རང་དབང་ནི་ལེགས་ཚོགས་ཀུན་གྱི་རྩ་བའོ།།

ཞོགས་ལྗང་།

རང་དབང་གི་མཚན་ཉིད་སྐོར་ལ་གནའ་དེང་མཁས་པ་མང་པོའི་བཞེད་པ་གཅིག་ཏུ་མེད། ཁ་ཅིག་གིས། སོ་སོ་རང་གི་དགའ་ཁ་མོས་ཕྱོགས་ལྟར། རང་གི་ལས་དབང་ལ་རང་གིས་ཁ་ལོ་བསྒྱུར་བ་དེར་འདོད། ཡང་ཁ་ཅིག་གིས། རང་དབང་ནི་རང་གི་འདོད་པ་བཞིན་གཞན་གྱི་ལས་དབང་ལ་ཁ་ལོ་བསྒྱུར་བ་དེར་འདོད། རང་དབང་ལ་འདི་ལྟར་མཚན་ཉིད་འགོད་མཁན་དག་ནི་དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ལམ་སྟོན་མཁན་པོ་དག་ཡིན་ཡང་ཟེར་ཏེ། བདེན་པར་སྙམ། དབྱིན་ཇིའི་རང་དབང་རིང་ལུགས་ཀྱི་མཁས་པ་ཆེན་མོ་སྦིར་ལིན་གྱིས། རང་དབང་ལ་དགག་པའི་རང་དབང་དང་སྒྲུབ་པའི་རང་དབང་གཉིས་སུ་ཕྱེེས་པ་དང་། ཧྥ་རན་སིའི་རང་དབང་རིང་ལུགས་ཀྱི་མཁས་པ་ཀོང་སི་ཐན་གྱིས་རང་དབང་ལ་གནའ་རབས་ཀྱི་རང་དབང་དང་དེང་རབས་ཀྱི་རང་དབང་གཉིས་སུ་ཕྱེས་ཏེ། རང་དབང་རིང་ལུགས་ཀྱི་མཁས་པ་དག་གིས་རང་དབང་གི་ངོ་བོ་རྩལ་འདོན་བྱས། རང་དབང་སྨྲ་བའི་ཁྱུ་མཆོག་ཧ་ཡི་ཁི་ལགས་ནས། རང་དབང་ནི་གཞན་དབང་དུ་མ་གྱུར་པའི་འདུ་བྱེད་ཅིག་ལ་འགྲེལ། འདི་ནི་ཆེས་གདོད་མའི་རང་དབང་གི་གོ་དོན་ཞིག་ཏུ་འདོད་ཅིང་། དོན་ལའང་འདི་ལས་གཞན་དུ་མེད་པར་སྨྲ།
ཕྱི་ལོ1864ལོར་ཨ་རིའི་སྲིད་འཛིན་ལིན་ཁིན་གྱིས་སྤེལ་བའི་གཏམ་བཤད་ཅིག་ཏུ། རང་དབང་ལ་དོན་དང་མཐུན་པའི་མཚན་ཉིད་ཅིག་མ་བྱུང་བས། ད་ལྟའི་ཨ་རི་ལ་དོན་དང་མཐུན་པའི་རང་དབང་གི་མཚན་ཉིད་ཅིག་དགོས་གསུངས། བརྒྱ་ལོ་བཅུ་དགུ་པར་ཨ་རིར་རང་དབང་གི་མཚན་ཉིད་རྣལ་མ་ཞིག་དགོས་པ་དེ་བཞིན་དུ། ད་ལྟའི་རང་རེར་ཡང་རང་དབང་གི་མཚན་ཉིད་རྣལ་མ་ཞིག་ངེས་པར་དགོས་པ་ཡིན་མོད། རང་དབང་གི་མཚན་ཉིད་ཙམ་གྱིས་རང་དབང་གི་གོ་དོན་ཡོངས་སུ་རྟོགས་པའང་མི་སྲིད་པས། རང་རེའི་རང་དབང་སྨྲ་བའི་མཁས་པ་རེ་གཉིས་ཀྱི་ངལ་བའི་མྱུ་གུ་ལ་ཡིད་བཞིན་གྱི་འབྲས་བུ་མ་མངོན་པ་འདིའོ།།
