སྙིང་ཉེ་བའི་མི།

དུག་རྒྱལ་བསོད་ནམས་ཆོས་དར།

ཚེ་སྲོག་གི་དར་རྒུད་ཡོད་ཚད་དུས་ཀྱི་དཔྱངས་ཐག་ལ་འཇུས་ནས་མཁའ་ལ་ཕྱོགས། ཐོབ་ཤོར་སྣ་ཚོགས་ཀྱི་ཆགས་སྡང་དག་ཡང་ཡང་སེམས་ནས་ཟློ་བཞིན། རང་ལ་དབང་ཆོག་ཆོག་གི་སྐད་ཆ་རྡོག་རྡོག་རེའང་གཞལ་མེད་ཀྱི་རིན་ཆེན་བཞིན་བསྐྱོར་ནས་ཡོད།

སྙིང་ཉེ་བའི་མི། ང་ལ་ཞེ་སྡང་གི་མིག་ཞགས་ཁོ་ན་ལས་ཅི་ཡང་མ་ཐོབ་པ་འདི་ཅི།

ལང་ཚོ་ཡི་ང་རྒྱལ་མཐའ་དག་ཨ་གསར་གྱི་ཆང་རག་དང་། རྔུབ་པར་བྲེལ་བའི་དུ་བ་རྐང་གཅིག་དང་མཉམ་དུ། ཡོད་ཚད་ཕུལ་ཡོད་ལ་ཅི་ཡང་ཐོབ་མེད་པའི་རྟོག་སྣང་གི་འཇིགས་སྐྲག་དག  ཁྱོད་ཀྱིས་ང་ལ་གནང་བའི་སེམས་ཁུར་ལྷག་མ་དེ་མིན་ན། ངས་རང་ལ་བཞག་པའི་གདུང་བ་ཆུང་ཆུང་ཞིག་ཡིན་ངེས།

སྙིང་ཉེ་བའི་མི། ང་ལ་ཁེར་རྐྱང་གི་དམར་ཆུང་འདི་ཁོ་ན་ལས་ཅི་ཡང་མ་ཐོབ་པ་འདི་ཅི།

སྙིང་ཉེ་བའི་མི། ཉི་འོད་ཀྱི་འོག་ན་འཛུམ་མདངས་ཀྱིས་ཕྱུག་པའི་ཁྱོད་ཀྱི་ཞལ་རས་ངས་ཡང་ཡང་དྲན་ཐུབ་ནའང་། ང་རང་གཅིག་པུ་ཡིན་པའི་ཁེར་རྐྱང་གི་མཚན་མོ་གྲངས་མེད་ལ། རང་དབང་གི་འཆར་ཡན་སྣ་ཚོགས་སྡུག་བསྔལ་གྱི་མེ་ལོང་ལ་བཏེགས་ན། ངས་རལ་གྲི་ཐོགས་པའི་གཤིན་རྗེ་ཞིག་མཐོང་ཐུབ། ངས་ཁྲག་གིས་བརླན་པའི་བཙོན་མ་ཞིག་ཀྱང་མཐོང་ཐུབ། སྐབས་མང་པོར་རང་གི་ལག་ཟུང་གིས་ཆེས་ཆེར་ལྡིང་བའི་སྙིང་ཁར་ཡང་ཡང་མནན་རུང་། ལྷོག་ལྷོག་གདུ་བའི་ཟུངས་ཁྲག་གི་རྒྱུ་བ་སྔར་ལས་ཇེ་མགྱོགས་ནས་ཇེ་མགྱོགས་ཡིན་པ་རང་གིས་གསལ་བོར་ཚོར།

དུས་ནམ་ཞིག་ནས་བཟུང་། སྡུག་ཡུས་འདོན་པ་ནི་ང་ཡི་གོམས་གཤིས་ཤིག་ལ་ཆགས་སོང་བ་འདྲ་བས། ད་ལྟ་ངས་སྡུག་བསྔལ་ཡོད་ཚད་རང་ཉིད་ཁོ་ནས་འདེགས་ཐུབ་དགོས་པ་གསལ་བོར་ཧ་གོ་ཡོད།

