ནུབ་རྒྱ་མཚོའི་ཕར་ཁ་ཚུར་ཁ།

ཨ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་སྟོད་ཆ་བསྒྱུར་བའི་ཟིན་བྲིས། མི་ལ་ཙི་ཙི།

གསུམ། བསྒྲགས་གཏམ་གཉིས། འགྲིག་ཆིངས་གཉིས།

༡ 《རང་བཙན་བསྒྲགས་གཏམ》

ཨ་རིའི་ལོ་རྒྱུས་ལ་སློབ་སྦྱོང་རོབ་ཙམ་ཡོད་ཚེ། དམག་འཁྲུག་གི་སྦི་སྡི་རུ་སོང་བའི“པཱོ་སི་ཊོན་ཇ་བརླགས་དོན་རྐྱེན”གྱིས་བཀད་པར་གྱུར་པ་ནི། ལཱེ་ཀི་སཱན་ཊོན(莱克星顿)གྲོང་རྡལ་གྱི་བུའུ་སྐད་ཐོག་མ་འབྱུང་སའི་མདེའུ་དེ་ཡིན་པ་ཤེས་ཐུབ། ཉིན་དེར། “མྱུར་མགྱོགས་ཀྱི་བུ་ཕོ” (“Minute Man,“一分钟人”)རུ་འབོད་པའི་ཨ་རིའི་འབངས་དམག་གིས་འཇབ་རྒོལ་གྱི་འཐབ་ལུགས་བཟུང་སྟེ། བྱང་སྡོད་དབྱིན་ཇིའི་རྒྱལ་དམག་གཟའ་རོ་བཞིན་བསྐོར་ཏེ་ཆམ་ལ་ཕབ། དུས་དེ་ནས་བཟུང་། བྱང་ཨ་རིའི་དབྱིན་རྒོལ་དམག་འཁྲུག་གིས་ནམ་མཁའ་འུར་ཞིང་ས་གཞི་ཁེབས། དེར་ཁོང་ཁྲོའི་རླུང་ནག་གིས་བཏེགས་པའི་རྗོར་ཊི་སྐུ་རབས་གསུམ་པས། “དབྱིན་ཀི་ལིང་གསར་པའི་སྲིད་གཞུང་དེ་དག་ད་ལྟ་ཁེང་ལོག་གི་སོ་ན་མཆི། ངེས་པར་དུ་འཐབ་འཛིང་ལ་བརྟེན་ཏེ། ལྟས་ངན་དེ་ཚོར་ཁོ་ཚོ་རྒྱལ་ཁབ་འདིར་གཏོགས་སམ་རང་བཙན་ཡིན་པ་གསལ་པོར་ཞིག་ཤེས་སུ་གཞུག་དགོས།”ཞེས་བཀའ་ཕབ། འདི་ནས་ཤེས་དགོས་པ་ཞིག་ལ། “སྲིད་གཞུང”དེ་དོན་དམ་པར་ཨ་རིའི་འབྱོར་ལྡན་གྲལ་རིམ་གྱི་རྩ་འཛུགས་ཤིག་ཡིན་མོད། གོང་མ་རྗོར་ཊིས་མི་སེར་སྤེལ་ཡུལ་གྱི་སྐྱེ་བོ་མཐོ་དམན་ཀུན་ལ་ལྟ་སྟངས་ཁྱད་མེད་འཛིན་པས། ཕྱུག་པོ་དེ་ཚོས་ཀྱང་མང་ཚོགས་ཇི་བཞིན་བརྡབ་གསིག་དང་བརྙས་སྨོད་འཁུར་དགོས་ཡོད། དཔེར་ན། བྱང་སྡོད་དབྱིན་དམག་གིས་རྗེ་ཧྥོ་སན་ཚང་གི་སྒོ་ཕྱུགས་རྔ་བྲན་གང་མང་འཕྲོག་ཅིང་། ཝ་ཤེན་ཊིན་ཚང་གི་ཞིང་ར་ཁྱོན་ཆེ་ཧམ་འཕྲོག་བྱས་མྱོང་བ་ལྟ་བུ་རེད། ཡང་རྐྱེན་ངན་གྲོགས་སུ་ཤར་ཏེ། འདི་རྣམས་ཏག་ཏག་བྱང་ཨ་རིའི་སྤྱི་ཚོགས་ཧྲིལ་པོ་གཞི་གཅིག་ཏུ་སྡུད་པའི་རྒྱུ་རུ་སོང་། འདི་ན་ད་རུང་གནད་དོན་གལ་ཆེན་ཞིག་ཡོད་པ་ནི། བརྒྱ་ལ་གོང་མ་རྗོར་ཊི་རྒྱལ་ཏེ་སྐམ་ས་ཆེན་མོའི་དམག་ཕམ་ཚེ། འབངས་ཕལ་བ་རི་ལ་བྲོས་ཏེ་སོ་སོའི་ཕྱི་ཚིས་ཀྱི་ཇ་ཐབ་བསྐྱར་དུ་བརྒྱབ་ཆོག་མོད་ཀྱི། གསར་བརྗེ་ལ་སྣེ་འཁྲིད་མཁན་འབྱོར་ལྡན་པ་ཚོ་སྟེ། དཔེར་ན་ཝ་ཤེན་ཊིན། རྗེ་ཧྥོ་སན། ཧྥུ་རན་ཁི་ལིན། ཨ་ཊམ་སི། ཧིན་རཱེ・ལི། མཱེ་ཏི་སན། མཱེན་ལོ། ཧ་མཱེར་ཊན་སོགས་ནི། རྒྱུ་འབྱོར་དབང་ཐང་གིས་ཁ་མལ་གཅིག་ལ་བཏགས་ཡོད་པས་འབྲོ་ས་སྐུང་ཡུལ་ཡོད་པ་མ་རེད། མ་ཟད། དབྱིན་ཇིས་སྔོན་གྱི་ཚེ་ན། རླབས་ཆེ་བའི་མེས་རྒྱལ་ལ་ངོ་ལོག་པའི་ནག་ཉེས་ཐོག་ནས། ཡུན་རིང་ཞིག་ལ་གསོས་ཤིང་ད་ནི་བཟའ་རན་སོང་བའི་བྱ་ཕོ་གཅིག་ལྟར། གོང་མ་ཆཱ་ལི་སྐུ་རབས་དང་པོའི་སྐེ་བྲེག་སོང་བའི་ལོ་རྒྱུས་ཁོ་ཚོས་མི་མཁྱེན་པ་ཡང་མ་རེད། འོན་ཀྱང་། རང་ཉིད་ཐེ་བའི་སྐམ་ས་སྤྱིའི་མ་འོངས་པའི་རང་དབང་གི་ཕྱིར། ཁོ་ཚོས་ཕྲག་གདང་གི་མགོ་བོ་གཅིག་པོ་རྒྱལ་ཕམ་གྱི་སྐུག་ཏུ་བཙུགས་པ་རེད། ཕལ་བ་ཞིག་ལ་མཚོན་ན། འདི་ཁོ་ནར་འདང་ཞིག་བརྒྱབ་པས་ཀྱང་འདོམས་ནས་གཅིན་སྐྱག་མི་འཚག་པ་ཞིག་ཡོང་ལས་ཆེ། དེ་བས། “གསར་བརྗེ་པ”ཟེར་བའི་མིང་འདི་སུ་གང་ལ་རང་དགར་སྦྱར་ཆོག་པ་ཞིག་གཏན་ནས་མ་རེད།