རྒྱ་ནག་ལ་དོན་དང་མཐུན་པའི་རང་དབང་གི་ངོས་ཟིན་ཞིག་དགོས་འདུག་ཅེས་ཁོ་ཚོའི་མཁས་པ་དག་སེམས་ཚེགས་ཆེན་པོས་སྨྲ། གནའ་བོའི་དུས་སུ། གདུག་སྤྱོད་དང་བཙིར་གནོན་གྱིས་མི་རྣམས་སོ་སོའི་རང་དབང་དོར་ནས་བྲན་ལ་རྒྱུགས་པ་དེ་ལས་ཀྱང་། དེང་གི་དུས་སུ་“བདེ་འཇགས”དང་“ཁེ་ཕན”ཙམ་ལ་སོ་སོའི་རང་དབང་ཕངས་མེད་དུ་འདོར་བ་འདི་འཇིགས་ཆེ་ཞེས་ཐམས་ཅད་གཅིག་ཏུ་སྨྲ། སྒྲིག་གཞི་དང་བདེ་འཇགས་ལ་ཁ་གཡར་ནས་བཙན་དང་འཇིགས་ཀྱིས་ཀུན་གྱི་རང་དབང་འཛེམ་མེད་དུ་འཕྲོག་པ་འདི་ལ་གནའ་དེང་གི་ཁྱད་པར་མེད། བཙན་པོ་དབང་ཡོད་ཀྱི་གདུག་སྤྱོད་ལ་སྐྲག་ཏེ་སྲོག་ཙམ་གྱི་ཕྱིར་དུ་རང་དབང་མི་བསམ་བཞིན་དུ་འདོར་བ་འདི་སྐྱོན་ཆུང་སྟེ། བསྐལ་བརྒྱར་གནས་པའི་སྒེར་གཅོད་ཀྱི་སྒྲིག་གཞི་ཞིག་མི་སྲིད་པས། ནམ་ཞིག་ན་རང་དབང་གི་ཉི་མ་སྤྲིན་རིམ་ནས་ཐོན་པའི་དུས་ཤིག་འབྱུང་། རྨོངས་པའི་རྙེད་གྲགས་དང་ཁེ་ཕན་ཙམ་ལ་སོ་སོའི་རང་དབང་ཕངས་མེད་དུ་འདོར་བ་འདི་འཇིགས་ཏེ། འདིས་རྣམ་ཤེས་ལ་སྨྱོ་ཆུ་བླུད་པས། དྭངས་པའི་སྐབས་ཤིག་རྙེད་རེ་སྐན།
རང་རེ་རྣམས་རང་དབང་གི་ངོ་བོ་རང་བཞིན་ལ་ངོས་ཟིན་རྙེད་པ་ལྟ་ཞོག སློབ་སྦྱོང་གི་འགོ་འབུས་པ་ཙམ་ནས། སྨྱོ་ཆུ་འཐུང་བའི་རུ་དཔུང་དུ་ཞུགས། ད་ལྟ་ཆབ་སྲིད་ཀྱི་མགོ་བདེ་དྲན་འཕྲུལ་ཐམས་ཅད་ཀྱང་རྣམ་དཔྱོད་དུ་ལྟ། ཡུལ་དུས་འདི་འདྲ་ལ། རང་དབང་གི་རིན་ཐང་འདོན་པ་ཤིན་ཏུ་རབ་ཏུ་དཀའ་བའི་གནས་སུ་འདུག་ཀྱང་། འདི་དག་ཀྱང་རང་དབང་གི་རིན་ཐང་མ་རྟོགས་པས་རྨོངས་པའི་རྒྱ་རུ་ཚུད་པ་ཡིན་གྱི། གཞན་དུ་ན་མུན་ནག་ལ་རང་བཞིན་གྱིས་འཇུག་སྤྲོ་བ་སུ་ཞིག་མཆིས། ཇི་སྐད་དུ། རང་དབང་ཐམས་ཅད་བདེ་བ་སྟེ།། གཞན་དབང་ཐམས་ཅད་སྡུག་བསྔལ་ལོ།། ཞེས་པ་བཞིན། མི་རྣམས་གཞན་ལ་མི་འཚེ་བའི་སྒོ་ནས། སོ་སོ་རང་གི་དགའ་ཁ་མོས་ཕྱོགས་ལྟར་ལས་གང་ལ་འཇུག་པར་གཞན་དག་འགོག་པ་དང་བཙིར་བ་དང་གནོན་པ་སོགས་འཚེ་བའི་ལས་མི་བྱེད་པ་དེ་རང་དབང་ཡིན། གཞན་དུ་ན། ཐམས་ཅད་སུ་ཞིག་གི་ཇུས་འགོད་