མི་ལ་ཙི་ཙི།
ཉིན་དང་པོ།ཟླ་ཚེས། 2015ལོའི་ཟླ4པའི་ཚེས་པ2ཟི་ལིང་ནས་གཅན་ཚ་མར་ཁུ་ཐང་། ལམ་ཐག་སྤྱི་ལེ131བགྲོད་ལམ་གཙོ་བོ། G109 S202 S203 G213གཅན་ཚའི་རྫོང་མཁར་འཆགས་ཡུལ་མར་ཁུ་ཐང་གི་མཚོ་འཕགས2000
ཟིན་བྲིས།
འདི་ནས་བཟུང་སྟེ་ཁ་ལྷོ་ལ་བལྟས་ནས། ཙོང་ཆུའི་སྲིབ་ངོས་ཙོང་ལ་རིང་མོའི་རི་རྒྱུད་བརྒལ་དགོས་པ་རེད།
ཞིང་ཆེན་རིམ་པའི་གཞུང་ལམS202ལ་གཏོགས་པའི་ཕུག་ལམ་ཡོད་མོད། རྐང་འཁོར་མི་གཏོང་ཟེར་བས། ཁོ་བོ་ཙོང་ཁ་སྐྱེས་རིའི་རྒྱུད་ལ་ཐེ་བའི་ལ་དམར་ཞེས་བྱའི་ལ་མཐོན་པོ་དེར་འཛེག་དགོས་བྱུང་། འདིའི་རྒྱུད་ལ་རྒྱས“拉鸡山”ཡིན་ན་ཅིག་ཟེར། གང་ལྟར་སྲིན་སྐུད་རྨེད་པ་ལྟ་བུའི་རི་ལམ་གྱ་གྱུ་དེ་ལ་བསླེབ་ཚོད་ཅིག་མེད། མཐར་རི་སྐེད་ཙམ་ནས་ལྕགས་རྟ་དང་ཁྲེས་པོ་ཡུལ་མི་འགྲོ་རེས་པ་ཞིག་གི་རྐང་གསུམ་འཁོར་ལོའི་རྒྱབ་གཞོང་ནང་བླུགས་ནས་ཁིས་ཁར་ཐོལ་གྱིས་བུད། སློབ་གྲྭར་སོང་བའི་ཉིན་དང་པོར་ལས་བྱ་བརྐུ་འབྲི་བྱེད་ཚུལ་འདི་མི་ཡག་མོད། ཕར་བལྟས་ན་ཅི་ཡང་མ་བྱུང་བ་ལྟར། མཚར་སྡུག་ས་སྲོས་ཁྲོད་ཀྱི་ཤར་ཙོང་ཁའི་རི་ལྗོངས་ལ་ལྟད་མོར་བལྟས་པ་ཡིན།
འོན་ཀྱང་། རབ་ཏུ་འཁྲུགས་ཤིང་ཤིན་ཏུ་འཛིང་ལ་ལོ་ཟླའི་གདན་ལ་སྤམ་དུ་བརྩེགས་པའི་དར་ལྕོག་དང་རླུང་རྟའི་འདམ་མྱག་གི་ཚལ་ཆེན་པོ་དེ། རིག་ན་ཉམས་དགའ་རྒྱུ་ཕར་ཞོག རྒྱུས་མེད་པ་ཞིག་གིས་བལྟས་ན། ཧ་ལམ་གད་སྙིགས་ཀྱི་ར་མོ་ཆེ་ཞིག་ལ་ནོར་མི་འགྲོ་གྲང་། ཕྱིས་སུ་སླེབས་སའི་གཙང་གི་ཁ་རག་ཇོ་བོའི་ཁིས་དང་མངའ་རིས་གངས་དཀར་ཏི་སེའི་གཉའ་ཡང་མི་སྡུག་པའི་རྣམ་པ་འདི་ཁོ་ནར་ཟད། ཨང་ཨང་། རང་རེའི་ཚོད་མེད་པའི་བྱ་སྤྱོད་དེ་ཅིག་བཙོག མཛེས་པའི་རི་ཆུ་རྫོད་ལ་འདི་ལས་ལྷག་པའི་ཐབས་མེད་ཚོད།
འཁང་ར་དེ་གཡུགས་ལ་ཞོག དངོས་གཞིའི་གཏམ་ཨེ་ཡོང་བལྟ།
ཙོང་ལ་རིང་མོའི་རི་རྩེ་མཐོ་ཤོས་ནི་ཤར་ཙོང་ཁའི་སྐྱེས་རི་རེད། ཨ་ལགས་ཚེ་ཏན་ཚང་གིས་ཙོང་ཁའི་སྐྱེས་རི་རྨ་རྒྱལ་སྦོམ་རའི་སྲས་གསུམ་པ་ཡིན་ཟེར། ཡང་ན་ཁོང་གིས་ཙོང་ཁའི་རི་རྒྱུད་ཅིས་ཀྱང་རྨ་ཆེན་གངས་ལ་གཏུག་དགོས་པ་འདིས་ཡིན་ཡང་སྲིད། གང་ལྟར་མཚོ་འཕགས་སྨི4000ལ་སླེབས། དེ་དང་ཁད་ཉེ་བའི་ཁྲི་ཀའི་ཨ་མྱེས་སྲིན་པོ་ནི་རི་རྩེ་ཨང་གཉིས་པར་བཤད། བྲག་དཀར་སྔགས་རམས་པ་ཞུ་བས་རི་དེ་ནི་ཁོག་སྟོད་མི་དང་ཁོག་སྨད་སྦྲུལ་དུ་འཁྱིལ་བ་ཅན་འཇམ་དཔལ་ནཱ་ག་རཀཥ་ཞེས་པར་ངོས་འཛིན།
ཡང་ཆགས་ཡུལ་ས་ཚུགས་བཤད་ན། ཙོང་ཁའི་སྐྱེས་རི་ཟི་ལིང་གི་དྲང་ཐད་སྤྱི་ལེ100ཙམ་གྱི་ལྷོ་ནུབ་མཚམས་ལ་འཁེལ་ཡོད། གནམ་ངོ་ཐང་དུས། ཟི་ལིང་གི་གུས་པའི་ཉི་ཁྱམས་ནས་བལྟས་ནའང་ཁྲ་འཛོང་ངེར་ཡོད། དེ་མིག་སྐྱིད་ཅིག་ཡིན། དེ་བཞིན་སྤྱིར་ཙོང་ཁའི་སྐྱེས་རི་ཞེས་པའི་མིང་འདི། ཤར་རྒྱལ་བ་ཙོང་ཁ་བ་རི་རྒྱུད་འདིའི་བྱང་སྟོད་ཀྱི་ཀློང་ལ་འཁྲུངས་པར་ལྟོས་ཏེ་བྱུང་བའང་ལྟ་ཅི།
ཙོང་ཁའི་སྐྱེས་རིའི་ཤར་ངོས་མདུན་ཐད་ན། རང་རེ་ཁ་བ་རི་བའི་ས་རྟགས་འགངས་ཆེན་གཅིག་ལ—སྟག་འཚེར་རི་བོ་ཡོད། ལར་བསྐྱར་བཞེངས་རེད་མོད་ཀྱང་། འཁྲུངས་གཞིས་ནས་ཤོད་ལ་མིག་ཞགས་བརྐྱངས་ན། བཅུ་གསུམ་པ་ཆེན་པོས་ངལ་གསོ་ཡུལ་གནའ་བོའི་མཆོད་རྟེན་ཆུང་ཆུང་དེ། སྔོན་མའི་རི་གདོང་ཟླུམ་པོ་དེའི་ཀླད་ན་དཀར་ཅོག་གེར་ཡོད་པ་མཐོང་ཐུབ། ཅི་བྱས་ཀྱང་ཡིད་འཁུལ་ཏེ་མི་བཟོད་རྒྱུ་ཞིག་ཡོང་། འདི་ནས་རི་རྒྱུད་འདེད་ཅིང་མུ་མཐུད་ཤར་ལྷོར་སྤྱི་ལེ་ལྔ་དྲུག་ཙམ་ཞིག་ཕྱིན་ན། ཀརྨ་རོལ་རྡོར་དང་ཆོས་རྗེ་དོན་རིན་སོགས་ཡུན་རིང་བཞུགས་མྱོང་མདོ་སྨད་རྫོང་བཞིའི་ཡ་གྱལ་ཤྭ་བ་རི་རྫོང་རེད། འདི་དང་ཤར་ངོས་དམར་གཙང་བླ་ཆེན་བར་ན་སྤྱི་ལེ28ཙམ་ལས་མེད། ད་ལྟ་ཁོ་བོ་འགྲེང་སའི་ཕྱོགས་ཆ་འདི་ལ་འཁེལ། སྔོན་ཆད་མཇལ་དུའང་ཕྱིན་མྱོང་། ཉམས་དགའ་བ་ལ་ཚོད་ཅིག་མེད། ཡང་ཤྭ་རྫོང་ནས་ལྷོ་ངོས་སུ་སྤྱི་ལེ30ཡས་མས་ལ་ཕྱིན་ན་ལྕགས་སྟག་ཁ་སྒང་ཡོད། བཤད་ཅི་དགོས། དེ་ན་དགེ་ལྡན་བསྟན་པའི་འབྱུང་གནས་ཆོས་རྗེ་དོན་རིན་གྱི་གདན་ས—བྱ་ཁྱུང་དགོན་པ་འཆགས། ལོ་དེར། གྲོགས་པོ་གེ་སར་དང་གླག་མིག་ངེད་གསུམ་ལན་ཅིག་མཇལ་དུ་ཕྱིན་མྱོང་། ལམ་སྐབས་ཉིན་གུང་ཚོད་ལ་རི་རྩེ་ཙོག་ཙོག་ཅིག་ནས་ཚ་ཕོག་ཅིག་བརྒྱབ་པ་མི་ཚེ་འདིའི་བརྗེད་དུ་མེད་པའི་དོན་བྱའི་གྲས་སུ་ཡོད།
བྱ་ཁྱུང་བྲག་གི་རྔམས་ཁ་ནས་ལྷོ་ངོས་དབོལ་ལ་ཐུར་ལྟ་བྱས་ན་གཟར་དྲགས་ཏེ་སྐྲག་སྔངས་མགོ་ནང་ལ་འཐིབ་སྟེ་ཡོང་། “ལམ་ཡ་གི་ནས་ཕ་རྒན་ང་ལ་ལན་གསུམ་གྱི་བར་ལྟོས”གསུངས་པ་རྗེས་བརྗེད་ནས་རི་རྒྱབ་ཏུ་ཤོར་བས། ཆོས་རྗེ་དོན་རིན་ཚང་རླུང་ལངས་ནས་རྗེའི་འཇག་སྤྱིལ་ཅིག་ཡོད་པ་གཡང་ལ་བསྐྱུར་རུང་བར་སྣང་དུ་གཡེང་བསྡད་ཟེར་བའང་ཕྱོགས་དེ་ཡིན་ནམ་སྙམ། གང་ལྟར་རྒྱང་ཞབས་ཀྱི་རྨ་ཆུ་ནུབ་བྱང་མཚམས་ཀྱི་སུམ་པ་འགག་རོང་བརྒྱུད་ནས། ཤར་ལྷོའི་མཚམས་སུ་སྐུད་འཁྱོག་ལྟར་ལྗང་ཀྲིག་ཀྲིག་འགྲོ། ཕྱོགས་དེ་ནི་ཁོ་བོའི་འགྲུལ་བཞུད་ཀྱི་ཞག་མལ་དང་པོ་གཏོང་ཡུལ་མདོ་སྨད་གཅན་ཚའི་རྫོང་ཁོངས་རེད། གཅན་ཚ་དེང་སང་ལྟར་བྱས་ན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱི་མངའ་ཞབས་རེད། ཡང་བྱ་ཁྱུང་དགོན་ནས་ནུབ་ངོས་ཀློང་ཤོད་དུ་སྤྱི་ལེ30ཙམ་ཞིག་ལ་བབས་ན། དགེ་ཆོས་ཆུང་དུས་སློབ་གཉེར་གནང་ཡུལ་ཆོས་སྡེ་ཆེན་པོ་དྷིཿ ཚ་དགོན་དུ་བསླེབ་ཐུབ། འདི་ལ་སྔོན་མའི་ཡི་གེའི་ནང་ལྡེ་ཚའམ་རྡི་ཚ་ཞེས་ཀྱང་བྲིས་པར་སྣང་། དེའི་སྟབས་ཀྱིས་དགེ་ཆོས་ལ་རྡི་ཚ་ཨ་ལགས་འབོད་སྲོལ་ཡོད་ལ། ཁོང་སྐུ་ཤ་སྐམ་རིད་ཅན་ལ་ཡོད་པས་ཆོས་གྲོགས་ཚོས་རྡི་སྐམ་འབོད་པའང་ཚང་མས་ཤེས་གསལ་ལྟར་རེད། དགོན་འདི་རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་ཚང་གི་གདན་སའང་རེད། ཡ་མཚན་ཞིག་ལ། རྗེ་འདི་པ་ཚང་དགུང་ལོ་ཉེར་དགུ་ནས་ལྔ་བཅུའི་བར་སྐུ་མཚམས་ཁོ་ནར་བཞུགས་སོང་བར་བཤད། ང་གཉིས་བཞེས་པ་སྤྱི་ལོ1903ལོར་ལྡེ་ཚ་ཆོས་སྡིངས་གསར་བཏབ་ནས་མཚན་ཉིད་བཙུགས། ལྷག་པར་བཅུ་གསུམ་པ་ཆེན་མོར་གསུང་ཆོས་ཕུལ་བར་བརྟེན—ཞྭ་དམར་པཎྜི་ཏ་རུ་གྲགས་ཤིང་སྐུ་ཕྲེང་རིམ་པར་བྱོན་པ་རེད། དགོན་འདིའི་བྱང་ན་ཁྱུང་རྒྱབ་ཨ་མྱེས་དགོ་རྩེའི་ཟུར་གསུམ་རྩེ་མོ་དགུང་ལ་གཟེངས། ཤར་ངོས་གྱེན་ལ་བལྟས་ན་བྱ་ཁྱུང་རྒྱབ་རི་མགོན་པོ་བྲག་ནག་ནམ་མཁར་ཤུགས་ཀྱིས་འགྲོ། ཡང་བྱ་ཁྱུང་ནས་ཤར་ལྷོའི་མཚམས་སུ་སྤྱི་ལེ10ཡས་མས་ཕྱིན་སའི་རི་ཀློང་ན། མཁས་པ་མི་གསུམ་བཞུགས་ཡུལ་མདོ་སྨད་རྫོང་བཞིའི་ཡ་གྱལ་ཨ་ཆུང་གནམ་རྫོང་ཡོད། དེ་གར་རྒྱལ་མཆོག་བདུན་པ། ཆོས་རྗེ་གསེར་ཁང་བ། དེ་བཞིན་ཟི་ལིང་དུ་ལོ་གསུམ་ཙམ་གྱི་དགེ་ཆོས་ལ་ཚེ་དབང་སྐུར་མཁན་གཏེར་སྟོན་བསོད་རྒྱལ་ཚང་སོགས་རང་རེའི་དམ་པ་གང་མང་སྒོམ་དང་སྒྲུབ་པར་བཞུགས་མྱོང་བར་གྲགས།
དཀྱུས་ལ་འཇུག་པར་བྱ། གོང་སྨྲས་ཤྭ་རྫོང་ནས་མུ་རུ་ནགས་ཀློང་གི་ཁ་སོ་འདེད་ཀྱིན་ཤར་ཕྱོགས་སུ་སྤྱི་ལེ30ཙམ་ཞིག་ལ་ཕྱིན་ན། དམར་གཙང་རྣམ་གཉིས་ཀྱི་བཞུགས་གནས་སུ་གྲགས་པ་པདྨོ་ཆོས་རྫོང་ངམ་ཕུ་ལ་ཡང་རྫོང་ལ་འཕྲད་ཡོང་། སྐྱིད་པའི་དབེན་གནས་ལ་དེ་ལས་ལྷག་པ་ཡོད་ཨེ་སྲིད་ན་སྙམ་པ་ཞིག་ཡོད། འདིའང་མདོ་སྨད་རྫོང་བཞིའི་གྲས་རེད། དེ་ལྟར། མགོ་ལོག་དང་ཁད་ཉེ་བའི་བྲག་དཀར་སྤྲེལ་རྫོང་ཕུད། རྫོང་བྱིངས་གསུམ་ཙོང་ལ་རིང་མོའི་ཀློང་ལ་འདུ་བ་རེད། དེ་ལས་ཕུ་ལ་ཡང་རྫོང་ནི་དམར་གཙང་རྣམ་གཉིས་ཀྱི་བཞུགས་གནས་སུ་བཤད་པར་བལྟས་ན། དེ་དུས་གཡོ་དགེ་འབྱུང་གཤེགས་སོང་བ་འདྲ། གང་ལྟར། དམར་གཙང་གཉིས་སྐུ་ཚེའི་སྨད་ལ་གནས་འདི་ནས་ཙོང་ཆུའི་བྱང་རོལ་ཏུ་བྱོན་ཏེ། ད་སྔོན་རང་རེ་ཕྱིན་སའི་དམར་གཙང་བྲག་ལ་བཞུགས་པ་རེད། མ་ཟད་སྒོམ་སྒྲུབ་འབའ་ཞིག་གི་ངང་དེ་ག་ཉིད་དུ་དགོངས་པ་རྫོགས་སོང་བར་བཤད།
དེ་ལྟར། ངེད་ཚོ་ལོ་དེར་དམར་གཙང་རྣམ་གཉིས་བཞུགས་ཡུལ་ཕུ་ལ་ཡང་རྫོང་ལ་མཇལ་རྗེས་ལུང་མདོར་བུད་དེ། སྙན་གྲགས་ཕྱོགས་ལ་སོང་བའི་ཙོང་ཆུའི་ལྷོ་འགྲམ་གྲོ་ཚང་རྡོ་རྗེ་འཆང་ལའང་ཕྱིན་ཡོད། དེའི་རྟེན་གྱི་གཙོ་བོར། རྡོ་དྲིལ་ཐུགས་ཀར་བསྣོལ་ཐབས་སུ་སྣོམ་མཁན་ལོངས་སྤྱོད་རྫོགས་པའི་ཆས་བཅུ་གསུམ་དང་ལྡན་པའི་སྟོན་སྐུ་ཞིག་བཞུགས། འདི་ནང་ཆོས་ཁྲོད་ཀྱི་རྒྱལ་བ་རྡོ་རྗེ་འཆང་ངམ་དྲུག་པ་རྡོ་རྗེ་འཆང་ཟེར་བ་དེ་ཡིན་ནམ་སྙམ། གང་ལྟར་དགོན་མིང་འདི་ལས་བྱུང་བ་རེད། དགོན་པ་གཞན་པར་མཐོང་དུ་མེད་པ་ནི། གྲོ་ཚང་རྡོ་རྗེ་འཆང་གི་སྟོན་པའི་སྐུ་དེའི་མདུན་དུ། ཁྲི་རྒྱབ་དྲུག་མགྱོགས་མཐའ་སྒྲོམ་དུ་བརྐོས་པའི་རུ་བཞི་སྤྲས་ཤོམ་ཆེ་བ་གཅིག་གི་ཚོས་གདན་ནག་པོའི་གཞི་རུ། དབུས་སུ་རྒྱ་ནག་ཡི་གེ ། གཡས་ལ་བོད་ཡིག གཡོན་དུ་རྒྱ་གར་སྐད་དུ། རྒྱལཔོའིདགུངལོཁྲིཚོཁྲིཚོཐུབཔརགྱུརཅིག ཅེས་ཚེག་གི་རྒྱས་མ་བཅད་པའི་ཁ་གཡང་ཐུར་ལ་བྲིས་པར་སྣང་ངོ་། །དགོན་དེ་ན་ད་རུང་ལོ་རྒྱུས་ཤིན་ཏུ་རིང་བའི་ཅོང་ཆེན་པོ་གཅིག་གདའ། “གྲོ་ཚང་ཡུལ་གྱི་ཅོང་བརྡུངས་ན། བ་ཡན་ཁོག་གི་རྟ་འགྲོག་ཡོང་།” ཞེས་པའི་ཨ་མདོའི་དམངས་ཁྲོད་ཀྱི་མཆིད་དེའང་འདི་ལ་ཤོད་པ་རེད། འདིའི་ནང་གི“བ་ཡན”ཞེས་པ་མདོ་སྨད་དཔའ་ལུང་གི་ཡུལ་ལ་གོ་དགོས་ཤིང་དགོན་འདིའི་ལྷོ་ངོས་སྤྱི་ལེ་ལྔ་བཅུ་ཙམ་གྱི་ས་ན་ཡོད་དོ། །དགོན་འདི་ལ་གྲོ་ཚང་གོ་ཏམ(གོ་ཏ་མ)དགོན་ཡང་འབོད། རྒྱའི“瞿昙寺”རེད། རྒྱ་གར་ནག་གི་སྐད་འདི་གཉིས་དོན་གཅིག་སྟེ་སངས་རྒྱས་ཤཱཀྱ་ཐུབ་པར་གོ་དགོས་པ་རེད། དེ་མིན། རྒྱས། གོ་ཏམ་དགོན་ལ་མཇལ་ཕྱིན་ཆད། །པེ་ཅིན་མཁར་ལ་འགྲོ་དགོས་མེད། །ཟེར་བ་བདེན་ཙམ་དུ་ཡོང་། ཧོབ་ཀྱིས་བལྟས་ན། ཨར་སྐྲུན་གྱི་བཟོ་ལྟ་དངོས་འབྲེལ་པེ་ཅིན་གྱི་གནའ་བོའི་ཕོ་བྲང་དེ་སྟབས་བདེར་སྐུམ་དྲིལ་བརྒྱབ་པ་དང་འདྲ།
གཞན། དགོན་དེ་ནི། “དུས་ཟིང”ཁྲོད་གནོད་འཚེ་མ་བྱུང་བའི་ཀྲུང་གོའི་ནུབ་བྱང་ལུང་པའི་དགོན་པ་ཁོ་ན་ཉིད་དེ་ཡིན་ཟེར། དེ་བདེན་ཚོད། དགོན་འདིར་རྒྱ་བོད་ཤན་སྦྱར་གྱི་རྡོ་རིང་ཡི་གེ་ལྔ་དང་བཅས་སྔ་མའི་ཡིག་ཚང་རྩ་ཆེན་བདུན་ཙམ་བཞུགས། དེ་ལ་མོས་མཁན་ཡོད་ན་ཕྱིན་དང་ཡིད་ཚིམ་པོ་ཡོང་ངེས་རེད། དེ་མིན། དགོན་འདི1392ལོར་ཐོག་མར་བཞེངས་པར་གྲགས། འདེབས་མཁན་གྱི་མཚན་ལ། ཧེ་བླ་མ་སངས་རྒྱས་བཀྲ་ཤིས་འབོད། མཚོ་སྔོན་པོའི་ངག་རྒྱུན་ཁྲོད་གྲུབ་ཆེན་གླང་དཀར་པ་ཞེས། གླང་པོ་དཀར་དཀར་ཞིག་བཅིབས་ཏེ་མཚོ་སྔོན་པོའི་མཚོ་སྙིང་ལ་བསྒོམ་དུ་ཕེབས་མཁན་དེ་པ་ཚང་རེད་ཟེར། འདིའི་སྐོར་ཀྱང་། འགྲུར་བཞུད་ཟིན་ཏེ་ཕྱིར་མཚོ་སྔོན་པོའི་ཁར་འཁོར་ན་ཅུང་ཟད་བྲི་བར་སྙམ།
དེ་བཞིན། གོ་ཏམ་དགོན་གྱི་ལྷོ་ངོས་སྤྱི་ལེ50ཙམ་ན་བླ་ཆེན་འཁྲུངས་ཡུལ་དན་ཏིག་དགོན་ཡོད། དན་ཏིག་དགོན་ནས་ཤར་ལྷོའི་མཚམས་སུ་སྤྱི་ལེ10ཙམ་ཕྱིན་ན་རྗེ་རིན་པོ་ཆེ་ཡུམ་སྲས་གཉིས་ཀའི་སྙིང་དུ་སྡུག་པའི་གཏམ་རྒྱུད་དང་འབྲེལ་བའི་ཁཱ་ཏི་ཀ་དགོན་པ་ཡོད། དན་ཏིག་གི་ལྷོ་ངོས་སྤྱི་ལེ40ཙམ་ན་པཎ་ཆེན་རིན་པོ་ཆེའི་འཁྲུངས་ཡུལ་བིས་མདོ་ཡོད། བིས་མདོའི་ཤར་ངོས་སྤྱི་ལེ50ཙམ་ན་དགེ་བཤེས་ཤེས་རབ་རྒྱ་མཚོའི་འཁྲུངས་ཡུལ་རྡོ་སྦིས་ཡོད། དེའི་ནུབ་ངོས་སྤྱི་ལེ30ཙམ་ན་ཞོ་འོང་དཔྱིས་ཡོད། ཞོ་འོང་དཔྱིས་ལ་དགེ་ཆོས་དང་མདོ་སྨད་ཀྱི་མི་ལ་རས་པར་གྲགས་པའི་ཞབས་དཀར་ཚོགས་དྲུག་རང་གྲོལ་འཁྲུངས་པ་རེད།
དེ་ལྟར། བླ་ཆེན་ཡབ་སྲས་ནས། རྗེ་རིན་པོ་ཆེ་དགེ་སློབ་རྣམ་གཉིས། རྒྱལ་པཎ་ཉི་ཟླ་ཟུང་གཅིག་བཅས། གནམ་གྱིས་ས་ཆེན་བཀབ་འདྲའི་རང་རེའི་སྐྱེས་ཆེན་དུ་མ་གནས་ཚུགས་གཅིག་ཏུ་ཕྲེང་དང་ཚོམ་བུར་འཁྲུངས་པ་རེད་པས། ཙོང་ལ་རིང་མོ་ཞེས་བྱའི་བོད་མདོ་སྨད་ས་ཡི་ཐིག་ལེ་འདི། ཅི་ལྟར་བལྟས་ན་དེ་ལྟར། གནམ་གུ་ཡངས་འགྱོགས་པའི་གདུང་མ་དང་ས་གྲུ་བཞི་བརྟན་པའི་གཞུང་ཤིང་དུ་མི་ཡོང་བ་ཅུང་ཙམ་ཡང་མེད་དོ།
༼མུ་འགོད།༽
ཡོང་ཁུངས་སྐྱིད་རྟག་དྲ་བ།