དེ་ལྟར། སྐམ་སའི་མི་ཕོ་ཚོ་རྗོར་ཊི་ཟེར་བའི་སྟག་མོ་མི་ཟན་དེའི་རྔ་མར་འཇུ་ཤག་ཤག་བྱས་ཏེ། རིང་པོ་མ་ལོན་པར་སྐབས་གཉིས་པའི་སྐམ་ས་ཆེན་པོའི་གྲོས་ཚོགས་བསྡུས་ཤིང་། འདུན་མ་བརྡར་བ་བརྒྱུད་བྱང་ཨ་རིའི་འབངས་དམག་བསྐོངས་ཏེ་སྐམ་སའི་དམག་དཔུང་བསྒྲུགས། སྔོན་ཚེ་དབྱིན་དམག་དང་དཔུང་སྡེབ་སྒོས། བྱང་ཨ་རིའི་མི་སེར་སྤེལ་ཡུལ་གྱི་ཧྥ་དམག་དང་འཁྲུག་པ་བརྒྱབ་སྟེ་ཟིལ་ཤུགས་ཆགས་ཡོད་པའི་ཝ་ཤེན་ཊོན་སྤྱི་ཁྱབ་དམག་དཔོན་དུ་བསྐོས། དོན་ལ་དུས་དེ་ནས་བཟུང་། སྐམ་སའི་གྲོས་ཚོགས་ལ་རྒྱལ་ཁབ་ཀྱི་ངོ་བོ་དང་ལྡན་པར་གྱུར་ཏེ། བྱང་ཨ་རིའི་མི་རིགས་རང་བཙན་གྱི་བྱ་གཞག་ཆེ་ཕྲ་ཀུན་པོར་འགོ་ཁྲིད་དང་ལམ་སྟོན་གནང་བ་རེད།

འབངས་དམག་གིས་གྲུབ་པའི་དམག་རུ་དེ་ལ་དངོས་འབྲེལ་ཆོ་མེད་རུང་། ཝ་ཤེན་ཊིན་གྱི་སྣེ་ཁྲིད་འོག །ཅི་ནུས་སྒོས་ཟླ་བ་བརྒྱད་རིང་དཀའ་སྤྱད་འཐབ་འཛིང་བྱས་མཐར། བྱང་སྡོད་དབྱིན་དམག་གཞི་ནས་པཱོ་སི་ཊོན་ནས་ཕྱིར་བསྐྲད། དེས་ནི་བྱང་སྡོད་དབྱིན་ཇིའི་དམག་གི་གཞིས་སྒར་ཆེ་ཤོས་ཤོར་སོང་བ་ཡང་མཚོན། དེའི་འཕྲོར། བྱང་ཨ་རིའི་མངའ་སྡེ་ཁག་ནི་གཅིག་ལངས་གཉིས་ལངས་དབྱིན་ཇི་དང་ཁ་བྲལ་ནས་རང་བཙན་ཡིན་པ་བསྒྲགས། དེ་ལ་རྗོན・ཨ་ཊམ་སིས། “རང་བཙན་ནི་ཤྭ་འོད་དང་འདྲ་བར། ཉི་མ་རེ་རེར་ཕྱོགས་མཚམས་སོ་སོ་ནས་ང་ཚོའི་འདོད་ཐོག་ཏུ་ལྷོག་ལྷོག་ངང་བཞུར་ཐོན”ཟེར། དེ་ཙམ་ལ། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་འགྱུར་ལ་བླ་མེད་དོན་སྙིང་བཞག་པའི《རང་བཙན་བསྒྲགས་གཏམ》བྱུང་བ་རེད།

《རང་བཙན་བསྒྲགས་གཏམ》གླེང་དུས། ཨ་རིའི་མི་བོ་ཆེ་ཞིག་ངེས་པར་དྲན་དགོས་ཡོད། ཚང་མས་མཁྱེན་ཡོད་པ་དེ་ལྟར་རེད། ཁོང་ནི་བསྒྲགས་གཏམ་འདིའི་ཕྱི་མོ་རྩོམ་གནང་མཁན་ཐཱོམ་སི・རྗེ་ཧྥོ་སན་རེད། པཱོ་སི་ཊོན་གྱི་བྱང་སྡོད་དབྱིན་དམག་ཕྱིར་སྐྲོད་བཏང་རྗེས། བྱང་ཨ་རིའི་སྤྱི་ཚོགས་ཀྱི་འདུན་པ་དྲག་པོ་ལྟར། སྐམ་སའི་གྲོས་ཚོགས་ཀྱིས་རང་བཙན་ཁྱབ་བསྒྲགས་བྱ་རྒྱུ་ཐག་བཅད་ཅིང་། 《རང་བཙན་བསྒྲགས་གཏམ》གྱི་ཕྱི་མོ་རྩོམ་ལ། ཐཱོམ་སི・རྗེ་ཧྥོ་སན། པེན་རྗི་མཱེན・ཧྥུ་རན་ཁི་ལིན། རྗོན・ཨ་ཊམ་སི་སོགས་རང་བཙན་སྨྲ་བའི་གཙོ་འཛིན་ལྔ་ཡིས་གྲུབ་པའི་ལྷན་ཚོགས་ཤིག་བཙུགས། ཡང་ལྷན་ཚོགས་དེའི་སྤྱི་མོས་ལྟར་རྗེ་ཧྥོ་སན་སྨྱུག་ཐོགས་པར་བསྐོས། ཉིན་གཉིས་ཀྱི་འཕྲོར། མེ་གླིང་སྐམ་ས་ཆེན་མོའི་སྐྱིད་སྡུག་ལེགས་ཉེས་ཁུར་བའི་རླབས་ཆེན་བརྩམས་ཆོས་དེ། ཕོ་ལོ33ཅན་གྱི་རྗེ་ཧྥོ་སན་གྱི་སྨྱུག་རྩེ་ནས་ལྷུན་གྱིས་གྲུབ་ཐོན།

དེ་ལ་གཙོ་བོ་ཚན་པ་གསུམ་མཆིས། དང་པོའི་ནང་བྱང་ཨ་རིའི་མི་སེར་སྤེལ་ཡུལ་གྱིས་རང་བཙན་བརྩོན་དགོས་པའི་ལུང་དང་རྒྱབ་རྟེན་ཏེ། འགྲོ་བ་མིའི་གཉུག་ཐོབ་ཁེ་དབང་དང་འབངས་ཀྱི་བདག་དབང་བྲིས་ཡོད། གཉིས་པ་རུ་མི་སེར་སྤེལ་ཡུལ་གྱིས་ཁྱབ་བསྒྲགས་བྱས་པའི་གསར་བརྗེ་དང་རང་བཙན་གྱི་དྲང་བདེན་རང་བཞིན་དང་ལུགས་མཐུན་རང་བཞིན་བྲིས་ཡོད། གསུམ་པར་སྔ་མ་གཉིས་ཀྱི་བསམ་བློར་སྤྱི་སྡོམ་མཛད་རྗེས། གཟབ་ལྷིང་ངང་ཨ་མེ་རི་ཀའི་རང་བཙན་གཞི་ནས་ཁྱབ་བསྒྲགས་བྱས་ཚུལ་བྲིས་ཡོད་པ་རེད། གཤམ་འདིར་བསྒྲགས་གཏམ་འདིའི་སྙིང་ཏིག་འདྲ་བའི་ཚན་པ་གཅིག་ཀློག་གྲོགས་ཁྱེད་ལ་གཟིགས་མོའི་ཚུལ་དུ་དགོད་པར་བྱ།

“ཁོ་བོས་བསམས་ན། གཤམ་གྱི་བདེན་དོན་ནི་སྨྲོས་མ་དགོས་པ་ཞིག་རེད། དེ་ཡང་མི་རེ་རེ་བཞིན་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན་ལ། སྣོད་བཅུད་མཁན་པོས་མི་རེ་རེར་འཕྲོག་ཏུ་མེད་པའི་ཁེ་དབང་འགའ་ཞིག་བསྩལ་གནང་ཡོད། དེ་རུ་ཚེ་སྲོག་གི་ཁེ་དབང་། རང་དབང་གི་ཁེ་དབང་། དེ་བཞིན་བདེ་སྐྱིད་འཚོལ་སྙེག་བྱར་ཆོག་གི་ཁེ་དབང་བཅས་འདུ། ཁེ་དབང་འདི་དག་ལ་ཁག་ཐེག་ཡོང་ཕྱིར། སྲིད་གཞུང་ད་གཟོད་མི་རྣམས་ཀྱི་ཁྲོད་བཙུགས་པ་རེད། མ་ཟད། བདག་སྐྱོང་བྱ་ཡུལ་གྱི་འབངས་མིའི་འོས་མཐུན་འཐོབ་རྗེས། ད་གཟོད་སྲིད་གཞུང་དེ་ལ་དེ་འཚམ་གྱི་དབང་ཆ་ཡོད་པར་འགྱུར།”