བཞིན་བྱ་བར་འཇུག་ལྡོག་རྩོམ་དགོས་པས་བདེ་བའི་གོ་སྐབས་ནམ་ཡང་མེད། གང་ཞིག་རང་གིས་མི་འདོད་པ།། གཞན་ལ་སྤྱོད་པར་མི་བྱ་སྟེ།། ཞེས་རང་གི་གཞུང་ལའང་རང་དབང་གི་དོན་དང་ཉེ་བར་སྦྱར་བའི་ལེགས་བཤད་འདུག་མོད། དགོངས་པ་གཞན་དུ་གཏད་པས་ཡིན་ནམ་ཅི། འཇིག་རྟེན་ལུགས་ཀྱི་ཕྱོགས་སུ་འཕྲིན་ལས་ཆེར་མ་འཕེལ་བར་འདུག དེས་ན། གནད་གང་ལ་ཐུག་ཡོད་ཅེ་ན། འཇིག་རྟེན་རྒུད་པ་ཇི་སྙེད་པ།། དེ་ཡི་རྩ་བ་མ་རིག་པ།། ཞེས་གསུངས་པ་བཞིན། རང་གི་མ་རིག་པ་འདི་ལས་གཞན་དུ་མེད། སོ་སོ་རང་གིས་རང་དབང་གི་དོན་མ་རིག་པས། རང་དབང་རིན་པོ་ཆེ་འདི་ཉིད་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་གནད་མ་རྟོགས་སོ།། ཇི་སྲིད་རང་དབང་གི་རིན་ཐང་མ་རྟོགས་པ་དེ་སྲིད་དུ། རང་དབང་དོན་དུ་གཉེར་བའི་ལས་ལ་འཇུག་མི་ཤེས། རང་དབང་ཕངས་མེད་དུ་འདོར་བ་ལ་ཡ་མི་ང་། གཞན་དབང་དུ་འཚོ་བ་ལ་བག་མི་ཚ།
རང་ཅག་ཐམས་ཅད་སོ་སྐྱེས་ཕལ་བ་ཡིན་གྱི། ཐམས་ཅད་མཁྱེན་པ་མིན་ནོ།། འཇིག་རྟེན་གྱི་ཤེས་བྱ་མཐའ་ཡས་ཤིང་། མིའི་བློ་གྲོས་ལ་ཚད་ཡོད་པས། ཤེས་བྱ་ཐམས་ཅད་མཁྱེན་པ་ཞིག་སྲིད་ན་དཀོན། ཡིན་ནའང་། ང་སོ་སྐྱེས་ཕལ་བ་ཡིན་པས། རང་དབང་གི་རིན་ཐང་ངེས་པར་རྟོགས་པའི་དོན་མེད་དོ་སྙམ་ན། དེ་ཡང་མིན་ཏེ། རང་དབང་ནི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་ཞིང་། རང་དབང་དང་བྲལ་བའི་རིན་ཐང་གཞན་ཞིག་གུད་དུ་མེད་པས། ང་ཚོ་འཇིག་རྟེན་གྱི་ཕུན་ཚོགས་དོན་དུ་གཉེར་བ་གང་ཞིག རང་དབང་གི་དོན་མི་རྟོགས་པ་འདི་ལས་ཞབས་འདྲེན་ཆེན་པོ་གཞན་མེད་དོ་སྙམ། ང་ཚོས་རང་དབང་གི་དོན་ཡོངས་སུ་རྟོགས་པའི་སྐབས་ཕྲ་ན་ཡང་། རང་དབང་གི་དོན་ཡོངས་སུ་འདོར་བའི་སྐབས་ཀྱང་ག་ལ་བཟོད།
