སྡེ་དགེའི་རྣོ་ངར།
རྡོག་རྒྱབ་ཆོ་འཕྲུལ་གྱིས་དེད་པའི་ཞེ་སྨུག་ལོང་ལོང་།།
ནམ་མཁའ་སྔོན་མཐིང་གི་ངོས་སུ་རིན་པས་འཐིབ་ན།།
ཚོར་བའི་མདུན་རྒྱབ་ཏུ་ལུས་པའི་ཁྲོན་པ་བདག་མེད།།
མིག་གི་སྲད་བུ་ཡི་དཀྱིལ་ན་དར་ཁ་ཆགས་པ།།
རྗེས་སྙེགས་ཤུལ་ལུས་ཀྱི་གོམ་ཁ་མུ་མུར་སྤོས་ཏེ།།
སྤྲིན་པ་རང་ཡན་གྱི་འདབས་སུ་ལན་མང་རྒྱུ་དུས།།
སྨིག་རྒྱུའི་ཚ་ཚ་ཡིས་བཀླུབས་པའི་ལམ་ཐེན་རིང་མོ།།
འབྱམས་ཀླས་སྨུག་ཆེན་གྱི་ཟོམ་དུ་འཐེན་པར་འདྲ་འོ།།
ལྗོན་པའི་གྲིབ་བསིལ་གྱི་དབལ་ཁ་ལྟག་རྒྱབ་ཡིབས་ཏེ།།
ལས་ཆད་ཚེ་གཉེར་དུ་དོད་པའི་ལོ་ཟླའི་རླུང་ཆེན།།
ད་ལྟའི་སྒང་གཞུང་ལ་ལྡོང་བར་ཞེད་སྣང་སྐྱེས་ཚེ།།
རི་རབ་ཁུར་འདེགས་ཀྱི་ཟོལ་ལས་ཅི་ཡང་མི་དཔེ།།
ཡིད་ཀྱི་འཆར་སྒོ་ནས་ཐོན་པའི་རེ་བ་མཇུག་ཐུང་།།
རྟོག་བཏགས་འདུ་ལོང་གི་སྲང་ན་ལྡེམ་མེར་འཁྱུག་དུས།།
ཚེ་འདིའི་དཀར་ངོགས་སུ་འཕྲོ་བའི་སྣང་བ་ཡང་མོ།།
ཕྱོགས་དང་གྲོང་ཡུལ་གྱི་གམ་དུ་སིལ་བུར་འཐོར་འགྲོ།།
སྨྱོ་ཧམ་རྫུན་ཤུན་གྱིས་གཡོག་པའི་རྨི་ལམ་སྐྱ་བོ།།
ཁ་ཆར་སྨུག་ཕུང་གི་སྲུབ་ནས་ལམ་ལམ་འཚེར་ཞིང་།།
མཚན་མོའི་གཞོབ་དྲི་ལ་སྣོན་པའི་སྐར་མའི་རྡུལ་ཕྲན།།
ང་ཡི་མདུན་ཐང་དུ་ལྷུང་ན་བློ་ཐག་ཆད་ཨང་།།
ཕྱི་ལོ་༢༡༠༧ཕྱི་ཟླ་༦ཚེས་༡༤ཉིན།