བོད་རབ་གནས་ཤིང་འབྲུག་ལོའི་བོད་ཟླ་༡༢་པ་རྒྱལ་ཟླའི་ཚེས་༡༡་སྟེ། ཕྱི་ལོ་༢༠༢༥་ལོའི་ཕྱི་ཟླ་༢་ཚེས་༨་ཉིན་གྱི་དགོང་དྲོའི་ཆུ་ཚོད་༥་དང་སྐར་མ་༤༥་ཙམ་ལ་༸སྐུའི་གཅེན་པོ་སྐུ་ངོ་ས་དབང་ཆེན་མོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད།
ཕྱི་ལོ་༡༩༥༩་ལོར་རྒྱ་དམར་བཙན་འཛུལ་སྲིད་གཞུང་གིས་བོད་ནང་ལ་བཙན་འཛུལ་དང་བཙན་གནོན་ཤུགས་ཆེན་བྱས་པར་བརྟེན། མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་བཙན་བྱོལ་དུ་ཕེབས་སྐབས་སྐུ་ངོ་ས་དབང་ཆེན་མོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་གིས་རྒྱ་གར་སྲིད་བློན་ནེ་རུ་ལ་བཀའ་མོལ་ཞུས་ཏེ། ༸གོང་ས་མཆོག་དང་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་འཕགས་ཡུལ་དུ་གདན་འདྲེན་ཞུས་པར་མ་ཟད། བོད་གཞུང་མང་ལ་ཞབས་འདེགས་བླ་ན་མེད་པ་བསྒྲུབས་གནང་མཛད།
སྲིད་དབང་སྒེར་གཅོད་པ་རྒྱ་དཔོན་མའོ་ཙེ་ཏུང་ཤི་རྗེས་༸གོང་ས་ཆེན་པོའི་སྐུ་ཚབ་གནང་ནས་ཁོང་རྒྱ་ནག་ཏུ་ཆེད་ཕེབས་ཀྱིས་སྐབས་དེའི་རྒྱ་ནག་གཙོ་འཛིན་ཏིན་ཤོ་པེན་སོགས་ཆེས་མཐོའི་དཔོན་རིགས་གང་མང་ལ་མཇལ་འཕྲད་ཀྱིས་བོད་ཕྱི་ནང་བར་ཕར་འགྲོ་ཚུར་འོང་གི་ལམ་ཆེན་ཕྱེས་པ་སོགས་བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་འབད་བརྩོན་ཆེས་ཆེར་གནང་ནས་རླབས་ཆེན་གྱི་མཛད་འཕྲིན་གང་མང་བསྐྱངས་ཡོད།

དེ་སྔོན་ལོ་མང་རིང་ཐེ་ཝན་བོད་སོག་ལས་ཁུངས་ཟེར་བ་དེས་བོད་བཙན་བྱོལ་སྤྱི་ཚོགས་ནང་གི་བླ་དཔོན་འདྲ་མིན་དངུལ་དངོས་ཀྱིས་བསླུ་བྲིད་བྱས་ཏེ། སྤྱི་ཚོགས་ནང་དཀའ་རྙོག་ཚད་མེད་པ་བཟོས་དང་བཟོ་བཞིན་པ་དེ་ལྟར་ཡང་། ཕྱི་ལོ་དགུ་བཅུ་གོ་གྲངས་ནང་སྐུ་ངོ་ས་དབང་ཆེན་མོ་མཆོག་ཐེ་ཝན་དུ་ཆེད་ཕེབས་ཀྱིས་སྐབས་དེའི་ཐེ་ཝན་སྲིད་འཛིན་ལིས་ཐང་སྤེས་སོགས་དངོས་མཇལ་ཞུས་མཐར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ཐེ་ཝན་རྒྱལ་ཁབ་ཏུ་གདན་ཞུས་ཀྱིས་ཐེ་ཝན་བོད་སོག་ལས་ཁུངས་ཟེར་བ་དེ་ནུས་མེད་བཟོས་པར་མ་ཟད། ཐེ་ཝན་རྒྱལ་ཁབ་ནང་གི་སྐོམ་པ་ཆུ་འདོད་ལྟ་བུའི་དད་ལྡན་མི་མང་འབུམ་ཕྲག་མང་པོས་༸གོང་ས་མཆོག་གི་གསེར་ཞལ་དངོས་མཇལ་གྱིས་ཟབ་རྒྱས་མདོ་སྔགས་དམ་ཆོས་བདུད་རྩིའི་དཔལ་ལ་ཅི་དགར་ལོངས་སྤྱད་རྒྱུ་བྱུང་བ་དང་། དེའི་རྗེས་ནས་བོད་དང་ཐེ་ཝན་བར་གྱི་འབྲེལ་ལམ་ཡར་རྒྱས་གོང་འཕེལ་དུ་བྱུང་དང་འབྱུང་བཞིན་པ་སོགས་བོད་བསྟན་སྲིད་མི་རིགས་ཆེད་སྐུ་ཚེ་གང་ལ་མཛད་རྗེས