ལྡོང་ཡོན་ཏན་རྒྱ་མཚོ།
དཀར་དམར་མེ་ཏོག་བཞད་སའི་གནས་མཆོག་དེར།།
ད་ལྟ་ད་རུང་ཁ་བ་འབབ་ལགས་སམ།།
རྩི་ཤིང་ནགས་ཚལ་ལྡེམ་པའི་ལུང་གཤོང་དེར།།
ད་ལྟ་ད་རུང་བུ་ཡུག་འཚུབ་ལགས་སམ།།
རྨ་ཀླུང་ལྷོད་ཀྱིས་འབབ་པའི་ཁུགས་སོ་དེར།།
ད་ལྟ་ད་རུང་ཐལ་རྡུལ་འཕྱུར་ལགས་སམ།།
འདབ་ཆགས་གྲེ་འགྱུར་སྙན་སའི་གླིང་ག་དེར།།
ད་ལྟ་ད་རུང་འུག་སྐད་སྒྲོག་ལགས་སམ།།
ཤེས་རིག་དགའ་སྟོན་དར་བའི་ཁོར་ཡུག་དེར།།
ད་ལྟ་ད་རུང་བཀའ་ཆད་འབེབ་ལགས་སམ།།
ཡང་དག་གཟུངས་གཞུག་འཇོག་སའི་དཀྱིལ་འཁོར་དེར།།
ད་ལྟ་ད་རུང་སྒོ་ཟ་བརྒྱབ་ལགས་སམ།།
མི་ལོ་སུམ་ཅུའི་གཏམ་རྒྱུད་གངས་ལ་བྲིས།།
བྲིས་པའི་རི་མོས་གླིང་བདུན་ཡོམ་ཡོམ་བསྒུལ།།
མི་འགྱུར་བྲག་ལ་དཔར་བའི་ཞབས་རྗེས་འབུམ།།
མི་ལོ་བརྒྱ་སྟོང་འགོར་ཀྱང་གླེང་བར་ངེས།།
སོས་སྤྲིན་འཕྱུར་ཞིང་དྲོད་རླུང་ལྡིང་བའི་དུས།།
ཁུ་བྱུག་གླུ་ལེན་ཡུལ་ལུང་ལྗང་བའི་དུས།།
གསེར་གྱི་སྒོ་བྱང་བཀལ་བའི་དགའ་ཚལ་ཞིག།
ལྷ་ཡིས་སྤྲུལ་ལམ་མི་ཡིས་བསྐྲུན་ཡང་སྲིད།།
༢༠༢༥-༡-༢༤