གནའ་བོའི་གྷི་རིགས་ཀྱི་བཟོ་རྩལ།

སྒོ་ཤེས་རབ་རྒྱ་མཚོ།

ཕྱི་ལོ་མ་ཚུགས་སྔོན་གྱི་ལོ326ཡས་མས་སུ་མ་སི་དོ་ཉི་ཡའི་རྒྱལ་སྲས་ཨེ་ལེག་ཟན་ཏར་ཏེ་རྒྱ་ནག་སྐད་དུ亚历山大ཞེས་འབོད་པ་དེས་སྣེ་དྲངས་པའི་གྷི་རིགས་ཀྱི་དམག་དཔུང་རྒྱ་གར་གྱི་ཆུ་བོ་གངྒའི་བར་དུ་སླེབས་། གྷི་རིགས་ཀྱི་དམག་སླེབས་པ་ཙམ་མ་ཡིན་པར་དེ་དག་གི་ཤེས་རིག་ཀྱང་དུས་མཚུངས་སུ་རྒྱ་ཆེར་དྲངས་ཏེ་འོངས། སྐབས་དེར་གྷི་རིགས་ཀྱི་དབང་རིས་ཡོ་རོབ་ཀྱི་རྒྱལ་ཁབ་མང་ཆེ་བར་ཁྱབ་ཅིང་ཤར་ཕྱོགས་སུ་བསྐྱེད་པ་དེ་ལ་ལོ་རྒྱུས་སྨྲ་བ་ཚོས“གྷི་རི་སི་རིང་ལུགས་ཀྱི་དུས་རབས”དང་ཡང་ན“གྷི་རི་སི་ཅན་དུ་བསྒྱུར་པའི་དུས་རབས”ཞེས་བརྗོད། དེ་ལ་རྒྱ་ནག་སྐད་དུ“希腊主义时代”དང་ཡང་ན“希腊化时代”ཟེར། འདིར“བསྒྱུར”ཅེས་པ་ནི་དྲག་ཤུགས་ཀྱི་དབང་བསྒྱུར་ཙམ་ལ་གོ་བ་ནི་མ་ཡིན་པར། གཙོ་བོ་གྷི་རིགས་ཀྱི་ཤེས་རིག་ཅན་དུ་བསྒྱུར་པའམ་ཡང་ན་གྷི་རིགས་ཀྱི་ཤེས་རིག་སྤེལ་བའི་དུས་རབས་སུ་གོ་ཡི་ཡོད། དེ་ཡང་གྷི་རིགས་ཀྱི་གནའ་བོའི་དཔལ་འབྱོར་སྲོལ་ལུགས་དང་། མཚན་ཉིད་རིག་པ། ལག་ཤེས་སྒྱུ་རྩལ་ལ་སོགས་ཤུགས་ཆེར་སྤེལ་བ་ལ་ཟེར།

ཕྱི་ལོ327ལོར་རྒྱལ་པོ་ཨ་ཤོ་ཀ་ཕྱི་མ་སྟེ་ང་ཚོས་ཆོས་རྒྱལ་མྱ་ངན་མེད་ཅེས་འབོད་པ་དེས་གྷི་རིགས་ཀྱི་དམག་ཤུགས་རྒྱ་གར་ཡུལ་དབུས་ནས་བསྐྲད་དེ་མོརྱའི་རྒྱལ་རབས་ཀྱི་དབང་ཤུགས་ཇེ་བཙན་ཇེ་བརྟན་དུ་བཏང་བར་གྲགས།

ཨེ་ལེག་ཟན་ཏར་ཁོ་རང་རྒྱ་གར་ཡུལ་དབུས་སུ་ལོ་གཉིས་ཙམ་ལས་མ་བསྡད་ཀྱང་། གྷི་རིགས་ཀྱི་སྟོབས་ཤུགས་རྒྱ་གར་བྱང་ཕྱོགས་སུ་ལོ་བཅུ་ཕྲག་རིང་གནས་པར་བཤད། གྷི་རིགས་ཀྱིས་དྲངས་འོངས་པའི་ཤེས་རིག་གི་རྒྱུན་ནི་རྒྱ་གར་དུ་ལོ་ཉིས་བརྒྱའི་རིང་གནས་པར་མ་ཟད་ཤན་ཤུགས་ཀྱང་ངེས་ཅན་ཐེབས་སོང་ལ། ལྷག་པར་དུ“དྲི་ཟའི་སྒྱུ་རྩལ”ཞེས་སྐད་གྲགས་འཛམ་གླིང་དུ་ཆོད་པ་དེ་ཡང་གྷི་རིགས་ཀྱི་ཤན་ཤུགས་ལ་བརྟེན་ནས་བྱུང་བ་རེད་ཅེས《འཛམ་གླིང་ཤེས་རིག་འཕེལ་བའི་ལོ་རྒྱུས》སུ་བཤད།