ཁྱོད་ཀྱི་ཆེད་དུ། ངས་ཁེར་རྐྱང་གི་སྡུག་བསྔལ་ཡང་ཡང་བཟོད་ཆོག  མིག་ཆུའི་ཕྲེང་ཐག་ཀྱང་ཟླ་འོད་དང་མཉམ་དུ་རང་གི་མགུལ་ལ་འཆིང་ཆོགསྙིང་ཉེ་བའི་མི། ད་ལྟ་ཁྱོད་ཀྱི་དཀའ་སྡུག་མཐའ་དག་ངའི་སེམས་ནས་མྱོང་ཐུབ། མི་ཚེ་འདི་ཅི་འདྲའི་རྟོགས་དཀའ་བ་ཞིག་ཨང་། ངས་རང་གི་ཚེ་སྲོག་གི་སྐྱེ་འཇིག་ལ་མནོ་བསམ་ཡང་ཡང་འཁོར་བཞིན་མདུན་དུ་སོང་ན། རླངས་པ་ཐུལ་ཐུལ་དུ་ཡོད་པའི་ཟས་རིགས་སྣ་ཚོགས།ཚེ་སྲོག་དང་རྣམ་ཤེས་གྲངས་མེད་ཀྱིས་གྲུབ་པའི་ཁྲག་གི་འཁོར་ལོ།

ངས་་་་། རང་ཉིད་སྟོན་པ་ཡེ་ཤུ་ཡིན་པར་བསྒྲག་དགོས་སམ།

གཉིད་ལོག་པའི་སྐབས་ཀྱི་འཚོ་བ་ཡོད་ཚད་རྨི་ལམ་དང་། གཉིད་སད་པའི་འཚོ་བ་ཡོད་ཚད་མངོན་སུམ་ཡིན་པ་དཔེ་རུ་ཡོད་ན། ངས་ཅིའི་ཕྱིར་དངོས་ཡོད་འདིའང་སྨྲ་མི་ཐུབ་པའི་རྨི་ལམ་ཞིག་དང་། འཆི་བ་ནི་རྨི་ལམ་གྱི་འདོགས་ཐག་བཙན་པོ་དེ་ལས་གྲོལ་བར་བསམ་མི་ཆོག  རྨི་ལམ་ནི་འུ་གཉིས་ཀྱི་བར་ཐག་འདི་དང་ཆེས་ཉེ་བའི་ཡིག་འབྲུ་དག་གི་ཁྲོད་ཀྱི་གཅིག་རེད་ལགས། སྙིང་ཉེ་བའི་མི། ཁྱེད་ཀྱིས་བསྲིངས་པའི་ལག་ཟུང་གིས། ངའི་དོན་ལྔ་སྣོད་དྲུག་དག་ཀྱང་ཡོངས་སུ་ཁྱེར་སོང་། ས་གཞི་ཡངས་པོ་འདི་ང་རང་འཆི་སའི་གདན་ཡིན། དགོང་སྔོན་ནམ་མཁའ་འདི་ང་རང་གསོན་པའི་གོས་ཡིན།ཆེས་མཐའ་མཇུག་ཏུ་ང་ལ་དབང་བ་ནི་འདི་ཁོ་ན་ཙམ། ངས་ཞེ་སྡང་གི་མེ་ལྕེ་ཁྱོད་ལ་ཕྱོགས་དགོས་པའི་རྒྱུ་མཚན་གསལ་བོ་དེ་མ་རྙེད་ནའང་། ང་རང་ཁྱོད་ལ་ཆེས་ཆེར་བཅར་བར་ཧ་ཅང་སྐྲགངས་རང་ཉིད་ལ་ཤ་ཚ་དྲགས་པས་རེད་དམ། ངས་དྲོད་ཁོལ་གྱི་སྙིང་ཤ་ཁྱོད་ལ་གླན་དགོས་པའི་རྒྱུ་མཚན་གསལ་བོ་དེ་མ་རྙེད་ནའང་། ང་རང་ཁྱོད་དང་བྲལ་བའི་འཇིགས་དངངས་ཧ་ཅང་ཆེ། ངའི་ཁེར་རྐྱང་གི་རྨ་ཁ་ཟབ་དྲགས་པས་རེད་དམ།