ལར་རང་རེའི་མིའི་འགྲོ་བ་འདི་རང་དབང་དང་འདྲ་མཉམ་རྩ་བར་བཟུང་སྟེ། གྲུབ་མཐའ་ཆེན་པོ་གཉིས་སུ་གྱེས་ཤིང་། གྲུབ་མཐའ་ཆེན་པོ་འདི་གཉིས་ལུགས་ཀྱི་ལམ་སྟོན་དུ་བཟུང་ནས་ད་ལྟ་རང་དབང་དམངས་གཙོའི་སྲིད་ལུགས་དང་། དབང་མཐའ་སྒེར་གཅོད་ཀྱི་སྲིད་ལུགས་གཉིས་བྱུང་བའོ།། རང་དབང་རྩ་བར་བྱས་པའི་རང་དབང་དམངས་གཙོའི་སྲིད་ལུགས་དང་། འདྲ་མཉམ་རྩ་བར་བཟུང་བའི་དབང་མཐའ་སྒེར་གཅོད་ཀྱི་སྲིད་ལུགས་གཉིས་ཀྱིས་སིལ་བུར་བཅད་པའི་གོ་ལ་རིལ་མོ་འདི་ནས་འཚོ་ཞིང་གནས་པ་ལ། འདི་གཉིས་ཀྱི་དགེ་སྐྱོན་ཅུང་ཙམ་ཞིག་སྤྲོ་བ་འདི་གལ་ཆེན་དུ་མཐོང་བས། ཁོ་བོས་ཁུར་ཆེན་འདི་མི་ཐེག་བཞིན་དང་དུ་བླངས་པའོ།།
རང་དབང་རྩ་བར་བྱས་པའི་རང་དབང་དམངས་གཙོའི་སྲིད་ལུགས་ཀྱིས་འགྲོ་མི་སྤྱི་བོ་གནམ་བསྟན་ཡོངས་ལྷན་སྐྱེས་ནས་རང་དབང་ཡིན་ཙང་། དེ་ཉིད་རྒྱལ་པོ་དང་རྗེ་བོ་གང་གིས་འཕྲོག་ཏུ་མེད་ལ་གནང་དུ་ཡང་མེད་པར་འདོད། བློ་གྲོས་ཀྱི་རྩལ་དང་ལྡན་པ་སུ་ཞིག་རང་གི་བྱ་བར་འཇུག་ལྡོག་རྩོམ་པ་ལ། གཞན་དག་འདེད་པ་དང་འགོག་པ་སོགས་མི་འདོད་པའི་སྦྱོར་བ་ཅི་ཡང་རྩོམ་མི་ཆོག སུ་ཞིག་གཞན་གྱི་བྱ་བའི་འཇུག་ལྡོག་ལ་ཐོ་རྩོམ་པ་དེས་རང་དབང་ལ་འཚེ་བ་ཡིན། རང་དབང་གི་དོན་ལ་འཚེ་བའི་བྱ་སྤྱོད་ལ་གུ་ཡངས་གཏོང་མི་འོས། སྐྱེ་བོ་སོ་སོའི་རང་དབང་གི་དོན་ཐམས་ཅད་གོང་ན་མེད་པའི་ཁྲིམས་ཀྱིས་སྲུང་། ཁྲིམས་ལ་མི་གནས་པ་ཐམས་ཅད་ཀྱིས་འགྲོ་མིའི་རང་དབང་ལ་ཡོངས་སུ་རྡོག་བརྫིས་བཏང་བ་དང་། མིའི་རང་བཞིན་ལ་ཀུན་ནས་བརྙས་པའོ།། རང་དབང་དམངས་གཙོའི་སྲིད་ལུགས་ལ་གནས་པ་ཐམས་ཅད་ཀྱིས་འདི་དག་ཀུན་ནས་བརྩི། ཁོ་ཚོས་རང་དབང་རྩ་བར་བྱས་པའི་འདྲ་མཉམ་སོགས་བརྩི་ཡི། རང་དབང་ཐད་དུ་བོར་བའི་རིན་ཐང་ཞིག་མི་འདོད། འདྲ་མཉམ་རྩ་བར་བྱས་པའི་དབང་མཐའ་སྒེར་གཅོད་ཀྱི་སྲིད་ལུགས་ཀྱིས་མི་རྣམས་ལྷན་སྐྱེས་ནས་འདྲ་མཉམ་ཡིན་པའི་ཁ་གཡང་སྒྲོག ཀུན་བརྩེ་དང་རང་དབང་སོགས་ཀྱང་སྒྲོག