དེས་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་རིང་ལ་གློ་བུར་དུ་རྡོ་བརྐོས་སོགས་སྣང་བརྙན་སྒྱུ་རྩལ་རྒྱ་གར་དུ་ཁྱབ་ཆེར་དར་ཞེས་བཤད་སྲོལ་ཡོད་པ་དེ་དང་གྷི་རིགས་ཀྱི་ཤེས་རིག་རྒྱ་གར་དུ་དར་བའི་བར་ལ་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པ་ནི་ངང་གིས་ཤེས་འོང་། རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར། གྷི་རིགས་ཀྱི་གནའ་བོའི་རྡོ་བརྐོས་སྣང་བརྙན་བཟོ་རྩལ་ནི་དངོས་གནས་ཧ་ལས་པ་ཡིན་ཚུལ་ཡོངས་གྲགས་ཡིན་ན་སྐབས་དེར་རྒྱ་གར་ལ་གྷི་རིགས་ཀྱི་སྣང་བརྙན་བཟོ་རྩལ་གྱི་ཤན་ཤུགས་ཐེབས་ཡོད་པ་རིགས་པས་དེད་ན་ཤེས་ཐུབ།

ང་ཚོས་མྱ་ངན་མེད་ཀྱི་རིང་གི་ཡིན་ཞེས་པའི་རྡོ་བའི་ཀ་བ་སེང་མགོ་ཅན་དེའི་འདྲ་པར་ལ་བལྟས་ན་དེ་ནི་གནའ་བོའི་གྷི་རི་སིའི་བཟོ་རྩལ་མངོན་གསལ་དུ་གྲུབ་པ་ཞིག་ཏུ་མཐོང་། དེས་མི་ཚད་ད་དུང་དཔང་རྟགས་ཤིག་ཡོད་པ་ནི། རྒྱ་ནག་གི河南ཞིང་ཆེན་གྱི“龙门石窟”ཞེས་པ་དེར་གནས་པའི་རྡོ་བརྐོས་ཀྱི་སྟོན་སྐུ་ཆེན་པོ་དེའི་བཟོ་སྟངས་ལ་གྷི་རིགས་ཀྱི་སྒྱུ་རྩལ་ཁྱད་ཆོས་ཡོད་པ་དང་། ལྷག་པར་དུ་ཞལ་གྱི་དབང་བོའི་ཆ་ཚད་ནི་གྷི་རི་སིའི་གནའ་བོའི་རྡོ་སྐུའི་ཆ་ཚད་འཇལ་སྟངས་ལྟར་བྱས་འདུག་ཅེས་རྒྱ་ནག་གི་མཁས་པ་ཚོས་བཤད་ཀྱིན་ཡོད་པ་རེད། སྟོན་སྐུ་ཆེན་པོ་དེ་ནི་གནའ་རབས་སུ་རྒྱ་གར་གྱི་བཟོ་བོ་གདན་དྲངས་ཏེ་བཞེངས་པ་རེད་ཅེས་རྒྱའི་ལོ་རྒྱུས་ཚད་ལྡན་འགའ་རེ་ལས་ངས་མཐོང་བྱུང་། འོན་ཀྱང་དེང་སང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་དུ་འཕགས་པའི་བཟོ་རྩལ་ཡིན་ཞེས་ལོ་རྒྱུས་དེབ་ཆུང་དང་བྱིས་པའི་སློབ་དེབ་སོགས་གང་སར་འུད་ཆེན་པོས་སྒྲོག་གིན་འདུག ལོ་རྒྱུས་དངོས་གཡུག་བཞག་སྟེ་མིག་སྔར་གྱི་དགོས་མཁོ་ལྟར་བཤད་ཀྱིན་ཡོད་པ་རེད།