ལྗིད་ཚད་བྲལ་བའི་ཡི་གེའི་འབྲུ་མ་དག་གིས་ང་རང་ཡང་ཡང་མནན་པས་ང་རང་ཐང་ཆད་པ་འདྲ། སྙན་འཇེབས་བྲལ་བའི་འཚོ་བའི་དབྱངས་རྟ་མང་པོ་མཉམ་དུ་གྲགས་པས་ངའི་ཚོར་ཤེས་ལ་འགྱུར་ཁུག་བྱུང་བ་འདྲ། དྲོད་ཁོལ་བྲལ་བའི་སྙིང་གཏམ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་བས་ངའི་རྣ་ལམ་ཡོངས་སུ་བཀང་སོང་བ་འདྲ། བརྩེ་སེམས་བྲལ་བའི་འཛུམ་མདངས་སྣ་ཚོགས་ཨུ་ཚུགས་ཀྱིས་མིག་ལ་བསྟར་བས། ངའི་ཡ་ཁོག་ལ་སྙིང་རྗེ་ཡི་ས་བོན་བྱུང་བ་འདྲ། གང་ལྟར་ང་རང་སྨྲ་བ་མེད་ལ་ཐོས་པ་མེད་པ། མཐོང་བ་མེད་ལ་དྲན་པའང་མེད་པ་ཞིག་ཡིན་ན་བསམ་ལ་དེའང་མིན་ན་སྙམ། ཁྱེད་རང་འགྲོ་ཁར་བདེ་མོ་མེད་དོན་ཅི། ཁྱེད་རང་སོང་རྗེས་ཕྱིར་མིག་མང་དོན་དེའང་ཅི། རེ་འཇགས་རེ་འཕར་གྱི་ངའི་སྙིང་རླུང་གི་རྒྱུ་ཕྱོགས། དོན་སྙིང་དབེན་ལ་མནར་གཅོད་མང་དོན་དེའང་གང་གིས་ལན་ནམ། སོ་ཁ་མེད་པའི་རལ་གྲིས་ད་གཟོད་ང་རང་ཚལ་བར་གཤགས་སོང་། ཁྱེད་ཀྱིས་ཐ་ན་ངའི་རྨི་ལམ་ཐུན་གཅིག་ལའང་ཀུ་ཡངས་མེད་པར་ཡང་ཡང་སིམ་འཛུལ་བྱས་ན།མདུན་ཕྱོགས་ན་རླུང་འཚུབ་ཀྱིས་འདེད་བཞིན་པའི་སྤྲིན་པ་དེས་ཀྱང་ཅི་ཞིག་གི་གསང་བ་བརྟོལ་སོང་བ་རེད་དམ། ང་ལ་ཉེས་པ་ཆེན་པོ་ཞིག་ཡོད་པ་ནི་ང་ལ་ཉེས་པ་ཅི་ཡང་མེད་པ་དེའོ།།

ཁྱེད་ཀྱིས་ང་ལ་ཁྱེད་རང་བྱམས་སེམས་ཀྱིས་ཕྱུག་པར་མ་གསུང་རོགས། ཁྱེད་ཀྱིས་ང་ལ་ཁྱེད་རང་སྡུག་བསྔལ་དང་ལྡན་རབས་མ་ལབ་རོགས། མནར་གཅོད་གྲངས་མེད་ཀྱི་རྗེས་སུ་བསྲིངས་བའི་བཤུལ་ལམ་རིང་མོ་དེས་ཡོད་ཚད་བདེན་དཔང་བྱས་ཡོད། གལ་ཏེ་དངོས་ཡོད་དེ་བདེན་པ་ཡིན་ན། གལ་ཏེ་འཚོ་བ་འདི་བསླུ་བྲིད་ཡིན་ན། གལ་ཏེ་མི་ཚེ་འདི་མཛེས་སྡུག་ཡིན་ན། ངས་མུན་པའི་སྦུབས་སུ་གནས་པའི་འོད་སྣང་དེ་གང་འདྲ་ཞིག་ཡིན་པ་གསལ་བོར་རྟོགས་ནུས། ངས་ལྕག་ཚན་དང་མེ་མདས་མ་ནོན་པའི་བདེ་སྐྱིད་དེ་གང་འདྲ་ཞིག་ཡིན་པ་གསལ་བོ་ཤེས་ཐུབ་།

སོད་སོད་རྒྱོབ་རྒྱོབ་ཀྱི་ཀི་སྒྲས་གནམ་ས་འགེངས་བའི་འཇིག་རྟེན་ན། ཁྱེད་རང་ང་ཡི་གཤེད་མ་ཡིན་པ་ངས་གསལ་བོར་ཤེས་མོད། ངའི་དུས་གསུམ་གྱི་སྐྱིད་སྡུག་ཡོད་ཚད་ཁྱེད་ལ་ཕུལ་འདོད་ཡོད།

སྙིང་ཉེ་བའི་མི། ཞེ་སྡང་དང་འཁོན་སེམས་ཡོད་ཚད། གཡོ་སྒྱུ་དང་སྨྲེ་ངག་ཡོད་ཚད། རོལ་དབྱངས་གཅིག་གིས་ཞི་ན་ཆོག་གམ། མཐོང་ཐོས་དྲན་རེག་དང་བྲལ་བའི་བདག་གི་སྙིང་ཉེ་བའི་མི་ཨང་། དཀར་སེར་དམར་ལྗང་གིས་བཀླུབས་པའི་རྣམ་ཤེས་གཉོམ་པོ་དེ་ཨང་།

ཕྱི་ལོ་༢༠༡༥ཕྱི་ཟླ་༡༢ཚེས་༣༠ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།