས་ཤུགས་རྒྱས་ཐལ་ཏེ་སྲིད་གཞུང་ལ་སྒེར་གཅོད་སྒོས་ཁ་ལོ་སྒྱུར་མཁན་དུ་འགྱུར་མི་ཐུབ”ཟེར།

དེ་ག་ནང་བཞིན། ཝ་ཤེན་ཊིན་གྱིས་སྲིད་འགན་འཁུར་ཐེངས་དང་པོའི་ནང་། ཨ་རིའི་སྲིད་གཞུང་གི་སྡེ་ཤོག་གསུམ་པ་སྟེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གསར་འཛུགས་གནང་བ་སོགས་ལག་རྗེས་ཆེ་ལ་དོན་ཀུན་བདེ་བླག་བྱུང་། འོན་ཀྱང་སྲིད་འགན་འཁུར་ཐེངས་གཉིས་པའི་ནང་། དབྱིན་ཧྥ་དམག་འཁྲུག་ལ་བར་གནས་ཀྱི་ཆིངས་ཡིག་བཀོད་པ་སོགས་ཀྱི་དབང་གིས། ཚགས་པར་ལྟ་བུའི་སྨྲ་བརྗོད་ཀྱི་ཁྱབ་ཁོངས་བརྒྱུད་ཁོ་ལ་དགག་པ་རྒྱག་མཁན་མང་དུ་བྱུང་། ཆབ་སྲིད་དང་དཔལ་འབྱོར་གྱི་ལྟ་བ་ཐ་དད་པའི་དབང་གིས། ཁོའི་གཤོག་པ་ཆ་གཅིག་སྟེ། རྒྱལ་དོན་བློན་ཆེན་རྗེ་ཧྥོ་སན་དང་རྩིས་དཔོན་ཆེན་མོ་ཧ་མཱེར་ཊན་གཉིས་ཀྱིས་ཀྱང་འཕྲོ་རིམ་འཕྲོར་དགོངས་སྐོར་ཞུས། མདོར་ན་སྐབས་དེར་སྲིད་གཞུང་ནང་དུ་ཏང་ཁག་གི་འགལ་བ་ཐུ་ཞིང་། མང་ཚོགས་ནང་དུ་ཡང་སྲིད་གཞུང་ལ་འཁང་ར་ཆེ། དེ་ལ་ཝ་ཤེན་ཊིན་གྱིས་སྐད་ཆ་འདི་འདྲ་བཤད། “ཁྲིམས་འཛུགས་ཚོགས་པར་ཞུགས་ཤིང་སྲིད་འཛིན་དུ་སྡོད་དོན་ནི། རང་ཉིད་དེའི་ནང་དུ་ཐེ་བ་ཡིན་ན། མི་རྣམས་ཀྱི་ཁེ་ཕན་ལ་ཞབས་ཕྱི་བྱེད་མཁན་སྲིད་གཞུང་དེ་མང་ཚོགས་ཀྱིས་དང་ལེན་བྱེད་སླ་སྙམ་པ་ཡིན། འོན་ཀྱང་ད་ནི་སྔོན་ཆད་དང་མི་འདྲ། ཁོ་བོས་མུ་མཐུད་དུ་སྲིད་འགན་ཁུར་ན་དཔེ་བསགས་འགྲོ་བ་ཁོ་ཐག་རེད། གཞན་གྱིས་ཅི་མི་ཟེར། ཁོ་དཔོན་པོར་བསྡད་དེ་ཞིམ་མངར་ཞིག་ལྡག་རྒྱུར་ལོབས་སོང་འདུག་པས། ད་ནི་དེ་མེད་ན་ཁོ་འཚོ་མི་ཐུབ་པ་དང་འདྲ་ཞེས་མི་འཕྱའམ།” 

མཐར། ཝ་ཤེན་ཊིན་གྱིས་རང་གི་གྲོགས་པོ་མཱེ་ཏི་སན་བོས་ཡོང་སྟེ། སྐད་གྲགས་ཅན་གྱི“གྱེས་བྲལ་སྙན་ཞུ”དེ་འབྲི་རུ་བཅུག །དེར་མཱེ་ཏི་སན་གྱིས་ཡང་བསྐྱར་བཤོལ་འདེབས་ཞུ་དུས་ཁོས། “སྲིད་འགན་ཡང་བསྐྱར་འཁུར་མི་འདོད་པའི་ཆོད་སེམས་དེ་ཇེ་བརྟན་ནས་ཇེ་བརྟན་རེད”ཟེར། ༼མུ་འགོད།༽

ཡོང་ཁུངས། སྐྱིད་རྟག


དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།