རྒྱ་ནག་ལ་རྡོ་བརྐོས་སྒྱུ་རྩལ་དར་སྔ་བ་ཁོ་ཐག་ཡིན་ངེས། འོན་ཀྱང་སྟོན་སྐུ་དེ་རྒྱ་ནག་གི་བཟོ་བོའི་བཟོ་ལུགས་མིན་པ་ང་ཚོས་ཟི་ཁྲོན་ལོ་ཧྲན་གྱི་རྡོ་བརྐོས་བྱམས་པ་དང་བསྡུར་ན་གསལ་པོ་རེད། གང་ལྟར་དེ་ལས་ཀྱང་གནའ་བོའི་རྒྱ་གར་གྱི་ལག་ཤེས་སྒྱུ་རྩལ་དང་གྷི་རིགས་ཀྱི་ཤེས་རིག་བར་འབྲེལ་བ་དམ་ཟབ་ཡོད་པ་ང་ཚོས་ཤེས་ཐུབ། གཞན་ཡང་གནའ་རབས་གྷི་རི་སིའི་སྣང་བརྙན་ལ་ཚད་ལྡན་གྱི་ཆ་ཚད་བགོ་སྟངས་ཡོད་པ་རེད། དེ་ལ་རྒྱ་ནག་སྐད་དུ“黄金分割律”ཟེར། དེ་ནི་ང་ཚོ་བོད་ཀྱི་བཟོ་བོ་སྨན་བླ་དོན་གྲུབ་ཀྱིས་གཏན་ལ་ཕབ་པའི་ལྷ་སྐུའི་ཐིག་རྩ་ལྟ་བུ་རེད། འོན་ཀྱང་དེ་གཉིས་འདྲ་བ་རེད་ཟེར་བ་ནི་གཏན་ནས་མིན།

ད་དུང་། རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་དུ། ཉི་མར་རྟ་བདུན་དབང་པོ་དང་། འདོད་ལྷར་མེ་ཏོག་མདའ་ཞེས་བྱུང་བ་སོགས་དང་འདྲ་བར། གནའ་བོའི་གྷི་རིགས་ཀྱི་ལྷ་སྒྲུང་ལས་ཀྱང་། ཉི་མའི་ལྷ་ནི་རྟ་མཆོག་འགའ་ཞིག་གིས་དྲུད་པའི་ཤིང་རྟ་ལ་བཞུགས་པར་སྨྲ་ཞིང་། འདོད་ལྷ་མེ་ཏོག་མདའ་ཅན་ཞིག་གསལ་བ་ལྟ་བུ་ངོ་མཚར་བ་སྣ་ཚོགས་མཐོང་རྒྱུ་འདུག

གང་ལྟར་དེ་དག་དང་འབྲེལ་ཏེ་ངས་འདིར་ནན་ཏན་དུ་བཤད་འདོད་པ་ནི། ལོ་རྒྱུས་དུས་སྐབས་དམིགས་བསལ་བ་དེའི་ནང་དུ་རྒྱ་གར་དང་གྷི་རིགས་ཀྱི་མཚན་ཉིད་རིག་པ་དང་ལག་ཤེས་སྒྱུ་རྩལ་སོགས་ཤེས་རིག་སྣ་ཚོགས་བར་ཕན་ཚུན་ཤན་ཤུགས་ཐེབས་མྱོང་བ་གཏན་ཁེལ་ཡིན་ན། ཤར་ཕྱོགས་མཚན་ཉིད་རིག་པའི་མགོ་ཁུངས་གནའ་བོའི་རྒྱ་གར་དང་། ནུབ་ཕྱོགས་མཚན་ཉིད་རིག་པའི་མགོ་ཁུངས་གྷི་རི་སིའི་བར་དུ་མཚན་ཉིད་ཀྱི་ལྟ་གྲུབ་ཕན་ཚུན་སིམ་འདྲེས་མེད་པ་མི་སྲིད་པས། དེ་ལ་ང་ཚོས་བརྟག་དཔྱད་དང་ཞིབ་འཇུག་ངེས་པར་བྱ་དགོས་སྙམ་གྱི་འདུག དེ་ནི་ང་ཚོ་བོད་ཀྱི་ཤེས་རིག་གི་མགོ་ཁུངས་འཚོལ་བར་ངེས་པར་བསམ་བློ་གཏང་དགོས་ས་ཞིག་རེད་སྙམ། དེའི་སྐོར་ད་སྔ་ཚང་མས་དོ་སྣང་བྱེད་ཀྱི་མེད་ཚོད་རེད།

ཡོང་ཁུངས།《ཧི་མ་ལ་ཡའི་ཕར་ཚུར》ལས་བཤུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།