ཡིན་ནའང་། ཁོ་ཚོས་མི་རྣམས་རྨོངས་ཤིང་རང་གི་བྱ་བའི་འཇུག་ལྡོག་ལ་མི་མཁས་པས། བློ་གྲོས་དང་ལྡན་པ་སུ་ཞིག་གིས་ཐམས་ཅད་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་འོས་པར་འདོད། མི་རྣམས་ལ་ལྟོས་བཅས་ཀྱི་རང་དབང་ཞིག་ཡོད་མོད། དེ་ནི་རྒྱལ་པོ་དང་རྗེ་བོའི་བཀའ་བཀོད་ལས་འདའ་བ་མེད་པར་འདོད། གཙོ་བོ་སུ་ཞིག་ལས་གཞན་དག་ཚང་མ་འདྲ་མཉམ་ཡིན་ཞིང་། རང་དབང་ཐམས་ཅད་ཀྱང་འདྲ་མཉམ་དུ་ཡོད་པས། འདྲ་མཉམ་ལས་གལ་ཆེ་བ་ཞིག་མི་འདོད། རང་དབང་དམངས་གཙོའི་སྲིད་ལུགས་ཀྱི་འདྲ་མཉམ་ལྟ་བ་དང་མི་འདྲ་བ་ཞིག་ལ། ཁོ་ཚོས་འདྲ་མཉམ་ནི་བྱ་བའི་མཇུག་འབྲས་ཤིག་ལ་ལྟ་ཡི་བརྒྱུད་རིམ་ལ་མི་འདོད། ཐ་ན་ལོངས་སྤྱོད་ཐམས་ཅད་ཀྱང་འདྲ་མཉམ་དུ་ཡོད་འོས་ཀྱི་དབུལ་ཕྱུག་གི་ཁྱད་ཤོར་བ་སྤྱི་ཚོགས་བདེ་ཐང་མིན་པའི་རྣམ་པ་ཞིག་ཏུ་འདོད་པས། སྐྱེ་བོ་སྒེར་གྱི་ཐོབ་ཐང་ཟེར་བ་ཞིག་གནས་པའི་སྐབས་མེད། སྔོན་མས་འགྲོ་མིའི་སྤྱི་ཚོགས་ལ་ལེགས་ཚོགས་ཡོངས་སུ་བསྐྲུན་ཅིང་། རྗེས་མས་མནར་གཅོད་དང་སྡུག་བསྔལ་བཟོད་གླགས་མེད་པ་བསྐྱེད། སྔོན་མ་བདེན་པ་དང་དགེ་བ་ཡིན་ཞིང་། རྗེས་མ་བཅོས་མ་དང་མི་དགེ་བ་ཤ་སྟག་ཡིན་པ་འགྲོ་མིའི་བྱུང་རབས་ཀྱིས་གསལ་བོར་བཟོས་ཡོད་ན། འདིར་རྒྱུ་མཚན་དང་གནས་ལུགས་མང་དུ་འདྲེན་པའི་ངལ་བ་མི་བསྟེན།
རང་དབང་ནི་བདེན་པ་དང་དགེ་བ་ཡིན། བདེན་པ་དང་དགེ་བའི་དོན་དུ་བློ་གྲོས་ཀྱི་འཇུག་པ་ཡངས་པ་དག་རྩོད་ཀྱི། གཞན་དུ་ན་རྩོད་པ་ལ་སྙིང་བོ་མེད། རྩོད་པའི་སྙིང་བོ་ནི་བདེན་པ་བདར་བ་དེ་རེད། བདེན་པ་ལོགས་སུ་བསྐྱུར། རྩོད་པ་གཞན་དུ་བྱེད་ན། དཀྱུ་ས་བོར་བའི་རྟ་རྒྱུགས་དང་འདྲ། མི་རྣམས་བདེན་པའི་དོན་དུ་རྩོད་པར་འཇུག་པ་ལ། རང་དབང་རིས་སུ་མ་བོར་བ་ཞིག་དགོས། གཞན་གྱི་རང་དབང་ཐེད་དུ་བོར་ནས། ང་རྒྱལ་བར་བྱའོ་སྙམ་པ་དག་ནི། བདེན་པ་རྩོད་པའི་ལུགས་མ་ཤེས་པ་ཡིན། དེ་དག་གིས་གཞན་གྱི་རང་དབང་ལ་རྡོག་བརྫིས་བཏང་བ་དང་མཉམ་དུ་རང་གི་རང་དབང་ཤོར་བ་ཡིན་ལ། བདེན་པའི་དོན་ཡང་བོར་བ་ཡིན། བདེན་པ་དང་རང་དབང་ནི་ཆུ་དང་འོ་མ་འདྲེས་པ་བཞིན་གནས་པས། སུ་ཡང་རྐྱ་བཀར་བའི་སྐབས་མེད་དོ།།