་རླབས་པོ་ཆེ་གང་མང་བཞག་གནང་སྟེ། ད་ལྟ་སྐུ་ངོ་ས་དབང་ཆེན་མོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་དགུང་ལོ་༩༧་ལ་ཕེབས་ཟིན་ཀྱང་། ཁོང་ད་ལྟ་དགོང་ལོ་བཀྲེས་པ་ཙམ་མ་གཏོགས། ཁོང་ལ་དམིགས་བསལ་བསྙུན་གཞིའི་རིགས་གང་ཡང་མེད་པར། སྐུ་ཁམས་བདེ་ཐང་ངང་བཞུགས་བཞིན་པར་མ་ཟད། ཁོང་གི་སྐུ་མདུན་ལ་བཅར་བའི་རང་རིགས་སྤྱི་དང་། ལྷག་ཏུ་ན་གཞོན་རྣམས་ལ་རྟག་ཏུ་ཁོང་གིས་བོད་སྤྱི་བའི་རྩ་དོན་ལ་སེམས་ཤུགས་ཡོད་དགོས་རབས་དང་། བོད་གངས་ཅན་སྤྱིའི་གནའ་ནས་ད་བར་གྱི་དངོས་ཡོད་ལོ་རྒྱུས་དང་། འཛམ་གླིང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་བཅས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་ང་ཚོས་སློབ་སྦྱོང་བྱེད་དགོས་སྐོར་དང་། བོད་ལ་རང་དབང་མ་ཐོབ་བར་དུ་བོད་སྤྱི་བའི་རྩ་དོན་ཆེད་བོད་པ་ཚོས་མི་རབས་ནས་མི་རབས་བརྒྱུད་འཐབ་རྩོད་གནང་སྟེ། མི་ཐོག་སོ་སོས་འགན་འཁྱེར་དགོས་སྐོར་སོགས་འཕྲལ་ཕུགས་རྒྱང་གསུམ་དུ་བོད་མི་རིགས་ལ་སྨན་པའི་རླབས་ཆེན་བཀའ་སློབ་ལམ་སྟོན་གང་མང་གནང་བཞིན་ཡོད་པ་རེད།

འོན་ཀྱང་ཐེངས་འདིར་སྐུ་ངོ་ས་དབང་ཆེན་མོ་ལྷ་སྲས་རྒྱ་ལོ་དོན་གྲུབ་མཆོག་སྐུ་གཤེགས་པ་འདི་ནི་ང་ཚོ་བོད་མི་རིགས་སྤྱི་དང་། བོད་བསྟན་སྲིད་བཅས་སུ་གྱོང་གུད་ཆེན་པོ་ཞིག་ཡིན་ཡང་། ང་ཚོས་རྐྱེན་ངན་གྲོགས་སུ་བསྒྱུར་ཏེ། སྐུ་ངོ་ས་དབང་ཆེན་མོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་ཁོང་གི་རྒྱལ་ཞེན་ལྷག་བསམ་དང་སྤྱི་སེམས་རླབས་ཆེན་མཛད་རྗེས་སོགས་ལ་མིག་ལྟོས་ཀྱིས། བོད་དོན་འཐབ་རྩོད་མི་ཉམས་རྒྱུན་འཁྱོངས་བྱ་རྒྱུ་དང་ཆབས་ཅིག སྐུ་ངོ་ས་དབང་ཆེན་མོ་མཆོག་ཁོང་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ། སླར་ཡང་བོད་བསྟན་སྲིད་ཀྱི་སྲོག་གི་ཀ་བ་ལྟ་བུའི་སྐྱེས་ཆེན་དམ་པ་ཞིག་ཏུ་སྐྱེ་བ་བཞེས་ཏེ། རང་རེ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དུ་ཕེབས་གནང་ཡོང་བར་གསོལ་འདེབས་སྨོན་ལམ་ཤུགས་དྲག་ཞུ་ཞུ་ཞུ། ཞེས་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་དྲ་ཚིགས་རྩོམ་སྒྲིག་པས་ཕྱི་ལོ་༢༠༢༥་ལོའི་ཟླ་༢་ཚེས་༨་ཉིན་སྤེལ་བ་དགེའོ།། །།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་བའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་ནས། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །