དུ་བ། གསེར་རྟ།
དབུས་དང་ལྷ་ས་ཟེར་བའི་སྨོན་ལམ་དེའི།།
ཁྱོད་ཀྱི་མགུར་ལ་གཙང་པོ་མདུད་དགོས་བྱུང་།།
གཙང་པོའི་ངོགས་ཀྱི་ཁ་བའི་རྒྱལ་ཁབ་ནི།།
རྨི་ལམ་དུ་མའི་སྣོལ་མཚམས་དང་པོ་སྟེ།།
མི་རབས་ཤིག་གི་སྙིང་མགོ་རིལ་རིལ་དང་།།
དེ་ཚོའི་ཁོག་པའི་སྐྱོ་གདུང་ལོག་ལོག་རེད།།
སྐབས་དེར་ཁྱོད་ནི་མཆིན་པའི་ལྕགས་སྒོ་ཡིན།།
རྨི་ལམ་དཀྲོགས་པའི་ལེ་འུ་དང་པོ་ཡིན།།
ཧི་མ་ལ་ཡི་ཕ་རོལ་ཚུ་རོལ་ནི།།
ཤི་གསོན་གཉིས་ཀྱི་འགག་འཕྲེང་དོག་མོ་སྟེ།།
ལྕགས་ནག་སེར་བའི་མི་རྟ་བྱེ་བ་ཡིས།།
རྨུག་པའི་རྡུལ་མང་སྤྲུགས་པའི་རྒྱལ་ཁབ་ནི།།
མེ་ལོང་ཞིག་གི་སྐྱེ་བ་གོང་མ་རེད།།
དེ་དུས་ཤོར་བའི་མི་རྒོད་སྟོབས་པོ་ཆེ།།
གདོང་ལ་ཞི་བའི་འོད་ཆུང་བྲུག་པ་དེ།།
བྱེ་མའི་ལོ་མགོའི་ཚུར་ལ་ལྟ་གིན་གདའ།།
ཡུལ་དེའི་ལུང་པ་སྨུག་ནང་རི་སྡེ་རེད།།
ཡུལ་དེའི་སྨུག་པ་བྱ་ལམ་གཅོད་མཁན་རེད།།
བྱ་ལམ་བསྐོར་བའི་བདག་གི་དྲང་སྲོང་ལགས།།
ས་མཐའ་གང་ལ་ཆས་པའི་མགྲོན་པོ་རེད།།
ས་མཐའ་དེ་ནི་གངས་རིའི་ཕར་རྒྱབ་འདྲ།།
ས་མཐའ་དེ་ནི་སྐྱེ་བ་གོང་མ་འདྲ།།
སྐྱེ་བ་གོང་མའི་རྣ་ལོང་གོར་གོར་ལ།།
མིག་ཆུའི་ཐིགས་པ་གཅིག་གིས་མདུད་པ་འདྲ།།
ཕོ་བྲང་ཞིག་པོ་ཞིག་གི་གྱང་ཧྲག་དང་།།
དེ་ཡི་སྤེན་པད་ཐོག་གི་རྨི་ལམ་དང་།།
དེ་ཡི་འཕྲུལ་ལ་དཔྱངས་པའི་ན་བུན་བཅས།།
ཉིད་ཀྱི་ལོ་ཟླའི་གྲིབ་ཆེན་འགུག་མགོ་བརྩམས།།
ཉིད་ཀྱི་གདོང་ལས་མིག་ཆུ་བསིལ་མགོ་བརྩམས།།
སྐབས་ཐོག་དེ་ནི་རྒྱ་ཕིབས་སེར་པོ་ལ།།
ཉི་འོད་རྟ་རྔ་ཆད་པའི་མཚན་མོ་རེད།།
ཟླ་འོད་རྣ་ཆ་ལྷུང་བའི་གནམ་གང་རེད།།
དུས་ཚོད་གཅིག་གི་ཐག་སྣེ་ཟད་པའམ།།
གཅིག་གི་སྐུད་སྣེ་མེ་ལ་ཤོར་བས་སམ།།
ལོ་རབས་འདི་ཡི་གནམ་སའི་ཐག་རྡིང་ནི།།
འཆི་བའི་སྐེ་སོ་འཕངས་པའི་ནུབ་མོ་བཞིན།།
ལམ་དང་ས་ཚུགས་རེ་རེའི་ལྟེ་བ་རུ།།
ངོ་གདོང་ནག་པའི་མི་ཚོགས་སྤྲིན་བཞིན་འཁྲུགས།།
དེ་དུས་སྐྱ་རེངས་ཟེར་བ་སུ་ཡིས་ཤེས།།
དགོས་སུ་སྐུ་ཞབས་ཁྱེད་རང་སུ་ལ་གསལ།།
༢༠༡༦ལོའི་ཟླ་༡༢པའི་ཚེས་༢༠ལ།