གཞན་ལ་མི་འཚེ་བའི་སྒོ་ནས། རང་གི་བྱ་བའི་བླང་དོར་ལ་འཇུག་ལྡོག་བྱེད་པ་གང་ཞིག གཞན་གྱི་དབང་འོག་ཏུ་མི་འགྲོ་བའི་སྐབས་སུ། དེ་ཉིད་རང་དབང་དུ་གནས་པ་ཡིན། སྐྱེ་བོ་སུ་ཞིག་རང་དབང་གི་ངང་ནས་འཇིག་རྟེན་གྱི་ཚུལ་ལ་གནས་པ་ན། དེས་གཞན་ཐམས་ཅད་རིས་སུ་མེད་པར་རང་དབང་དུ་གནས་པ་ལ་གྲོགས་བྱེད། ཡུལ་དུས་དེ་ལྟ་བུ་དག་ལ། ཐམས་ཅད་ཀྱིས་གནས་ལུགས་ལ་བརྩི་ཞིང་སྒྲིག་སྲོལ་ལ་གནས་པས། བཟོད་པ་སྒོམ་པའི་ཡུལ་མེད། བཟོད་པ་དང་དཀྱེལ་ཡངས་སོགས་ནི་མི་རྣམས་རང་དབང་གི་ངང་ལས་འདས་ཤིང་། ཕན་ཚུན་རྩོད་ཉོག་གིས་དུས་འདའ་བའི་སྐབས་སུ་དགོས་པར་བཤད་མོད། དོན་ལ་དེ་ནི་རང་དབང་དང་བདེན་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་འདུག བཟོད་པའི་དོན་དུ་བདེན་པ་དང་རང་དབང་ལོགས་སུ་བསྐྱུར་བ་ནི་བློ་གྲོས་ཅན་དག་གི་ལས་མ་ཡིན་ནོ།། བློ་གྲོས་དང་ལྡན་པ་དག་ནི་བདེན་པ་དང་རང་དབང་གི་དོན་དུ་གཅེས་པའི་སྲོག་ཀྱང་འདོར་གྱི། འདི་ཙམ་བཟོད་པར་བྱའོ་ཞེས་མི་དགེ་བ་ཅི་ཞིག་དང་དུ་ལེན་པ་འོས་མ་ཡིན་ནོ།། ནུབ་ཕྱོགས་པའི་བཟོད་པའི་རིག་གནས་འདི་ཆོས་ལུགས་གྲུབ་པའི་རྩོད་ཉོག་ལ་གཟས་ཏེ་བྱུང་། མི་རྣམས་དབང་ཆའི་རྩོད་ཉོག་གིས་མགོ་ན་བར་བྱས་པའི་སྐབས་སུ། ཕན་ཚུན་ལ་བཟོད་པ་སྒོམ་རྒྱུ་འདི་གལ་ཆེའོ་ཞེས་བསྒྲགས་ཤིང་། ཐབས་ཟད་འུ་ཐུག་གི་ལམ་ཁ་འདི་ཀུན་གྱིས་དང་དུ་བླངས་པའང་སྟེས་དབང་གིས་མིན་ནོ།། ཡིན་ནའང་། འདི་ཉིད་བདེན་པ་མཐར་ཐུག་ཅིག་མིན་ནོ།། སྐབས་འདིར། མི་རྣམས་རང་དབང་གི་འཇུག་ལྡོག་ལ་ངེས་ཆ་རྙེད་ཅིང་། རང་དབང་གི་དགོངས་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ཡིན་ན། གྲུབ་མཐའི་རྩོད་ཉོག་ཐམས་ཅད་རང་སར་ཞི་ཞིང་། བཟོད་པ་དང་དཀྱེལ་ཡངས་ཞེས་པའང་ངང་ངམ་ཤུགས་ཀྱིས་འབྱུང་། ཡང་བསམ་དགོས་པ་འདི་འདྲའང་ཡོད་དེ། ནུབ་ཕྱོགས་པ་དེ་ཚོས་བཟོད་པའི་དྲིན་ལ་རྩོད་ཉོག་སེལ་བ་ཡིན་སྙམ་ན་མིན་ཏེ། དོན་ལ་ཁོ་རང་ཚོས་རང