“ཐག་ཁྲ་སྦྲུལ་འཁྲུལ”གྱི་དཔེ་ཇི་ལྟར། རྡོ་སྒྲུག་སྒྲུག་གི་སྐད་ཆ་འདི་དག་ལས་ཚེགས་མེད་མཐོང་ཐུབ་པ་ནི། སྔོན་ཆད་གོང་མ་རྗོར་ཊིས་དུས་ཡུན་རིང་མོའི་ནང་། བྱང་ཨ་རིའི་མི་སེར་སྤེལ་ཡུལ་ལ་སྒེར་གཅོད་དབང་སྒྱུར་བྱས་པ་ལས་ཐོན་པའི་འཇིགས་སྐྲག་དང་། དེ་བཞིན། འཇིགས་སྐྲག་དེ་ལས་བསླབ་བྱར་ཐོབ་པའི་འཛེམ་ཟོན་གྱི་སེམས་ཁམས་དག་རེད། དཔེར་ན། དམག་འཁྲུག་མ་བརྒྱབ་སྔོན་སྐམ་སའི་གྲོས་ཚོགས་ཀྱིས་ཝ་ཤེན་ཊིན་ལ། གལ་སྲིད་རྒྱལ་ཁ་ལོན་ཚེ། དམག་འཁྲུག་རྫོགས་མ་ཐག་སྤྱི་ཁྱབ་དམག་དཔོན་གྱི་གོ་ས་ཕྱིར་སྤྲད་དགོས་ལ་དམག་དཔུང་ཡང་གཏོར་དགོས་པའི་རེ་བ་བཏོན། ཁོག་རྒྱ་ཆེ་ཞིང་ཁ་དན་སྲུང་བའི་ཝ་ཤེན་ཊིན་གྱིས་ཀྱང་དེ་དོན་བརྩིས་པ་རེད། ཕྱིས་སུ་རྒྱལ་ཁབ་བཙུགས་ཏེ་རྩ་ཁྲིམས་གཏན་ལ་འབེབས་དུས་ཀྱང་། རང་དབང་སྨྲ་བའི་གཙོ་འཛིན་རྣམས་ཀྱིས་ནི། གྲོས་ཚོགས་གོང་འོག་གཉིས་ཀྱིས་གྲུབ་པའི་རྒྱལ་ཚོགས་ནི“ཏམ་ཀེལ་སིའི་རལ་གྲི”(Damocles)ངར་མ་ཇི་བཞིན་ཏག་ཏག་སྲིད་འཛིན་གྱི་གཉའ་ལྟག་ལ་གཟར་གཟར་ལ་བཞག་ཡོད་རེད། དེར་བརྟེན། ལོ་རྒྱུས་སྟེང་ཨ་རི་ལ། V・S・ནཱེ་པོལ་གྱི“ཆུ་ཆེན་ཁུགས་སོའི”སྲིད་འཛིན་དེ་འདྲ་གཅིག་ཀྱང་བྱུང་མྱོང་ཡོད་པ་མ་རེད། དེ་འབྲེལ་གཏམ་རྒྱུད་ཀྱང་མང་དག་འདུག །དཔེར་ན་སྲིད་འཛིན་བདུན་པ་ཨེན་ཏི་ཝོ・རྗེ་ཁི་སན་གྱིས་སྲིད་འཛིན་གྱི་དབང་ཆ་སྤྱད་དེ། རྒྱལ་ཚོགས་ནང་གི་རང་ལ་རྒོལ་མཁན་ཚོ་མནན་རྩིས་བྱས་པས་ཚང་མས་ཁོར། “གོང་མ་ཨེན་ཏི་ཝོ་ཁྲི་རབས་དང་པོ”ཞེས་གོ་རྒྱུ་ཅན་ལབ། དེ་མཚུངས་སྲིད་འཛིན་བཅུ་བདུན་པ་ཨེན་ཏི་ཝོ・རྗོན་སན་ཧ་ལམ་རྒྱལ་ཚོགས་ཀྱིས་གནས་དབྱུང་བཏང་། སཱེ་འོ་ཊོ・ཧྥུ་རན་ཁི་ལིན(西奥多・富兰克林)གྱིས་ཁུ་ཚུར་དམ་དུ་བཅིངས་ཏེ། “མཚམས་ལན་རེར། ངས་རང་ཉིད་སྲིད་འཛིན་ཡིན་ལ་རྒྱལ་ཚོགས་ཀྱང་ཡིན་ན་ཅི་མ་རུང་སྙམ་ཡོང་།” ཞེས་སེམས་གཏམ་དམར་ལྡང་མ་ཐད་ཀར་འུར་བརྒྱབ་པ་རེད། སྲིད་འཛིན་སོ་གསུམ་པ་ཐུ་རུ་མཱན(杜鲁门)གྱིས། “སྲིད་བྱུས་གལ་ཆེན་ཞིག་ཐག་གཅོད་བྱེད་པའི་སྐབས། ཨ་མེ་རི་ཀའི་སྲིད་འཛིན་ཡིན་པའི་ཆ་ནས། ཇི་འདྲའི་ཁེར་རྐྱང་ཡིན་པ་སུ་ཞིག་གིས་རྟོགས་ནུས”ཞེས་སྡུག་སྨྲེ་བཏོན་མྱོང་སྐད། དེ་བཞིན། སྒེར་གཅོད་སྲིད་དབང་ལ་མཚོན་ན་གླེང་རིན་མེད་པའི་དོན་ཞིག་སྟེ། ཁི་ལིན་ཊོན་གྱིས་འགབ་མཐུན་བཙལ་བ་སོ་སོའི་ངོ་ཚ་བཟོད་མེད་ཅིག་ཏུ་གྱུར་པ་གཞིར་བཞག་སྟེང་། ཁྲིམས་འགལ་ཚབས་ཆེན་ཞིག་ཏུ་བརྩིས་ཏེ་སྤྱི་ཚོགས་ཡོངས་ནས་ཁ་རྡུང་དྲག་པོ་བྱས་པ་དེ་འདྲ་རེད། ད་རུང་མི་གཤིས་བོར་བའི་སྐྱེ་བོ་འགའ་རེས་མེ་མདའ་སྤྱད་དེ་འདུ་ར་ནས་མི་ཤི་ཁྲག་སྦྱོར་གྱི་དོན་རྐྱེན་ངེས་མིན་དུ་བཟོ་རུང་། འབངས་ཀྱིས་མེ་མདའ་གཟུང་ཆོག་གི་ཁྲིམས་ཚན་དེ་མེད་པར་མི་བཟོ་བ་ལས་ག་རེ་ཤེས་ཐུབ་ཟེར་ན། དེ་ནི་མི་གསོད་པར་མིག་མི་འཛུམ་པའི་གཤེད་མ་ངོ་དམར་དེ་དག་ལས་ཀྱང་འཇིགས་སུ་རུང་བ་ནི། གཞན་མ་ཡིན་ཏེ་ཏག་ཏག་སྲིད་གཞུང་ཡིན་པ་ར་སྤྲོད་བྱས་མེད་དམ་ཅི། 《རང་བཙན་བསྒྲགས་གཏམ》རྟེན་ཕུར་དུ་བཟུང་སྟེ་བཙུགས་པའི་རྒྱལ་ཁབ་གསར་པ་འདི་ལ་མཚོན་ན། སྲིད་འཛིན་དང་རྒྱལ་ཚོགས། དེ་བཞིན་ཆེས་མཐོའི་ཁྲིམས་ཁང་བཅས་དབང་ཤེད་སུམ་བགོས་བྱས་པ་མ་ཟད། ལོ་ཟླ་རིང་མོའི་ནང་ཚོད་ལྟ་བྱས་པ་བརྒྱུད། ཨ་རིའི་སྤྱི་མཐུན་སྲིད་ལུགས་ཀྱི་གཤམ་ནས། རང་དབང་གི་མི་རིགས་ཤིག་ཡིན་ཕྱིན། སོ་སོའི་སྲོལ་རྒྱུན་དང་ཁེ་ཕན་འདོར་དགོས་མེད་པའི་གཞི་རྩའི་མཐུན་རྐྱེན་འོག །སོ་སོར་རང་བདག་རང་སྐྱོང་གི་ནུས་པ་དང་ལྡན་པ་ཡང་ར་སྤྲད་པ་རེད།

