༄༅། །ལྷར་བཅས་འགྲོ་བ་ཡོངས་ཀྱི་མགོན་དཔུང་གཅིག་པུ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། འཛམ་གླིང་ཐུབ་པའི་རྒྱལ་ཚབ་ཆེན་མོ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༩ ཧྲིལ་བོར་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྐལ་བཟང་རྫོགས་ལྡན་གཞོན་ནུའི་དུས་སྟོན་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། ༸སྐུའི་གསང་གསུམ་ལ་ཉེ་ཞོ་ཕྲ་མོས་ཀྱང་མ་རེག་པར། ཞབས་པད་རྡོ་རྗེའི་ཁྲི་འཕང་མཐོན་པོར་བསྐལ་བརྒྱར་བརྟན་ཞིང་། ཀུན་ཕན་རླབས་ཆེན་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་བདེ་བླག་མྱུར་འགྲུབ་འབྱུང་བའི་སྨོན་འདུན་ཤུགས་དྲག་ཞུ་ཞུ་ཞུ།
༼ཤིས་ཚིག༽
སྐུ་མཚན་དཔེའི་ཉི་གཞོན་སྐྱེ་རྒུའི་མགོན་དུ་བརྟན། །
གསུང་ཚངས་དབྱངས་བདུད་རྩིའི་དྲི་ཆར་བར་མེད་འཇོ། །
ཐུགས་ཀུན་ཁྱབ་མཁྱེན་བརྩེས་འགྲོ་དྲུག་བུ་བཞིན་སྐྱོང་། །
ལྷ་ཕྱག་ན་པདྨོའི་ཐུགས་བཞེད་མྱུར་འགྲུབ་ཤོག །
ཅེས་གསེར་རྟའི་དྲ་རྒྱའི་རྩོམ་སྒྲིག་ཁང་གིས་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་གཞིས་བྱེས་ཡོངས་ཀྱི་ཚབ་ཞུས་ཏེ། བོད་རྒྱལ་ལོ་ ༢༡༥༡ བོད་རབ་གནས་ཤིང་འབྲུག་ལོའི་ཟླ་ ༦ པ་སྟེ། ཆུ་སྟོད་ཟླ་བའི་ཚེས་ ༡ དང་། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༧ ཚེས་ ༦ ཉིན་ལེགས་པར་སྤེལ་བ་དགེའོ།། །།