ཕྱི་གླིང་མཁས་པའི་ཚན་རིག་ལག་ལེན་ཡིན།

ཕྱི་གླིང་མཁས་པའི་ཚན་རིག་ལག་ལེན་ཡིན། །

གཡུལ་དུ་ཟ་བའི་གྲུབ་འབྲས་མངོན་གསལ་ཡིན། །

གནམ་གྲུ་འཕུར་མདའ་མཁའ་ལ་ཐོགས་པ་མེད། །
འཁོར་སྐར་ཆེ་ཆུང་མང་བོའི་སྡོང་གྲོགས་མྱུར། །

ཆུར་འཛུལ་དམག་གྲུས་རྒྱ་མཚོའི་གསང་བ་རྟོགས། །

རླངས་འཁོར་ཐོག་ཁང་གློག་གི་འཇའ་འོད་བསྐྱིལ། །

བརྡ་སྐད་འཕྲིན་ལས་དུས་སུ་ཡོལ་བ་མེད། །

བརྙན་གཟུགས་མཁྱེན་པའི་འཛམ་གླིང་ལག་མཐིལ་ཡིན། ། དེ་ནི་དངོས་ཡོད་མིག་གི་དགའ་སྟོན་ཡིན། །

འདི་ནི་མི་ཡི་ཞིང་གི་བདེ་སྐྱིད་ཡིན། །

ཡིད་ལ་སྨོན་པ་མཐའ་དག་ཕལ་ཆེར་འགྲུབ། །

བོད་ཀྱི་ཚན་རིག་དཔེ་ཆའི་ནང་ན་ཡོད། །

བདེ་ཆེན་ཞིང་གི་འདོད་པའི་ལོངས་སྤྱོད་ཡོད། །

ན་རཀ་དམྱལ་བའི་མི་བཟད་སྡུག་བསྔལ་ཡོད། །

མཁའ་ལ་བྱ་ལྟར་འཕུར་བའི་སྤྲུལ་རྒྱུ་ཡོད། །

ཆུ་ལ་ཉ་ལྟར་འཛུལ་བའི་མན་ངག་ཡོད། །

རི་བྲག་ཟང་ཐལ་བྱེད་པའི་གདམས་པ་ཡོད། །

ཕྲ་རྡུལ་ཆ་ཤས་འབྱེད་པའི་རིག་པ་ཡོད། །

སྲོག་འཛིན་ཐུར་སེལ་རླུང་གིས་འགད་རྫས་ཡོད། །

རྣམ་ཤེས་སྙིང་གི་གུར་ཁྱིམ་ནང་ན་ཡོད། །

ཡོད་ཡོད་འདི་དག་ཡོད་ཚུལ་བཤད་ཙམ་ལས། །

ད་རུང་སུས་ཀྱང་བདེན་དཔང་སྟོན་ཐུབ་མེད། །

འདི་ཡི་མིང་ལ་སེམས་ཀྱི་ཞི་བདེར་འབོད། །

ལ་ལས་འདི་ལ་སྟོང་བསམ་རང་ལུགས་ཟེར། །

ང་ཡིས་འདི་ལ་ཁ་བཤད་རིག་པར་བཏགས། །

གང་ལྟར་དངོས་མེད་སྟོང་བའི་རང་སྒྲ་ལས། །

དངོས་ཡོད་ཉམས་ལེན་མེད་པ་ལག་པའི་མཐིལ། །

ཏོག:ཚས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།