《རང་བཙན་བསྒྲགས་གཏམ》སྟེ། ཨ་མེ་རི་ཀའི་ལོ་རྒྱུས་ལ་བླ་མེད་ཤན་སྟོབས་འཇོག་མཁན་གྱི་ཡིག་ཆ་དེ། 1776ལོའི་ཟླ7པའི་ཚེས4ཉིན། གྲོང་ཁྱེར་ཧྥེལ་ལཱེ(费城)ནས་ཁྲོམ་བསྒྲགས་གནང་། སྲང་མདོ་རུ་གོང་མ་རྗོར་ཊིའི་ཟངས་མའི་འབག་ཆེན་རྟ་བཞོན་མ་གཅིག་ཡོད་པ་ས་ལ་བརྫོགས། མི་རྣམས་ཀྱིས་རྟེན་འབྲེལ་གྱི་དགའ་འབོད་གནམ་ས་རལ་འདྲ་བྱས། གྲོང་ཁྱེར་ཧྲིལ་པོ་འུར་འུར་ཆེམ་ཆེམ་བཟོས། དེ་ལ་རྒྱུ་མཚན་ལོས་རེ་ཡོད། ཉིན་མོ་དེ་ནས་བཟུང་། རང་དབང་གི་རྒྱལ་ཁབ་སྟེ—ཨ་མེ་རི་ཀ་མི་ཡུལ་དུ་དངོས་སུ་བལྟམས་པ་རེད། དུས་དེ་ནས་བཟུང་། “མི་རེ་རེ་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན”ཞེས་པས་མཚོན་པའི་རང་དབང་གི་རྣམ་གཞག་དེ། མིའི་རིགས་ཀྱི་དཔལ་ཡོན་འཕེལ་འགྱུར་གསར་པའི་བླ་མེད་སྒུལ་ཤུགས་སུ་ཆགས་ཏེ། དུས་ད་ལྟར་ཐུག་གི་བར། མུན་ནག་དང་ཚེར་མའི་ལམ་བུར་ཞུགས་ཏེ་རང་དབང་བརྩོན་མཁན་དཔའ་བོ་ཕོ་མོ་ཁྲི་སྟོང་གི་སྤོབས་པའི་རྒྱབ་རྟེན་དང་ལམ་སྟོན་དཔལ་འབར་དུ་གྱུར་ཡོད་པ་དེ་རེད།༢ 《ཕཱ་རི་སིའི་འགྲིག་ཆིངས》

1783ལོའི་ཟླ9པའི་ཚེས3གྱི་ཉིན་མོ་དེ་ནི། གོང་མ་རྗོར་ཊི་ལ་མཚོན་ན། པཱ་ཀིན་ཧེམ(白金汉)ཕོ་བྲང་ཡང་ཁྲོ་ཐབ་སྒང་ལ་བསྐྱོན་པའི་རྔོད་ཟངས་གཅིག་ལྟར་སྡོད་མི་བཟོད་པ་ཞིག་ཏུ་ཡོད་ཚོད། ཁོའི་ཡིད་ལ་ཏན་ཏན་ཝིར་སའེ(卢浮)ཕོ་བྲང་ལས་ཅི་ཡང་མི་འཆར། དེ་གར་ཁོའི་ཕོ་ཉ་ཚོས་ཁོའི“མི་སེར་སྤེལ་ཡུལ”གྱི་སྐུ་ཚབ་དང་གྲོས་མོལ་བྱེད་ཀྱིན་ཡོད། དེ་ནི་ཇི་འདྲའི་ཁ་མཚར་ནག་པོ་ནག་རྐྱང་ཞིག་རེད་ཨང་། ལྟོས་དང་། བྱང་ཨ་རིའི་རོང་འབྲོག་ཆད་ཧྲལ་ཁྱུ་གཅིག་གིས“རང་དབང”ངམ་ཅི་ཞིག་གི་ཕྱིར། “ཉི་མ་ནུབ་མེད”སྨྲ་བའི་དབྱིན་བཙན་རྒྱལ་ཆེན་མོ་གློ་བུར་གཟའ་ཡི་ཁམ་དུ་ཁྱུར་མིད་བཟས་ཤིང་། ཁོ་རྗོར་ཊི་སྐུ་རབས་གསུམ་པའི་མིག་ལམ་ནག་ཐུམ་མེར་བཏང་བ་རེད། དེ་ནི་རྐང་འོག་གི་རྡེའུ་འཕར་ཏེ་ཡ་ཐོད་ཀྱི་དམྱིག་ཕུད་ཅེས་པའི་དཔེ་རང་རེད། ལར་རྗོར་ཊིའི་ཚེ་མཇུག་གི་བརྒྱལ་གཟེར་དྭངས་མེད་དེའང་འདི་ལ་རྐྱེན་བྱས་ཟེར། གང་ལྟར། ཁོས་སྦག་སྦག་གསིག་གསིག “བྱང་ཨ་རི་བློས་གཏང་བ་ཆ་རྐྱེན་དུ་བཞག་སྟེ་ཞི་འགྲིག་ཡོང་རེ་ཞུ་བ་དགྲ་ལ་སྒྱུར”ཟེར་རུང་། ངང་ཚུལ་དེ་ནི་ཆུ་ནང་དུ་འོག་རླུང་བཏང་བ་བཞིན་དྲི་ངན་ལས་སྒྲ་ངན་འབྱིན་རྒྱུ་ཡེ་མ་བྱུང་།

འཛམ་གླིང་སྒང་ལ་བཤད་སྲོལ་ཞིག་ཡོད་པ་ནི། འཁོས་ཞན་རྒྱལ་ཁབ་ལ་ཕྱི་འབྲེལ་ཡོད་པ་མ་རེད་ཟེར། སྐབས་དེར་ཅོག་སྒམ་སྒོར་མོ་གཅིག་གི་སྒང་ནས་དབྱིན་བཙན་རྒྱལ་དང་མཐོ་ཁྱད་མེད་པར་སོག་པ་གཤིབ་ལུགས་འདི་ཁོ་ནར་བལྟས་ན། གསར་དུ་བཙུགས་པའི་རྒྱལ་ཁབ་ཨ་རི་ནི་འཁོས་ཞན་ཞིག་མིན་པ་ཤེས་ཐུབ། དེའི་ཁར། “ཨ་རིའི་ཕྱི་འབྲེལ་བློན་ཆེན་ཐོག་མ”རུ་གྲགས་པའི་པེན་རྗི་མཱིན・ཧྥུ་རན་ཁི་ལིན་གྱིས་ཆབ་སྲིད་ཀྱི་རྣམ་དཔྱོད་རྩལ་དུ་སྤྲུགས་ཏེ་དབྱིན་ཇི་དང་ཧྥ་རན་སི། དེ་བཞིན་སེ་ཕན་དང་བཅས་པའི་ཡོ་རོབ་བཙན་རྒྱལ་ཁག་གི་བློན་ཆེན་རྣམས་དང་རྒྱལ་དོན་ཐད་ནས་འགྲན་ཁ་བཀྱེས་ཤིང་། མཐའ་མཇུག《ཕཱ་རི་སིའི་འགྲིག་ཆིངས》བཞག་པ་བརྒྱུད། མཱེ་སེ་སེ་པཱེ(密西西比)གཙང་པོ་ས་མཚམས་སུ་བཟུང་སྟེ། བྱང་ཐིག་གི་ཟུར་ཚད31ནས་ཨ་རིའི་ལྷོ་ངོས་རྒྱལ་མཚམས་སུ་གཏན་ཁེལ་བྱས། ནང་སྒོས་ཨ་རིའི་རང་བཙན་བདག་དབང་ལ་ཁས་ལེན་ཐོབ། རླབས་ཆེ་བའི་དོན་བྱ་འདི་ལ་རྟེན་འབྲེལ་ཞུ་སླད། དེ་རིང་གི་ཆར་སྲེག་ཟ་མེ་ཡི་ཁ་ཟས་སུ་གྱུར་ཚར་པའི་ཕཱ་རི་སི་འཕགས་མ་ལྷ་ཁང་གི་ཅོང་རྙིང་དེ་ཡུན་རིང་བརྡུངས་ཏེ། ལྷོ་རྒྱལ་འཛམ་བུ་གླིང་དུ་ཨ་མེ་རི་ཀ་ཟེར་བ་ཞིག་སྐུ་བལྟམས་པ་ཁྱབ་བསྒྲགས་བྱས། སྐབས་འདིར་ཁོ་བོས་འདི་སྙམ་དུ་ཡང་སེམས་ཏེ། བྱང་ཨ་རིའི་མི་རྣམས་ཀྱིས་གནའ་བོའི་ཅོང་རྙིང་དེ་ལས་དོན་བྱ་གསུམ་ཐོས་ཡོད་ཚོད། དང་པོ་ནི་འུ་ཐུག་པའི་མེས་རྒྱལ་དབྱིན་ཇིའི་འཁང་ར་རེད། གཉིས་པ་ནི་རང་གིས་མ་ཡུམ་མེས་རྒྱལ་ལ་ངོ་ལོག་བྱས་པའི་གནོང་བག་རེད། གསུམ་པ་ནི་གཙོ་བོ་སྟེ། སོ་སོར་གཉོམ་ལག་རྒྱས་ཏེ་རང་རྐྱ་ཐུབ་སོང་བའི་དགའ་ཚོར་མནན་དུ་མེད་པ་དེ་རེད།༣ 《ཀིན་ཐེ་འགྲིག་ཆིངས》

ལར། 《རང་བཙན་བསྒྲགས་གཏམ》ནི་དོ་ཟླ་བྲལ་བའི་རླབས་ཆེན་གྱི་འདུན་མ་ཞིག་ཡིན་རུང་། ཚམ་རྔམ་དམག་འཁྲུག་གི་མེ་ལྕེས་བཙོ་སྦྱངས་བཞུ་གསུམ་བྱས་ན། ཏན་ཏན་ཤོག་བུ་ཐེར་རྗེན་མ་གཅིག་ལ་བྲིས་པའི་ཁ་ཤོམ་ཙམ་དུ་ཟད་ཀྱི། འདི་ནི་རང་བཙན་ཁྱབ་བསྒྲགས་བྱས་རྗེས་ཨ་རིས་གདོང་གཏད་དགོས་པའི་ཁ་ཚ་དགོས་གཏུག་གི་གནད་དོན་དེ་རེད།

དེ་ཡང་། པཱོ་སི་ཊོན་གྱི་བྱང་སྡོད་དབྱིན་དམག་ཕྱིར་བསྐྲད་པ་དེས་རྗོར་ཊི་ལ་བརྣག་ཏུ་མེད་པའི་དོ་ཕོག་བཟོས། ཁོས་ཁྲི་དམག3བསྐོངས་ཏེ་ནུབ་རྒྱ་མཚོ་ཆེན་པོ་དོལ་ཆོད་སྒོས་རྔམ་རྔམ་རྫིག་རྫིག་ལུད་ཐོན། མདོར་ན། དུས་དེ་ནས་བཟུང་། ཨ་མེ་རི་ཀའི་ཅི་མཐའ་ཅི་ཡོང་གི་སྐྱིད་སྡུག་ཡག་ཉེས་ཡོད་ཚད་པོ། རོང་འབྲོག་ཁྱུ་གཅིག་གིས་གྲུབ་པའི་སྐམ་སའི་འབངས་དམག་གི་མགོ་རྫི་སྟེ། རྗོར་ཊི・ཝ་ཤེན་ཊིན་གྱི་ལག་ཏུ་བསྟབས་ཡོད་པ་རེད། དཔའ་མཛངས་བརྟན་གསུམ་གྱི་ཡ་བདག་ཝ་ཤེན་ཊིན་གྱིས་ཀྱང་། དེ་ལྟའི་ཨ་རིའི་མི་དམངས་ཀྱི་རེ་བ་པང་དུ་བླངས་ཤིང་། བལྟས་མདོག་མེད་རུང་རང་དབང་ཞེ་ལ་རྣོག་མཁན་གྱི་རུ་དཔུང་དེ་ཁྲིད་ནས། ཏག་ཏག་མི་ལོ8ལ་གཡུལ་སའི་མེ་ལྕེར་མཆོང་སྟེ་དམར་འཛིང་ཡ་ང་བ་བྱས་འཕྲོའི1781ལོར། འཛམ་གླིང་ཁྱོན་ལ་སྐད་གྲགས་འབར་པའི་འཇིགས་རུང་དབྱིན་ཇིའི་དཔུང་ཚོགས་རམ་ནག་སེར་བས་བརྡུངས་བཞིན་ཆམ་ལ་ཕབ་སྟེ། ཐེངས་དང་པོའི་མེ་དབྱིན་དམག་འཁྲུག་རྒྱལ་ཁའི་ངང་མཇུག་བསྡུས། དབྱིན་ཇིའི་དམག་སྤྱི་ཁཱན་ཝོལ་སིས(康华里)རུ་ཤོག་ལྷག་མ་འཁྲིད་དེ་ཝ་ཤེན་ཊིན་ལ་མགོ་བསྒུར། ཡཱོ་ཀི་ཊོན(约克顿)གཙང་པོའི་འགྲམ་ནས་བརྒྱབ་པའི་གཡུལ་འཁྲུག་འདིའི་རྣམ་པ། དེ་སྔའི་ཨ་རིའི་གློག་བརྙན《རྒྱལ་གཅེས་པ》ཟེར་བ་དེས་བསྐྱར་མངོན་ཡག་མོ་བྱས་འདུག །ཀློག་གྲོགས་ཁྱོད་ཀྱིས་མཱེལ・ཀེ་ཕུ་སན་གྱི་གློག་བརྙན་དེར་བལྟས་པ་ཡིན་ན། མ་བཅོས་སེམས་ཀྱི་རྒྱལ་གཅེས་དང་རང་དབང་བརྩོན་པའི་སྙིང་རུས་ནི། འགྲོ་བ་མིའི་རླབས་ཆེ་བའི་གཤིས་རྒྱུད་ཅིག་ཏུ་མཐོང་སྲིད་མོད། གཟེབ་ནང་དུ་ལོབས་ཚར་བའི་བྱེའུ་ཞིག་ལ་ཆ་མཚོན་ན། བར་སྣང་དུ་འཕུར་ལྡིང་བྱེད་པ་དེ་ནི་སྨྱོ་རྟགས་ཤིག་ཏུ་ཟད་པས་རེ་ཞིག་ཁ་རོག་བསྐྱུར་རྒྱུ་ལས་འོས་མེད།

དེ་ལྟར། རང་བཙན་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རུང་། མི་སེར་སྤེལ་ཡུལ་ཁཱེན་ན་ཏ་བརྩད་དེ། སྤྱི་ལོ1812ནས1814ལོའི་བར། མེ་དབྱིན་བར་ལ་ལན་གྲངས་གཉིས་པའི་འཁྲུག་པ་ཤོར། མཐར《ཀིན་ཐེ(根特)འདུམ་ཆིངས》བཞག་པའི་ཐོག་ནས་དམག་གི་ཡོ་ལང་ཡོངས་སུ་ཞི། མ་ཟད། དབྱིན་ཇིས་བསྐྱར་དུ་ཨ་རིའི་བདག་དབང་ཁས་བླངས། དོན་ལ་ཡང་། དམག་འཁྲུག་འདི་བརྒྱུད་ནས། ཨ་རི་རྦད་དེ་དབྱིན་ཇིའི་གཅུན་སྡོམ་ལས་ཐར་ཅིང་བཟོ་ལས་འཕེལ་རྒྱས་ཀྱི་ལམ་ལ་བྱ་ལྟར་འཕུར་སོང་བ་རེད།༤ 《མཱེན་ལཱོ་བསྒྲགས་གཏམ》

དུས་རབས19པའི་སྟོད་ཀྱི་ཆར་བསླེབས་དུས། ཨ་མེ་རི་ཀའི་དཔལ་འབྱོར་ལ་དེ་ལྟར་གཤོག་པ་ཐོགས་ནས་ཡར་ཡར་འཕུར་ཏེ་ཐལ་སོང་། འུ་ཚོ་བོད་ཀྱི“ཨ་རོགས་ལ་ཉན་ས། ཁྱིམ་མཚེས་ཚང་ལ་བལྟ་ས”ཟེར་བའི་དཔེ་ལྟར། ཨ་རི་ཟེར་བའི་གྲལ་མཚེས་དེ་ལ་ཡིད་སྨོན་ཤོར་བ་མ་ཟད། རིམ་བཞིན་ཁ་མིག་ཡར་ལྟའི་ལད་མོ་ཡང་བྱས་ཏེ། ཡོ་རོབ་བཙན་རྒྱལ་ཁག་གི་མི་སེར་སྤེལ་ཡུལ་དུ་སྤྱོད་པའི་མེ་གླིང་ལྷོ་མའི་མངའ་སྡེ་ཁག་ཀྱང་། གཅིག་ཐོག་གཉིས་བསྣན་མི་རིགས་རང་བཙན་བརྩོན་པའི་ལམ་དུ་ཤ་ཐང་ཐང་རྒྱུག །འོན་ཀྱང་ཤེ་མོང་འཚོབ་པར་གྱུར་པའི་ཡོ་རོབ་རྒྱལ་ཁབ་ཁག་གིས་ནི། སླར་ཡང་མེ་གླིང་ལྷོ་མའི་མངའ་སྡེ་དེ་དག་ལ་ཧམ་སེམས་ཀྱི་ལག་པ་སྲིང་འགོ་རྩོམ། དེ་འདྲའི་གལ་གནད་ཀྱི་ལོ་རྒྱུས་གནས་བབ་འོག །ད་ལྟ་གླེང་བཞིན་པའི《མཱེན་ལཱོ་བསྒྲགས་གཏམ》བྱུང་བ་རེད།

“མཱེན་ལཱོ”ཟེར་བ་ཨ་རིའི་སྲིད་འཛིན་ལྔ་པ་རྗེམ་སི・མཱེན་ལཱོ(詹姆斯・门罗)ལ་གོ་དགོས། དབྱིན་རྒོལ་འཁྲུག་པའི་སྐབས་ཁོ་ནི་དམག་དཔོན་སྐུ་གཞོན་ཞིག་རེད་ལ། ནང་སྒོས་ཝ་ཤེན་ཊིན་གྱིས་ཡིད་རྟོན་པའི་མི་ཕོ་ཏན་ཅན་ཞིག་རེད། མ་ཟད་ཁོ་ནི་རྗེ་ཧྥོ་སན་གྱི“མི་ཚེའི་སྲོག་ཤིང་ཆ་གཅིག”གི་ཡ་གྱལ་རེད(ཅིག་ཤོས་མཱེ་ཏི་སན་རེད)། ཁོ་ཡང་སྲིད་འཛིན་སྔ་མ་རྗོར་ཊི・ཝ་ཤེན་ཊིན། རྗོན・ཨ་ཊམ་སི། ཐཱོམ་སི・རྗེ་ཧྥོ་སན། རྗེམ་སི・མཱེ་ཏི་སན་བཅས་དང་འདྲ་བར་ཕ་ཡུལ་ཧྥོར་ཀེ་ནེ་ཡཱ་ནས་ཡིན་པས། མི་རྣམས་ཀྱིས་ཁོར“ཧྥོར་ཀེ་ནེ་ཡཱ་རྒྱལ་རབས”ཀྱི་སྲིད་འཛིན་ཐ་མ་ཞེས་ཀུ་རེའི་ཚུལ་དུ་འབོད། དེའི་ཁར་ཁོ་ནི་ཨ་རིའི་རང་བཙན་དམག་འཁྲུག་བརྒྱུད་མྱོང་མཁན་མི་རབས་དེའི་སྲིད་འཛིན་ཐ་མ་ཡང་རེད། དཔའ་མཛངས་སོགས་གང་ཅིའི་ཆར་བཤད་རྒྱུ་མེད་པས། ཕྱིས་སུ་སྲིད་འཛིན་རྗེ་ཧྥོ་སན་གྱི་མངག་གཞུག་ལྟར་ཧྥ་སྡོད་བཀའ་བློན་ཁུར། དེའི་རྗེས་མཱེ་ཏི་སན་སྲིད་འཛིན་གྱི་ཕྱི་འབྲེལ་བློན་ཆེན་ཁུར། དེའི་རྟིང་སྲིད་འཛིན་དུ་འདེམས་བསྐོ་བྱས། དེའི་རིང་ཁོས་བཞག་པའི་ལག་རྗེས་ཆེ་ཤོས་ནི་ཕྱི་འབྲེལ་ཡིན་པར་བཤད། 

དེ་ཙམ་ལ། མཚོ་དམག་སྟོབས་སུ་དར་བའི་དབྱིན་ཇིས་ཀྱང་ཡོ་རོབ་རྒྱལ་ཁབ་ཁག་གིས་ཡང་བསྐྱར་མེ་གླིང་ལྷོ་མ་ཧམ་འཛིན་བྱེད་པར་རྒོལ། མ་ཟད། ཨ་རིས་ཀྱང་དེ་ལ་ཐེ་ཇུས་མ་བྱས་ན་ཡག་རབས་ཤོད། རྗེ་ཧྥོ་སན་དང་མཱེ་ཏི་སན་གཉིས་ཀས་མཱེན་ལཱོར་དེ་ལ་ཡིད་མོས་བྱས་ན་བཟང་ཞེས་སྐུལ། འོན་ཀྱང་མཱེན་ལཱོས་ཁོའི་ཕྱི་འབྲེལ་བློན་ཆེན་རྗོན・ཁོན་སེ・ཨ་ཊམ་སིའི(ཨ་རིའི་སྲིད་འཛིན་གཉིས་པ་རྗོན・ཨ་ཊམ་སིའི་བུ། མཱེན་ལཱོའི་འཕྲོ་ཡི་སྲིད་འཛིན)ཇུས་ཕུལ་ལ་གསན། ཁོས་བློ་གཏོད་སའི་ཕྱི་འབྲེལ་བློན་ཆེན་དེས“མཱེན་ལཱོ་རིང་ལུགས”རྩོམ་འབྲི་གནང་། དེའི་དམིགས་ཡུལ་ནི། སྐབས་དེ་ཙམ་ལ་ཡོ་རོབ་ཀྱི་མཁྲེགས་འཛིན་སྲིད་གཞུང་འགའ་རེས་སི་ཕེན་ལ་རོམས་རམ་བྱ་རྒྱུ་ཁ་ལ་ཁྱེར་ཏེ། རང་བཙན་གསལ་བསྒྲགས་བྱས་ཟིན་པའི་མེ་གླིང་ལྷོ་མའི་སྤྱི་མཐུན་རྒྱལ་ཁབ་ཁག །སླར་ཡང་མི་སེར་སྤེལ་ཡུལ་དུ་འཕབ་འཆར་བཟོ་བས། གཅིག་ཐང་ན་ཨ་རིའི་ཁེ་གཙང་བདག་དབང་ལ་ཡང་རྨ་བཟོ་ཉེན་ཡོད་པས་རེད། རྒྱུ་མཚན་གཞན་ཞིག་ནི། ཨ་རི་རང་གིས་མ་འོངས་པར་ལྷོ་ཕྱོགས་སུ་མངའ་ཁོངས་བསྐྱེད་པའི་ཁོག་རྩིས་གུག་པོ་བརྒྱབ་པས་ཀྱང་རེད། གང་ལྟར་སྲིད་འཛིན་མཱེན་ལོས། “་་་མེ་གླིང་ནི་མེ་གླིང་པ་ཁོ་ནར་གཏོགས་་་མེ་གླིང་སྐམ་ས་ཆེན་པོ་འདི། དེའི་བདག་པོ་ཚོས་ད་ལྟ་ལག་བསྟར་བྱེད་ཅིང་བླང་བྱར་འཛིན་པའི་རང་དབང་དང་་་མཐུན་རྐྱེན་ཇི་ལྟར་གཞག་རྒྱུ་ལས། དེ་རིང་ཕྱིན། ཡོ་རོབ་ཀྱི་རྒྱལ་ཁབ་སུས་ཀྱང་སོ་སོའི་མ་འོངས་པའི་མི་སེར་སྤེལ་ཡུལ་དུ་གཟུང་ས་མེད”ཅེས། ཨ་རིའི་བདག་དབང་སྲ་བརྟན་དང་། ཞོར་དུ། ལཱ་ཏིན་མེ་གླིང་གི་མི་རིགས་རང་བཙན་ལ་དྲང་ཕྱོགས་ཀྱི་ཤན་སྟོབས་བླ་ལྷག་ཐེབས་མྱོང་ཡོད་པའི《མཱེན་ལཱོ་བསྒྲགས་གཏམ》སྤེལ། དེར་བལྟས་ཡོང་ན། སྲིད་འཛིན་མཱེ་ཏི་སན་གྱིས། “ང་ཚོས་མཱེན་ལཱོའི་དཔྱོད་ཤེས་ཀྱི་སྟོབས་ལ་སྣང་ཆུང་བྱེད་ཐལ་ཡོད། དོན་དུ་ཁོའི་དབྱེ་ཞིབ་ཀྱི་ནུས་པ་ཤིན་ཏུ་ངར་་་”ཞེས་དང་། སྲིད་འཛིན་རྗེ་ཧྥོ་སན་གྱིས། “མཱེན་ལཱོ་ཧ་ཅང་གི་གཞུངས་དྲང་ཡིན། གལ་སྲིད་ཁྱོད་ཀྱིས་ཁོའི་སྙིང་བཏོན་ཏེ་བལྟས་པ་ཡིན་ན། དེ་ནི་ངེས་པར་དཀར་གཙང་དྲི་མེད་ཅིག་ཡིན་དུ་གཤའ”ཞེས་ཁོར་གདེང་འཇོག་བྱས་པ་རེ་རེ་བཞིན་ར་འཕྲོད་དེ་འདུག ༼མུ་འགོད།༽

ཡོང་ཁུངས། སྐྱིད་རྟག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།