སྟོད་ཀྱི་དིང་རི་བ།

དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན།
མཁྱེན་པ་མཐའ་བྲལ་ཀུན་གསལ་ཡངས་པོ་ལས།།
བརྩེ་ཆེན་ཉི་མ་འབར་བའི་གཟི་བྱིན་གྱིས།།
ནུས་པའི་ཤུགས་དང་འོད་ཀྱི་མདངས་སྐྱེད་ལ།།
དཀའ་སྡུག་མུན་པ་སོལ་ཅིག་རྩ་གསུམ་ལྷ།།

དགྲ་ཡིས་གཉའ་བ་མནན་པའི་ཟིལ་ཤུགས་དང་།།
དགུན་གྱི་གྲང་ངར་འཐིབས་པའི་གཞིས་ཀ་དེར།།
རང་བྱུང་འབྱུང་བའི་གོད་ཆགས་རྩུབ་མོ་དེ།།
སྐྲང་གི་ཐོག་ལ་ཁུ་ཚུར་བསྣུན་པའི་དཔེ།།

ཐོས་པའི་གཏམ་དེས་མགོ་བོ་ན་རུ་བཅུག །
མཐོང་བའི་བརྙན་དེས་སེམས་པ་འཁྱག་ཏུ་བཅུག །
མི་ནོར་ཟས་གསུམ་བརླགས་པའི་གོད་ཆགས་ལ།།
གདུང་སེམས་མཉམ་སྐྱེད་ཡོད་དོ་དིང་རི་བ།།

མི་རོའི་སྤམ་ཁ་མཐོང་ན་ཡིད་རེ་ཕངས།།
རྨས་མའི་ངང་ཚུལ་མཐོང་ན་སྙིང་རེ་རྗེ།།
ཤུལ་མིའི་ངུ་སྐད་ཐོས་ན་ཤ་རེ་ཚ།།
དངོས་གནས་བློ་ཕམ་བྱུང་ངོ་དིང་རི་བ།།

ཤ་དང་རུས་པའི་འབྲེལ་བའི་སྤུན་མཆེད་ཡིན།།
ལྷ་དང་བླ་མ་གཅིག་པའི་ཆོས་གྲོགས་ཡིན།།
ལས་སྨོན་གཅིག་གིས་བསྡུས་པའི་མི་རིགས་ཡིན།།
ཁྱེད་དང་མཉམ་དུ་ཡོད་དོ་དིང་རི་བ།།

སྐྱིད་ན་བྲོ་གར་འཁྲབ་སའི་སྡིངས་ཆ་གཅིག །
སྡུག་ན་མིག་ཆུ་བཞུར་སའི་ཡུར་བ་གཅིག །
སྐྱིད་སྡུག་མཉམ་མྱོང་མཚོན་པའི་སྨེང་ཚིག་འདི།།
ལྷོ་མཐའི་སྤྲིན་ལ་བསྐུར་ཡོད་དིང་རི་བ།།

བྱེས་དང་གཞིས་ཀྱི་ས་ཐག་རིང་ན་ཡང་།།
སེམས་དང་སེམས་པའི་བར་ཐག་ཆད་མྱོང་མེད།།
ལྷོ་སྤྲིན་བྱང་ལ་བཞུད་པའི་ལམ་བར་ནས།།
འཕྲིན་དེ་འབྱོར་བ་ཨེ་བྱུང་དིང་རི་བ།།

རྐྱེན་ངན་ཤར་ཚེ་འཁུར་བ་ཤིན་ཏུ་དཀའ།།
ལས་འབྲས་བསླུ་མེད་སྒོམ་པ་དེ་བས་དཀའ།།
ཡིན་ཡང་དམ་པའི་དིང་རི་བརྒྱ་རྩའི་དོན།།
ལེན་ལ་ཤུགས་སྣོན་གྱིས་ཤོག་དིང་རི་བ།།

ཆོས་བྱེད་གྲྭ་བས་སྨོན་པའི་མཚམས་སྦྱོར་ཟབ།།
ཆོལ་གསུམ་སྤུན་ཟླས་གདུང་སེམས་མཉམ་སྐྱེད་བཟང་།།
དངུལ་དངོས་སྐྱེལ་འདྲེན་སྟོང་གི་རོགས་འདེགས་མཚར།།
སྤོབས་པ་གཏིང་ནས་སྐྱེད་ཤོག་དིང་རི་བ།།

ཁ་སང་ཁྱོད་དང་འཕྲད་པའི་རྐྱེན་ངན་དེ།།
དེ་རིང་ཁྱོད་ལ་བསྐུལ་མའི་གྲོགས་དན་ཡིན།།
རིགས་གཅིག་སྤུན་གྱིས་གནང་བའི་ཚེ་ནོམ་དེ།།
མ་བརྗེད་སེམས་ལ་ཞོགས་ཤོག་དིང་རི་བ།།

བོད་གཞིས་རྩེ་དིང་རི་ས་ཁུལ་དུ་ས་ཡོམ་གྱི་གོད་ཆགས་བྱུང་བར་གདུང་སེམས་མཉམ་སྐྱེད་མཚོན་སླད་༼ སྟོད་ཀྱི་དིང་རི་བ་༽ ཞེས་པའི་རྩོམ་ཐུང་འདི་ཕྱི་ལོ་༢༠༢༥ཕྱི་ཟླ་༠༡ཚེས་༠༨ཉིན་ཧིན་དྷུའི་རྒྱ་མཚོའི་ཉེ་འགྲམ་ནས་ཕུལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།