་དབང་གི་རིན་ཐང་རྙེད་དེ་སོ་སོའི་རང་དབང་ལ་བརྩིས་ཤིང་སྲུང་བས། མཐར་རྩོད་ཉོག་ཐམས་ཅད་རང་སར་ཞི་བ་ཡིན། གལ་ཏེ། ཁོ་རང་ཚོས་རང་དབང་གི་རིན་ཐང་ལ་ངེས་ཆ་མ་རྙེད་པ་ཡིན་ན། བཟོད་པ་ཙམ་གྱིས་ནུབ་ཕྱོགས་ཀྱི་ཤེས་རིག་བསྐྲུན་ཐབས་མེད་པ་ང་ཚོ་རང་གི་ངོས་ནས་གསལ་ཁ་འཕྲོད། འཛམ་གླིང་ཧྲིལ་བོར། བཟོད་པའི་རིག་གནས་འདི་ང་ཚོ་ལས་ལྷག་ཅིག་གཞན་ལ་མ་དར་བ་ཡིན་མོད། ང་ཚོར་ད་ལྟ་ད་དུང་ཡང་རང་དབང་གི་རིན་ཐང་ལ་ངེས་ཆ་ག་ཙམ་ཡོད་པ་རྟོགས་པར་གྱིས།
རྒྱ་ནག་གི་བསམ་བློའི་རིག་གནས་ལ་ཤན་སྟོབས་ཤིན་ཏུ་ཆེ་བའི་ཧུའུ་ཧྲི་ལགས་ཀྱིས། རང་དབང་དང་བཟོད་པ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ། བཟོད་པ་ནི་རང་དབང་ལས་ཀྱང་གལ་ཆེ་བའི་ཚུལ་གསུངས། དེ་ལ་ད་ལྟ་ད་དུང་ཡང་རྒྱ་བོད་གཉིས་ཀྱི་མཁས་པ་མང་པོས་བསྟོད་པའི་མཐེ་བོང་བསྒྲེངས། ལུའུ་ཞུན་དང་ཁོ་གཉིས་དབར་གྱི་རྩོད་པ་དང་། ཁོས་ལུའུ་ཞུན་ལ་བཟུང་བའི་རྣམ་འགྱུར་གྱིས། (འདིའི་སྐོར་གྲོགས་མེ་སོན་ལགས་ཀྱིས་བྲིས་པའི<<དཀྱེལ་ཡངས་གླེང་བ>>ཞེས་པར་གཟིགས།) ཁོང་གིས་ལུའུ་ཞུན་གྱིས་རྩོད་པ་ནི་གནས་ལུགས་ཡིན་གྱི་ཧུའུ་ཧྲི་ཁོ་རང་མིན་པའི་བདེན་པ་དང་། གནས་ལུགས་རྩོད་པའི་རང་དབང་ནི་སྐྱེ་བོ་ཐམས་ཅད་ལ་རིས་མེད་དུ་ཡོད་པའི་ཐོབ་ཐང་ཡིན་པ་གསལ་བོར་རྟོགས་ཡོད་པ་འདྲ་མོད། ཁོང་གིས་སྔར་བཞིན་བཟོད་པ་ནི་རང་དབང་ལས་ཀྱང་གལ་ཆེའོ་གསུངས་པ་འདིའི་དགོངས་པ་ཁོ་བོས་རྟོགས་དཀའ། རང་རེ་རྣམས་ད་དུང་འདི་ཉིད་གལ་ཆེན་དུ་གསུངས་པ་དེ་ཁོ་བོས་དེ་ལས་ཀྱང་རྟོགས་དཀའ། གནད་འགག་གི་སྐབས་སུ། ཧུའུ་ཧྲི་ལགས་ནས་རང་དབང་གི་བདེན་པ་མཐར་ཐུག་དོར་ནས་རུང་བསྟུན་གྱི་ལས་ཀ་ཁུར་དུ་བླངས་པ་འདི་ཨ་མཚར། གཅིག་ཏུ་ན། འགག་ལ་ཕྲད་ན་མགོ་བོ་སྒུར་འགྲོ་བའི་རྒྱ་ནག་རིག་གནས་དེ་ཧུའུ་ཧྲི་ལགས་ཀྱི་རུས་རྐང་ནས་དོར་མེད་ཀྱང་སྲིད་ལ། གཞན་དུ་ན། ཁོང་གི་དགེ་རྒན་ཏུའུ་ཝེ་ནས། “རང་དབང་ནི་སྟོབས་ཤུགས་ཤིག་སྟེ། སྦྱོར་བ་ངེས་ཅན་ཞིག་རྩོམ་སྐབས་ཀྱི་ནུས་ལྡན་སྟོབས་ཤུགས་ཤིག་གོ”ཞེས་པ་བཞིན། ཧུའུ་ཧྲི་ལགས་ཀྱིས་ཀྱང་རང་དབང་གི་ངོ་བོ་མཐར་ཐུག་དེ་རྙེད་མེད། རང་དབང་དེ་སྟོབས་ཤུགས་ཤིག་ཏུ་འཁྲུལ་བའི་རྒྱུ་མཚན་གྱིས། རྒྱ་ནག་གི་ལྔ་བཞིའི་ལས་འགུལ་ཡང་སྟོབས་ཤུགས་ཤིག་ཏུ་གྱུར་ཅིང་། རིགས་སུ་མཐུན་པ་གྲོགས་སུ་སྦྲན་ནས་གཞན་དག་ཚར་གཅོད་པའི་ལས་ལ་ཞུགས། ཧུའུ་ཧྲི་ལགས་ཀྱིས་བསྐྱུར་བའི་རང་དབང་གི་ས་བོན་ད་ལྟ་ད་དུང་ཡང་རྒྱ་ནག་གི་ཞིང་སར་མ་སྨིན་ཞིང་། ཁོང་གི་བཟོད་སྒོམ་གྱི་རྨི་ལམ་མཐའ་དག་ཀྱང་འདི་ནས་མཇུག་བསྒྲིལ་བ་ཡིན་ནོ།།
ལར“རང་དབང་ནི་འཚོ་གནས་ཀྱི་རྣམ་པ”ཞིག་ཡིན་གྱི། “ནུས་ལྡན་གྱི་སྟོབས་ཤུགས་”ཤིག་ནི་མ་ཡིན་མོད། ཁ་ཅིག་གིས་རང་དབང་ནི་སྟོབས་ཤུགས་ཤིག་ལ་འཁྲུལ་ཏེ། ཧྥ་རན་སིའི་གསར་བརྗེ་ཆེན་མོ་དང་བཅས་པ་ཁྲག་གི་འཁོར་ལོ་རིང་དུ་བསྐོར། “རང་དབང”གིས་རང་དབང་འཇོམས་པའི་སྦྱོར་བ་མང་དུ་བཤམས། ཧུའུ་ཧྲི་ལགས་ནས་ཀྱང་རང་དབང་ནི་སྟོབས་ཤུགས་ཤིག་ལ་འཁྲུལ་ཞིང་། སྟོབས་ཤུགས་དེའི་ཕར་རྒྱབ་ཀྱི་དམར་པོ་ཁྲག་གི་འཁོར་ལོ་ལ་འཇིགས་ཏེ། རང་དབང་ལས་ཀྱང་བཟོད་པ་གལ་ཆེའོ་གསུངས་པ་ཡིན་ཤག་འདུག རང་དབང་གི་གོ་བ་ཕྱིན་ཅི་ལོག་ཏུ་སོང་བ་འདིས། ལམ་ཁ་ཐམས་ཅད་རང་དབང་དང་བྲལ་བའི་གནས་སུ་འཐེན་པས། རང་དབང་གི་གོ་བ་གནད་དུ་འགྲོ་བ་ཞིག་གལ་ཆེ་མོད། རང་ཅག་ཧུའུ་ཧྲི་དང་བཅས་པའི་ལམ་ཁ་འདིར་ཞུགས་པ་ཤིན་ཏུ་འཇིགས།
ཇི་ཙམ་རང་དབང་དང་ཉེ་བར་བཅར་བ་དེ་ཙམ་གྱིས་འཇིག་རྟེན་གྱི་བདེན་པ་མཐའ་དག་གསལ་བོར་ངེས་ཤིང་། ཇི་ཙམ་རང་དབང་དང་རིང་དུ་གྱེས་པ་དེ་ཙམ་གྱིས་ལེགས་ཚོགས་ཐམས་ཅད་ཐལ་བའི་རྡུལ་དུ་གཏོང་། དེས་ན། རང་རེས་རང་དབང་གི་གོ་བ་ཕྱིན་ཅི་མ་ལོག་པར་རྙེད་པ་གལ་ཆེ་ཡི། བཟོད་པ་དང་དུ་ལེན་པ་དོན་ཆུང་དུ་སྙམ་མོད། གཞན་དུ་ནོར་འཁྲུལ་ཅི་ཡོད་མཐོལ་ལོ་བཤགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།